ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

རྒྱ་བོད་ཡིག་སྒྱུར་གྱི་ཐབས་ལམ་འགའ་གླེང་བ།

སྤེལ་དུས 2022-02-08 ཡོང་ཁུངས། བོད་ཀྱི་སློབ་གསོ། རྩོམ་པ་པོ། བན་དེ་བཀྲ་ཤིས།
[གནད་བཏུས] རྒྱ་བོད་ཡིག་སྒྱུར་སྐབས་སུ་གཅིག་ནས་སྔར་ཡོད་ཐ་སྙད་བཀོལ་དགོས་པ་དང་། གཉིས་ནས་བརྡ་སྤྲོད་གོམས་སྲོལ་དང་བརྡ་སྤྲོད་ཀྱི་གཞུང་ལ་བསྟུན་དགོས་པ། གསུམ་ནས་མ་རྩོམ་གྱི་རྩོམ་ཉམས་ཇི་བཞིན་དུ་ཐོན་ཆེད་སྣོན་སྒྱུར་དང་འཕྲི་སྒྱུར་སོགས་ཀྱི་ཐབས་ཅི་རིགས་སྤྱོད་དགོས་པར་མ་ཟད། ད་དུང་མི་རིགས་རང་རང་གི་རིག་གནས་དང་བསམ་ཁྱེར་ལའང་གཟབ་སྟེ་ཚིག་དོན་དང་རྩོམ་ཉམས་ཇི་བཞིན་དུ་ཐོན་པར་འབད་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
[གནད་ཚིག] རྒྱ་བོད་ཡིག་སྒྱུར། རང་སྐད་ཀྱི་བརྡ་སྤྲོད་གོམས་སྲོལ། སྒྱུར་ཐབས། མི་རིགས་རང་རང་གི་བསམ་འཁྱེར།
          ལོ་ཙཱ་ཞེས་པ་བོད་སྐད་དུ་བསྒྱུར་ན་འཇིག་རྟེན་མིག་ཅེས་པའི་དོན་ཡིན། དེ་ནི་མི་རིགས་རང་གི་སྐད་ཡིག་དང་མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་ལོ་ཙཱ་པས་མི་རིགས་གཞན་གྱི་ཕུན་སུམ་ཚོགས་པའི་རིག་གནས་རང་སྐད་དུ་བསྒྱུར་བ་དེས་རང་མི་རིགས་ཀྱི་རིག་གནས་གོང་འཕེལ་ལ་ནུས་པ་ཆེན་པོ་ཐོན་པ་དང་། མཐོང་རྒྱ་ཐོས་རྒྱ་བློ་རྒྱ་བསྐྱེད་པས་མིང་དེ་ལྟར་བཏགས་པ་རེད། ལོ་ཙཱ་ལ་བསྒྱུར་བྱའི་མ་རྩོམ་གྱི་བརྗོད་བྱ་རྗོད་བྱེད་ལ་གོ་བ་ཡང་དག་ལོན་པ་དང་། འགྱུར་གྱི་རྗོད་པ་བདེ་ཞིང་སྔ་ཕྱི་འབྲེལ་ཆགས་པ། བརྗོད་བྱ་མ་ནོར་བར་བརྡ་སྤྲོད་དགོས། དེར་གསར་བཏོད་རང་བཞིན་དང་སྒྱུ་རྩལ་རང་བཞིན་གཉི་ག་ལྡན་དགོས་པས། མི་ལ་ལས་ལོ་ཙཱའི་བྱ་བ་ནི་ཚན་རིག་ཅིག་ཡིན་ལ་སྒྱུ་རྩལ་ཞིག་ཀྱང་ཡིན་ཟེར།
          འདིར་བདག་གིས་ལོ་ངོ་འགའི་རྒྱ་བོད་ཡིག་སྒྱུར་བྱ་བའི་ཁྲོད་ཐོབ་པའི་ཉམས་མྱོང་འགའ་ཡིག་སྒྱུར་ལོ་ཙཱ་པ་དག་ལ་ཕན་དུ་རེ་བའི་ལྷག་བསམ་གྱིས་རགས་ཙམ་བརྗོད་ན།
དང་པོ། དོན་སྒྱུར་སྐབས་སྔར་ཡོད་ཐ་སྙད་བཀོལ་བར་འབད་དགོས།
          སྔར་ཡོད་ཐ་སྙད་ཅེས་པ་ནི་བོད་རང་གི་རིག་གཞུང་སྤྱི་གཙོར་བྱས་པའི་འཚོ་བའི་ཁྲོད་བེད་སྤྱོད་རྒྱུན་འབྱམས་སུ་གྱུར་ཡོད་པའི་ཐ་སྙད་དེ་དག་ལ་ཟེར་བ་ཡིན། སྔར་ཡོད་ཐ་སྙད་དག་ནི་བོད་ཀྱི་མིང་བརྡ་གྲུབ་ལུགས་དང་མཐུན་ཞིང་། མ་འདྲེས་པ། ཚུགས་ཐུབ་པ། སྤྱོད་བདེ་བ། དོན་གསལ་བ་སོགས་ཀྱི་ཁྱད་ཆོས་ཡོད། དེང་གི་རྒྱ་བོད་ཡིག་སྒྱུར་ཁྲོད་བོད་སྔ་རབས་ཀྱི་བརྩམས་ཆོས་དང་དམངས་ཁྲོད་དུ་གཏན་ཆགས་སུ་གྱུར་ཡོད་པ་དེ་དག་མུ་མཐུད་དུ་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེ་འདོད། དཔེར་ན“གསའ(雪豹)”ལ“གངས་གཟིག”ཏུ་བསྒྱུར་བ་དང་། “ཆིངས་གཡེལ(违约)”ལ“ཆིངས་ཡིག་དང་འགལ་བ”“གཡའ་ཤིང(枫树)”ལ“ཤིང་ཧྥུང་ཧྲུའུ”“ཡང་གསང(绝密)”ལ“གསང་བ་ཆེན་པོ”“ཆུན་མ(纳妾)”ལ“ཆུང་མ” “ཁྲུང་ཞབས་མ(配酒女)”ལ“ཆང་སྡེབ་མ”“རེག་ཟིག(见闻拾萃)”ལ“མཐོང་ཐོས་ཟིན་ཐོ”“ལག་ག(小羊)”ལ“ཆུང་ལུག”“མ་མོ(母羊)”ལ“མོ་ལུག”“རྒྱ་སྒོ(大门)”ལ“སྒོ་ཆེན”“རྒྱ་ལ(万一)”ལ“གལ་ཏེ”“ཤ་རྒོད(肌肉)”ལ“ཤ་གནད”ཅེས་བསྒྱུར་བ་ལྟ་བུ་སོགས་ཧ་ཅང་མང་པོ་ཡོད། སྤྱིར་གསར་བྱུང་བྱ་དངོས་ཤིག་ལ་དེ་དག་གི་འབྲེལ་ཡོད་ཐ་སྙད་གདོད་མའི་དུས་ནས་ཡོད་པའི་མི་རིགས་གཅིག་ཀྱང་མེད་པས། ཚང་མས་ལོ་ཙཱའི་སྐབས་སྔོན་ཆད་བྱུང་མ་མྱོང་བའི་བྱ་དངོས་གསར་བ་དག་ལ་རང་སྐད་དང་འཚམ་པའི་མིང་བརྡ་གསར་བ་རེ་རེ་བཞིན་གསར་བཟོ་བྱས་ཏེ་རིམ་པ་བཞིན་དུ་འཐུས་ཚང་དུ་གཏོང་རྒྱུ་ནི་མིང་བརྡ་འཕེལ་རྒྱས་གཏོང་བའི་ཆོས་ཉིད་དང་མཐུན་མོད། འོན་ཀྱང་དེ་དག་མཚོན་པའི་ཐ་སྙད་ཡོད་བཞིན་དུ་མི་བཀོལ་བར་གསར་དུ་བསྒྱུར་ན། རྗེ་ས་པཎ་གྱི་མཁས་འཇུག་ཏུ“བརྡ་སྤྲོད་པའི་མཁས་པ་དག་གིས། བརྡ་གསར་བ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན་གསར་བ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་བ་སྦྱར་ན། མ་རྟོགས་པ་དང་ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་རྒྱུ་ཡིན།”ཞེས་གསུངས་པ་བཞིན་གང་འདོད་འདོད་དུ་བཟོས་ནས་བཀོལ་ན། བོད་སྐད་ཀྱི་བརྡ་སྤྲོད་ལུགས་འདི་མཁས་དབང་དམུ་དགེ་བསམ་གཏན་ལགས་ཀྱིས“བོད་ཀྱི་ཡི་གེ་བཟང་བོ་འདི་དེང་སང་གི་ལོ་ཙཱ་པ་རྣམས་ཀྱིས་བརྫད་འདུག”ཅེས་གསུངས་པའང་དོན་ལ་མི་གནས་པ་ཞིག་མ་རེད་སྙམ།
          དེ་བས་ན་སྔར་ཡོད་ཐ་སྙད་འདི་དག་གཏན་ཆགས་སུ་གྱུར་ཡོད་ཀྱང་སྒྱུར་མཁན་གྱིས་རང་སྣང་གང་ཤར་གྱིས་སྒྱུར་བཅོས་བྱེད་པ་ནི་ཀུན་སློང་ག་འདྲ་ཞིག་ཡིན་པ་མི་ཤེས་ཀྱང་ངན་གོམས་འདི་དག་རྒྱུན་བསྐྱངས་ན། རང་སྐད་ཡིག་ཉམས་ཆག་གི་གཤེད་རོགས་སུ་འགྱུར་སྲིད་པས། ལོ་ཙཱ་པ་རྣམས་ཀྱིས་སྔོན་གྱི་ཡིག་ཚང་དང་ཡོངས་སུ་མཐུན་པའི་མིང་བརྡ་ཡོད་མེད་རྩད་གཅོད་དང་། ཚད་ལྡན་མིང་མཛོད་གཞིར་བཟུང་སྟེ། བོད་ཀྱི་ལུགས་དང་བསྟུན་ནས། བློ་མཆོག་དམན་ཀུན་གྱིས་གོ་སླ་བར་བྱ་རྒྱུ་གལ་ཆེ།
གཉིས་པ། བོད་རང་གི་བརྡ་སྤྲོད་གོམས་སྲོལ་ལྟར་བསྒྱུར་དགོས།
          འགྱུར་མ་ཚད་དང་ལྡན་ཞིང་མིང་དང་ཚིག་གི་སྦྱོར་བ་བརྡ་སྤྲོད་ཀྱི་གོམས་སྲོལ་ལ་མཐུན་དགོས་ན། ཡིག་འབྲུ་རེ་རེའི་ངོ་གདོང་དེད་ནས་རྡོ་ཆག་བཙན་སྒྲིག་ནང་བཞིན་བསྒྱུར་ཏེ། འགྱུར་མའི་ཚིག་སྦྱོར་གྱོང་བོ་དང་དོན་རྟོགས་དཀའ་བར་བཟོ་མི་རུང་ལ། ད་དུང་ཡི་གེའི་ངོ་གདོང་གི་དོན་ཁོ་ནར་བལྟས་ཏེ་བསྒྱུར་མི་རུང་བར་སྐད་ཆའི་གནས་སྐབས་ལས་ཤུགས་བསྟན་གྱི་གོ་དོན་དཔགས་ནས་མ་རྩོམ་གྱི་དོན་གྱི་ཆ་ལས་གཞན་ཉམས་ཀྱི་ཆའང་འཛིན་གང་ཐུབ་བྱེད་དགོས་པ་ཡིན། དེ་བས་ཡིག་སྒྱུར་ལོ་ཙཱའི་བྱ་བ་ལེགས་པོ་ཞིག་བསྒྲུབ་པར་རྒྱ་བོད་ཡིག་རིགས་གཉིས་ཀྱི་རྨང་གཞི་ལེགས་པོ་ཞིག་ལྡན་པས་མི་ཆོག་པར། རྒྱ་བོད་མི་རིགས་གཉིས་ཀྱི་བརྡ་སྤྲོད་གོམས་སྲོལ་དང་སྐད་ཆའི་བརྗོད་པ་ལའང་བྱང་ཆ་ཡོད་དགོས། ང་ཚོས་ཤེས་གསལ་ལྟར་ན། སྐད་ཡིག་ཚང་མའི་འཕེལ་རིམ་ནི་སྔོན་ལ་ཁ་སྐད་དང་། དེ་ནས་ཁ་སྐད་དེ་གཞིར་བཟུང་ནས་ཡི་གེར་འགོད་པ་ཡིན་པས། ཁ་སྐད་ཀྱི་བརྡ་སྤྲོད་སྟངས་དང་རྒྱུན་སྤྱོད་སྐད་ཆ། ཚིག་སྦྱོར་སྤེལ་སྟངས་སོགས་ལ་བྱང་ཆ་མེད་ན། མ་རྩོམ་གྱི་དོན་ལ་གོ་བ་གསལ་བོ་ལོན་ནའང་། དེའི་དོན་བརྗོད་བདེ་ཞིང་གོ་སླ་བ་དང་ཉམས་ལྡན་པའི་ཚིག་གིས་ཕ་རོལ་ལ་གོ་བརྡ་སྤྲོད་དཀའ་བ་ཡིན། དེ་བས་ཁ་སྐད་ཀྱི་བརྡ་སྤྲོད་སྟངས་ལ་བྱང་དགོས། དཔེར་ན་ཁ་སྐད་ཀྱི་བརྡ་སྤྲོད་སྟངས་ལ་བྱང་ཆ་མེད་པའི་མི་ཞིག་གིས“半藏半汉”ལ“ཕྱེད་བོད་ཕྱེད་རྒྱ”དང“黑白颠倒”ལ“ནག་དཀར་གོ་ལྡོག”དང“去不去”ལ“འགྲོ་མི་འགྲོ”ཞེས་བསྒྱུར་བ་དང་། “羊粪、狗粪、马粪”བཅས་ལ་ཚང་མར“ལུག་སྐྱག ཁྱི་སྐྱག རྟ་སྐྱག”བཅས་བསྒྱུར་བ་ལྟ་བུ། དེས་ན་ཁྱོད་ཀྱིས་སུམ་རྟགས་ཀྱི་གཞུང་ནས་ལུང་དྲངས་ཏེ་གང་དུ་མི་འགྲིག་པ་ཤོད་ཟེར་ན། དེ་བཤད་རྒྱུ་མེད་པ་རེད། དེ་བས་མི་རིགས་རང་རང་ལ་བརྡ་སྤྲོད་གོམས་སྲོལ་ཞིག་ཡོད་པ་དེ་བཞིན་དུ“རྒྱ་མ་བོད”དང“དཀར་ནག་གོ་ལྡོག”“ཨེ་འགྲོ”ཞེས་དང་། “རིལ་མ། ཁྱི་སྟུག རྟ་སྦང”ཞེས་བོད་སྐད་གཤའ་མ་ཞིག་ཏུ་བསྒྱུར་དགོས་པ་ལྟ་བུ་རེད།
          དེ་ལས་གཞན་ད་དུང་རྒྱ་སྐད་དང་བོད་སྐད་ཀྱི་ཚིག་རྐང་གི་གོ་རིམ་ཐད་ཁྱད་པར་ཅུང་ཆེན་པོ་ཡོད་པས། གོ་རིམ་བསྣོར་ནས་བསྒྱུར་དགོས་པའང་ཧ་ཅང་མང་པོ་ཡོད། གལ་ཏེ་མ་རྩོམ་དུ་དོན་དག་ཅིག་གི་བརྗོད་རིམ་གཏན་ཚིགས་ཀྱི་གོ་རིམ་ལྟར་བརྗོད་ཡོད་པ་དེ་བོད་སྐད་ཀྱི་ཚིག་རྐང་གི་གོ་རིམ་དང་ཕལ་ཆེར་མཚུངས་པ་ཡིན་ན་དེའི་གོ་རིམ་མ་བསྣོར་བར་ཐད་སོར་བསྒྱུར་ཆོག་པ་ནི། དཔེར་ན“我在西宁工作”ཞེས་པར“ངས་ཟི་ལིང་དུ་བྱ་བ་སྒྲུབ་ཀྱིན་ཡོད”ཅེས་བརྗོད་ཆོག་མོད། འོན་ཀྱང“吃饭” “讲文明” “注意学习”ཞེས་པ་ལྟ་བུ་རྒྱ་ཡིག་གི་བརྡ་སྤྲོད་ཚུལ་ལྟར་ན་བྱ་ཚིག་སྔོན་དུ་ཡོད་པ་དང་བྱ་བའི་ལས་རྗེས་སུ་ཡོད། བོད་སྐད་ལྟར་ན“ཟ་མ་བཟའ”“ཡ་རབས་ལ་དང་དོད་བྱེད”“སློབ་སྦྱོང་ལ་དོ་སྣང་བྱེད”ཅེས་བྱ་ཚིག་མཇུག་ཏུ་འགོད་པ་དང་བྱ་བའི་ལས་སྔོན་དུ་འགོད་པས་གོ་རིམ་བསྣོར་དགོས་པ་ཡིན། ཡང་ཚིག་རྒྱན་སྦྱོར་སྟངས་ལྟ་བུར་མཚོན་ན། རྒྱ་ཡིག་ཏུ“红太阳”དང“大海”ཞེས་ཁྱད་ཆོས་སྔོན་དང་ཁྱད་གཞི་རྗེས་སུ་འགོད་པར་བོད་ཡིག་ཏུ་ལྡོག་སྟེ་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་སྦྱར་ཏེ“ཉི་མ་དམར་པོ”དང“རྒྱ་མཚོ་ཆེན་པོ”ཞེས་གོ་རིམ་བསྣོར་དགོས་པ་ཡིན་ལ། གལ་སྲིད་དེ་གཉིས་རྒྱ་ཡིག་ལྟར་ཁྱད་ཆོས་སྔོན་དུ་འགོད་རྒྱུ་ཡིན་ན་ངེས་པར་དུ་རྣམ་དབྱེ་དྲུག་པའི་ཕྲད་སྦྱོར་དགོས་པ་ལྟ་བུ་རེད། ད་དུང་དོན་དག་གཅིག་ཚིག་རྐང་རིང་བོས་བརྗོད་སྐབས་བོད་ཡིག་ནང་གོ་རིམ་ཡོངས་རྫོགས་བརྗེས་ནས་བསྐྱར་དུ་བསྒྲིགས་ཏེ། མ་ཡིག་གི་དོན་མི་འཛོལ་བར་གནད་ལ་ཁེལ་ཅིང་ཀུན་གྱིས་གོ་སླ་བ་དང་། བོད་སྐད་ཀྱི་བརྡ་སྤྲོད་གོམས་སྲོལ་དང་མཐུན་པར་བསྒྱུར་དགོས་པ་ཡིན། དེ་བས་ཡིག་སྒྱུར་ལོ་ཙཱ་པ་ཚད་ལྡན་ཞིག་བྱེད་པར་ལོ་ཙཱའི་གཞུང་ལུགས་ཙམ་གྱིས་མི་ཆོག་སྟེ། ལོ་ཙཱའི་གཞུང་ལུགས་སུ་ཡོད་ཀྱང་ལག་ལེན་ཁྲོད་དུ་ཐག་གཅོད་མི་ཐུབ་པ་མང་པོ་ཡོད་པ་དང་། ད་དུང་ཡིག་སྐད་དང་ཁ་སྐད་གཉི་གར་བྱང་ཆ་ཡོད་དགོས་པ་ལས། ཕྱོགས་གཅིག་གི་བྱང་ཆ་ལའང་ཡིད་རྟོན་བྱ་མི་རུང་བ་ཡིན།
གསུམ་པ། བོད་རང་གི་བརྡ་སྤྲོད་པའི་གཞུང་ལ་བསྟུན་དགོས།
          ད་ལྟའི་རྒྱ་བོད་ཡིག་སྒྱུར་ཁྲོད་དུ་གོང་དུ་བརྗོད་པ་བཞིན་མིང་དང་ཚིག་གི་རྗོད་པ་རྒྱ་སྐད་ཀྱི་རྗེས་སུ་འགྲོ་བ་མང་པོ་ཡོད་པའི་ཁར། ད་དུང་བོད་རང་གི་བརྡ་སྤྲོད་པའི་གཞུང་དང་མི་བསྟུན་པར་དེ་ཡང་རྒྱ་སྐད་ཀྱི་རྗེས་སུ་འབྲངས་པའི་རྣམ་པ་ཆགས་ཡོད་པ་ནི། དཔེར་ན“铁上镀银”ལ“ལྕགས་ལ་དངུལ་བྱུགས”ཞེས་རྣམ་དབྱེ་གཉིས་པའི་ཕྲད་སྦྱར་ནས་བརྗོད་ཆོག་པར“ལྕགས་ཀྱི་སྟེང་དུ་དངུལ་བྱུགས”ཞེས་བསྒྱུར་བ་ལྟ་བུ་དང་། “用铅笔写字”ལ“ཞ་སྨྱུག་གིས་ཡི་གེ་འབྲི”ཞེས་རྣམ་དབྱེ་གསུམ་པ་བྱེད་སྒྲའི་ཕྲད་སྦྱར་ནས་བརྗོད་ཆོག་པར“ཞ་སྨྱུག་བཀོལ་ནས་ཡི་གེ་འབྲི”ཞེས་བསྒྱུར་བ་ལྟ་བུ།“为治病吃药”ལ“ནད་ལ་སྨན་འཐུང”ཞེས་རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་ཕྲད་སྦྱར་ནས་བརྗོད་ཆོག་པར“ནད་བཅོས་པའི་ཆེད་དུ་སྨན་འཐུང”ཞེས་བསྒྱུར་བ་ལྟ་བུ། “从水中钓鱼”ལ“ཆུ་ལས་ཉ་འཛིན”ཞེས་རྣམ་དབྱེ་ལྔ་བ་འབྱུང་ཁུངས་ཀྱི་ཕྲད་སྦྱར་ནས་བརྗོད་ཆོག་པར“ཆུའི་ནང་ནས་ཉ་འཛིན”ཞེས་བསྒྱུར་བ་ལྟ་བུ། “扎西比拉姆高10分”ལ“བཀྲ་ཤིས་ནི་ལྷ་མོ་ལས་སྐར་མ10ཡིས་མཐོ”ཞེས་ལས་སྒྲ་དགར་བའི་ཕྲད་སྦྱར་ནས་བརྗོད་ཆོག་པར“བཀྲ་ཤིས་ནི་ལྷ་མོ་དང་བསྡུར་ན་སྐར་མ10ཡིས་མཐོ”ཞེས་བསྒྱུར་བ་ལྟ་བུ། “如果没有水,哪儿会有鱼”ལ“ཆུ་མེད་ན་ཉ་ག་ལ་ཡོད”ཅེས་ན་སྒྲ་དམིགས་ཀྱིས་འབྱེད་པའི་ཕྲད་བཀོལ་ནས་བརྗོད་ཆོག་པར“གལ་ཏེ་ཆུ་མེད་ན། ཉ་གང་དུ་ཡོད་སྲིད”ཅེས་བསྒྱུར་བ་ལྟ་བུ། “一根又粗又结实的绳子”ལ“ཐག་པ་སྲ་ལ་སྦོམ་པ་ཞིག”ཡང་ན“སྲ་ཞིང་སྦོམ་པའི་ཐག་པ་ཞིག”ཅེས་ཚིག་ཕྲད་ལ་དང་ཅིང་སོགས་མཚམས་སྦྱོར་གྱི་ཕྲད་སྦྱར་ནས་བརྗོད་ཆོག་པར“སྦོམ་པ་མ་ཟད་ད་དུང་མཁྲེགས་པོ་ཡིན་པའི་ཐག་པ་ཞིག”ཅེས་བསྒྱུར་བ་ལྟ་བུ། “公路上有很多汽车”ལ“གཞུང་ལམ་དུ་རླངས་འཁོར་མང”ཞེས་རྣམ་དབྱེ་བདུན་པ་གནས་གཞིའི་ཕྲད་སྦྱར་ནས་བརྗོད་ཆོག་པར“གཞུང་ལམ་གྱི་སྟེང་དུ་རླངས་འཁོར་མང”ཞེས་བསྒྱུར་བ་ལྟ་བུའི་བོད་རང་གི་བརྡ་སྤྲོད་ཀྱི་གཞུང་ལ་མི་བསྟུན་པར་རྒྱ་ཡིག་གི་ཚིག་རྗེས་སུ་འབྲངས་ཏེ་བཙན་སྒྱུར་བྱེད་པ་མང་པོ་ཡོད་པས། རྒྱ་སྐད་དང་ཆ་འདྲ་བའི་བོད་སྐད་ཀྱི་འགྱུར་སྐྱོན་ཅན་ཇེ་མང་དུ་འགྲོ་བཞིན་ཡོད། གནས་ཚུལ་འདི་ལྟ་བུའང་མ་དག་རྒྱུན་འབྱམས་སུ་གྱུར་ན། བོད་རང་གི་བརྡ་སྤྲོད་ཀྱི་གཞུང་འདིའང་མི་རིང་བར་མཁོ་མེད་དུ་ལུས་ངེས་ཡིན་པས་ཀུན་གྱིས་གཟབ་གཟབ་བྱེད་རྒྱུ་གལ་ཆེའོ།།
བཞི་པ། སྣོན་སྒྱུར་དང་འཕྲི་སྒྱུར་བྱེད་དགོས།
          རྒྱ་བོད་སྐད་ཡིག་གཉིས་ཀྱི་ཐ་སྙད་ཀྱི་མཚོན་ནུས་དང་སྐད་ཆའི་གནས་སྐབས་ལས་ཤུགས་བསྟན་གྱི་དོན་ལ་ཁྱད་པར་ཡོད་པས། སྐབས་འགར་འགྱུར་ཡིག་ཏུ་མ་ཡིག་གི་ནང་དོན་ཡོངས་རྫོགས་མཚོན་ཐུབ་མེད་པའི་སྣང་ཚུལ་འབྱུང་སྲིད། སྐབས་དེར་ང་ཚོས་འགྱུར་ཡིག་ཀློག་མཁན་ལ་མ་ཡིག་གི་དོན་ལ་གོ་བ་ཡང་དག་ལོན་པར་མེད་མི་རུང་བའི་ཆ་འཕྲིན་ཡོངས་རྫོགས་ཆད་ལྷག་མེད་པར་ཐོབ་པའི་ཆེད་དུ། མ་ཡིག་ཏུ་མིང་ཚིག་དེ་འདྲ་ཞིག་དངོས་སུ་མེད་ཀྱང་དེའི་ཤུགས་བསྟན་དུ་ནང་དོན་དེ་འདྲ་ཡོད་ན་རྒྱ་ཡིག་གི་ཐ་སྙད་ཡིག་འབྲུ་གཅིག་ཡིན་རུང་། འགྱུར་ཡིག་ཏུ་བརྗོད་དོན་གསལ་བོར་སྟོན་ཐུབ་མིན་དང་། གོང་འོག་གི་རྗོད་པ་དང་འབྲེལ་ཆགས་མིན་ལ་བལྟས་ནས་གཅིག་གཅིག་དང་གཉིས་གཉིས་སུ་མི་བསྒྱུར་བར་སྣོན་འཕྲིའི་ཐབས་སྤྱད་ནས། དགོས་དབང་གིས་ཚིག་གྲོགས་སྣོན་འཕྲི་བྱས་ཏེ་མ་ཡིག་གི་དོན་ཆ་ཚང་དུ་མཚོན་པར་བྱེད་དགོས་ཏེ། སྔོན་བྱོན་ལོ་ཙཱ་པ་རྣམས་ཀྱིས་རྒྱ་གར་སྐད་དུ“པདྨ”ལ་བོད་སྐད་དུ་གོ་སླ་བའི་ཆེད་དུ“མེ་ཏོག་པདྨ”ཞེས་མེ་ཏོག་བསྣན་ཡོད་པ་དང་། རྒྱ་གར་སྐད་དུ“ཧི་མ་ལ་ཡ”ལ་བོད་སྐད་དུ“རི་བོ་ཧི་མ་ལ་ཡ”ཞེས་རི་བོ་བསྣན་ཡོད་པ། རྒྱ་གར་སྐད་དུ“མེ་ཏོག་ཟ་བ”དང“བདུག་སྤོས་ཟ་བ”ཞེས་པའི་དོན་ལ་བོད་སྐད་དུ“ཟས་སུ་མེ་ཏོག་ཟ་བ”དང་། “ཟས་སུ་བདུག་སྤོས་ཟ་བ”ཞེས་ཟས་སུ་ཁ་བསྣན་ནས་བསྒྱུར་ཡོད་པ་ལྟ་བུ་དག་རེད། དེ་བས་ང་ཚོས་སྐད་རིགས་གཉིས་ཀའི་མཚོན་ཤུགས་ཀྱི་ཁྱད་པར་ལ་གཞིགས་ནས་འགྱུར་ཡིག་ཏུ་མ་ཡིག་གི་དོན་གསལ་བོ་སྟོན་མི་ཐུབ་པའི་སྐབས་སུ་སྣོན་སྒྱུར་བྱེད་རྒྱུ་ནི་གལ་ཆེ་བ་རེད། ཡང་དཔེར་ན“侄子都两岁了,她仍是个大龄青年”ཞེས་པ“ཚ་བོ་ལོ་གཉིས་ལ་སོན་ཡོད་ཀྱང་། མོ་སྔར་བཞིན་ལོ་ཆེའི་གཞོན་ནུ་ཞིག་དང་འདྲ”ཞེས་ཚིག་གི་ངོ་གདོང་དེད་ནས་བསྒྱུར་ན། ཀློག་པ་པོས་གོ་བ་གསལ་བོ་ལོན་མི་ཐུབ་པ་རེད། རྒྱུ་མཚན་ནི་རྒྱའི་རིག་གནས་ཀྱི་ཁྲོད་དུ“大龄青年”ཞེས་པའི་ཚིག་ལས“གཉེན་སྒྲིག་ལོ་ཚོད་ལས་བརྒལ་བའི་གཞོན་ནུ”ཤུགས་སུ་བསྟན་ཡོད་པས། “ཚ་བོ་ལོ་གཉིས་ལ་སོན་ཡོད་ཀྱང་། མོ་ནི་སྔར་བཞིན་གཉེན་སྒྲིག་ལོ་ཚོད་ལས་བརྒལ་བའི་བུ་མོ་ཞིག་རེད།”ཅེས་སྣོན་སྒྱུར་མ་བྱས་ན་དོན་ལ་ཆད་སྐྱོན་བྱུང་ནས་ཁ་མི་གསལ་བ་ལྟ་བུ་དང་། ཡང་དཔེར་ན“众人拾柴火焰高”ཞེས་པར“མི་མང་གིས་བུད་ཤིང་འཐུས་ན་མེ་ལྕེ་མཐོ”ཞེས་པ་ཚིག་སྔ་ཕྱི་འབྲེལ་མི་ཆགས་པས“འཐུ་མཁན་མང་ན་བུད་ཤིང་མང་། བུད་ཤིང་མང་ན་མེ་ལྕེ་མཐོ།”ཞེས“བུད་ཤིང་མང་ན”ཞེས་པ་སྣོན་སྒྱུར་མ་བྱས་ན་དོན་གསལ་བོ་སྟོན་མི་ཐུབ་པ་དང་། ད་དུང་མ་ཡིག་ཏུ་བོད་སྐད་ཀྱི་བརྡ་སྤྲོད་གོམས་སྲོལ་དང་མི་མཐུན་པར་བསྐྱར་ཟློས་སུ་གྱུར་པའི་ཚིག་སྟེ། དཔེར་ན“全家都搞文艺工作”ཞེས་པར“བཟའ་མི་གང་བོ་ཚང་མས་རིག་རྩལ་གྱི་བྱ་བ་སྒྲུབ་ཀྱིན་ཡོད”ཅེས“གང་པོ”དང“ཚང་མ”རྒྱ་ཡིག་ལྟར་བསྐྱར་ཟློས་བྱེད་དགོས་དོན་མེད་པར“བཟའ་མི་གང་བོས་རིག་རྩལ་གྱི་བྱ་བ་སྒྲུབ་ཀྱིན་ཡོད”ཅེས་བོད་སྐད་དུ་འཕྲི་སྒྱུར་བྱེད་དགོས་པ་ལྟ་བུ་དང་། དེ་བཞིན་དུ“磷、碘、氟都属于金属元素”ཅེས་པ་ལྟ་བུའང“ལཱིན་དང་ཏེན། ཧྥུལ་བཅས་ཚང་མ་ལྕགས་རིགས་སུ་གཏོགས”ཞེས་པའང“བཅས”དང“ཚང་མ”བསྐྱར་ཟློས་བྱེད་མི་དགོས་པས་འདི་ལྟ་བུ་འཕྲི་སྒྱུར་བྱས་ཆོག ད་དུང“有关金子的叙述”ལ“གསེར་སྐོར་གྱི་ཞིབ་བརྗོད”ཞེས་པ་ལྟ་བུའང་བོད་སྐད་དུ་ཀློག་མི་བདེ་བས“གསེར་ཞིབ་བརྗོད”ཅེས་འཕྲི་སྒྱུར་བྱས་ཆོག་པ་ལྟ་བུ་དག་ལ་གཟབ་དགོས།
ལྔ་པ། མི་རིགས་རང་རང་གི་རིག་གནས་དང་བསམ་འཁྱེར་ལ་གཟབ་དགོས།
          མི་རིགས་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་དང་། ལོ་རྒྱུས་ཀྱི་གོམས་སྲོལ། རིན་ཐང་ལྟ་ཚུལ། ས་ཁམས་ཁོར་ཡུག་བཅས་ཀྱི་རྐྱེན་གྱིས་མི་རིགས་སོ་སོའི་རིག་གནས་ལ་ཐུན་མོང་གི་ཁྱད་ཆོས་དང་རང་གི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་དང་། མི་རིགས་རང་རང་གི་སྐད་ཆས་ཀྱང་མི་རིགས་དེའི་རིག་གནས་མཚོན་པ་དང་རིག་གནས་ཀྱིས་ཕྱིར་སྐད་ཆར་ཚོད་འཛིན་ཐེབས་པ་ཡིན།དེ་བས་སྐད་ཆ་ཚིག་གཅིག་གམ་ཐ་སྙད་གཅིག་ལ་གོ་བ་ལེན་སྐབས་མ་རྩོམ་དང་འགྱུར་རྩོམ་བར་གྱི་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་གོ་དོན་དང་ཚིག་ནུས་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་བར་མི་རིགས་གཉིས་ཀའི་བསམ་འཁྱེར་དང་བསམ་བློ་གཏོང་སྟངས། སེམས་ཁམས་ཀྱི་འགྱུར་བ་བཅས་ཤེས་དགོས་པ་མ་ཟད་། མི་རིགས་དེའི་ཆོས་ལུགས་དད་མོས་དང་། འཚོ་བའི་གོམས་གཤིས། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་སོགས་ལ་རྒྱུས་མངའ་ཡོད་པ་དང་། ལྷག་པར་དུ་འགྱུར་རྩོམ་གྱི་ཚིག་རྒྱན་དང་ཚིག་གི་སྡེབ་སྦྱོར་ལ་བྱང་ཆུབ་པ། དེ་ཡང་དཔེ་དང་དཔེ་ཅན་སོ་སོའི་སྦྱོར་ཚུལ་དང་། གཟུགས་དང་གཟུགས་ཅན་སོ་སོའི་བཀོད་སྟངས། རབ་རྟོག་གི་རྒྱན་དང་། ཟློས་བརྗོད་ཀྱི་རྒྱན། སྐོར་རྒྱན། སྒྲ་རྒྱན། གབ་ཚིག་སོགས་རྒྱ་བོད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚིག་དང་རྒྱན་གྱི་སྦྱོར་ཚུལ་ཤེས་དགོས་ཤིང་། ད་དུང་ཤེས་བྱ་སྤྱི་ལ་རྒྱུས་མངའ་ཡོད་དགོས་པ་ཡིན། དེ་འདྲ་ཞིག་མིན་ཚེ་ཡིག་སྒྱུར་སྐབས་སུ་བརྡ་སྤྲོད་ཀྱི་གནད་དོན་དང་མིང་བརྡའི་གནད་དོན་ནི་གཞུང་དང་ཚིག་མཛོད་ལ་ཁུངས་གཏུག་ས་དང་བཙལ་རྒྱུ་ཡོད་ནའང་མི་རིགས་ཤིག་གི་བསམ་འཁྱེར་དང་། བསམ་བློ་གཏོང་སྟངས། སེམས་ཁམས་ཀྱི་འགྱུར་བ་སོགས་ནི་ཁུངས་གཏུགས་ས་མེད་པས་གོ་བ་ལོག་སླ་སྟེ། དཔེར་ན“近朱者赤,近墨者黑”དང“火红的太阳从东山升起”ཞེས་པ“མཚལ་དང་བསྡོངས་ན་དམར་པོ་དང་། སྣག་དང་བསྡོངས་ན་ནག་པོ།”ཞེས་པ་ལྟ་བུ་དང“ཉི་མ་དམར་པོ་ཤར་རིའི་རྩེ་ནས་འཕགས”ཞེས་པ་ལྟ་བུ་དག་གཞན་སྒྱུར(异化)བྱས་ན་ཁ་དོག་ལས་མཚོན་པའི་བསམ་བློའི་རིག་གནས་མི་འདྲ་བ་དང་། མ་ཡིག་གི་བརྗོད་སྟངས་དེ་འདྲ་འགྱུར་ཡིག་ཏུ་མེད་པས། ཀློག་པ་པོར་རྒྱའི་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཞིག་མེད་ཚེ་དོན་གྱི་ཆ་ལ་གོ་བ་ལོག་འགྲོ་བའམ་ཡང་ན་གོ་བ་ལོན་དཀའ་བ་རེད། དེ་བས“མཆོད་རྟེན་ལ་འགྲོགས་ན་དཀར་རག་དང་། ཟངས་ངར་འགྲོགས་ན་དྲི་མག”ཅེས་པ་ལྟ་བུ་དང“ཉི་མ་སེར་པོ་ཤར་རིའི་རྩེ་ནས་འཕགས”ཞེས་རང་སྒྱུར་གྱི་སྒྱུར་ཐབས་བཀོལ་ན་སྐད་ཆའི་མཚོན་ནུས་དེ་གཞན་སྒྱུར་ཐབས་ལས་གསལ་ཞིང་། རང་རེའི་ཀློག་པ་པོའི་བསམ་བློ་དང་སྐད་ཆའི་གོམས་སྲོལ་ལའང་དེ་བས་ཀྱང་མཐུན་པས་གོ་སླ་བ་རེད། དེ་བཞིན་དུ་དཔེར་ན“有眼不识泰山”ཞེས་པ་ལྟ་བུ“མིག་ཡོད་ཀྱང་རི་བོ་ཐའེ་ཧྲན་མཐོང་མི་ཐུབ”ཅེས་གཞན་སྒྱུར་བྱས་ན། རྒྱའི་རིག་གནས་སུ་རི་བོ་ཐའེ་ཧྲན་ནི་སྙིང་སྟོབས་ཆེ་བ་དང་ཐབས་ལ་མཁས་པ། ཡ་རབས་ཚུལ་ལྡན་སོགས་སྐྱེས་བུ་དམ་པའི་དཔེ་མཚོན་དུ་འགོད་པ་ཡིན། འོན་ཀྱང་ང་ཚོའི་ཀློག་པ་པོའི་ཡིད་ལ་རི་བོ་ཐའེ་ཧྲན་མཐོང་མི་ཐུབ་པའི་ལོང་བ་ཞིག་ལས་གཞན་ཅི་ཡང་འཆར་མི་སྲིད། དེ་བས“མིག་ཡོད་ཀྱང་དམ་པ་ངོ་མ་ཤེས”ཞེས་རང་མི་རིགས་ཀྱི་བསམ་བློ་དང་འཚམ་པ་ཞིག་ཏུ་རང་སྒྱུར་བྱེད་དགོས་པ་ལྟ་བུ་དང་། ཡང་དཔེར་ན། རྒྱའི་རིག་གནས་ཁྲོད་དུ་གྲངས་ཀ“དགུ”ལ་ཧ་ཅང་དགའ་སྟེ། དེས་གདགས་གཤིས་དང་ནམ་མཁའ་སོགས་མཚོན་པས། གོང་མ་རྒྱལ་པོའི་མིང་ལའང“九五之尊”ཞེས་འབོད་པ་དང་། ད་དུང“九”ཞེས་པའི་སྒྲ་ལས་ཡུན་རིང་བ་སོགས་མཚོན་པར་བྱེད། འོན་ཀྱང་ང་ཚོ་བོད་ཀྱི་རིག་གནས་སུ་དཔེར་ན། མི་བཤད་དགུ་བཤད་དང་། མི་ལས་དགུ་ལས། ངན་པ་དགུ་འཛོམས། སྲིན་པོ་མགོ་དགུ་ཞེས་གྲངས་ཀ་དགུ་ལ་འཛེམ་པའམ་གཡོལ་ཅི་ཐུབ་བྱེད་པ་ལྟ་བུ་ཡིན། དེ་བས་རྒྱ་བོད་ལོ་ཙཱའི་སྐབས་སུ་རང་རང་གི་རིག་གནས་དང་བསམ་པའི་འཁྱེར་སོ། བསམ་གཞིགས་བྱེད་སྟངས། སེམས་ཁམས་ཀྱི་འགྱུར་བ་བཅས་གང་ལ་དེ་འཚམ་གྱིས་བསྒྱུར་ནས་འགྱུར་ཡིག་དེ་བློ་མཆོག་དམན་ཀུན་གྱིས་གོ་སླ་བར་བྱེད་རྒྱུ་ནི་གལ་ཆེ་བ་ཞིག་རེད་སྙམ།།