ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

གཙོད་གྲོང་ཁྱེར་ནས་གཙོད་དྲན་པ།།

སྤེལ་དུས 2017-08-28 ཡོང་ཁུངས། 《གངས་ལྷ་མེ་ཏོག》 རྩོམ་པ་པོ། བོང་སྟག་རི་ལུ།﹙མཚོ་ནུབ﹚
ད་ལོའི་དབྱར་ཟླ་བརྒྱད་པར
ང་རང་ཀན་ལྷོ་གཙོད་གྲོང་ན་ཡོད
ཀན་ལྷོ་གཙོད་གྲོང་གི་ཐང་ཆེན་ར་བ་བརྒྱུད་དུས
ངའི་མིག་ལམ་དུ་རྡོ་བ་དང་ཨར་འདམ་གྱིས་བཟོས་པའི
རི་དྭགས་གཙོད་དེ་ཡང་ཡང་བརྒྱུད་འོངས
ཡུལ་སྐོར་པ་གང་མང་ཞིག
སོས་དལ་བག་ཕེབས་ཀྱི་ངང་ནས་ཀན་ལྷོར་འབྱོར་ལ
ཐང་ཆེན་ར་བ་འདི་བརྒྱུད་ནས་འཁྱམ་འཁྱམ་གནང་ཞིང
ནགས་ཚལ་སྤྱི་གླིང་འདི་བརྒྱུད་ནས་སྤྲོ་གསེང་གཏོང་དུས་སུ
སུས་ཀྱང་རི་དྭགས་གཙོད་ཟེར་བ་དེ་དྲན་མ་མྱོང་ལ་དྲན་ཡང་མི་སྲིད་དོ
ང་རང་ཡང་ཁོ་ཚོ་དང་འདྲ་བར    ལས་གྲོགས་འགའ་དང་མཉམ་དུ
གློག་སྒྲོན་དེ་ཡི་འོད་མངས་དང    ཆུ་མོ་དེ་ཡི་འཕྱོ་སྟངས་ལས
བཟི་ཆོག་ཡིན་མོད
དོ་ནུབ   ང་ལ་མཚོན་ན
སེམས་ངལ་ལྷག་མ་ཞིག་ཞར་ནས་འོངས་ཤིང
རི་དྭགས་གཙོད་དེ་ཡང་ཡང་དྲན་འོངས
ད་ལྟ   རྡོ་བ་དང་ཨར་འདམ་གྱིས་བཟོས་པའི་རི་དྭགས་གཙོད་འདིའི་འགྲམ་ནས་བདག་གི་མིག་ལམ་དུ་ཁོད་ཡངས་པའི་རྩྭ་ཐང་ཞིག་དྲན་འོངས་ལ
གནས་དེ་རུ་སོས་དལ་བག་ཕེབས་ངང་འཚོ་བའི་རི་དྭགས་གཙོད་ཁྱུ་དེ་དྲན་འོངས
སྐབས་འདིར    རི་དྭགས་གཙོད་ཀྱི་རྭ་ཟུང་དགུང་དུ་བཏེགས་པའི་སྤོབས་པ་དང
ལུས་ཟོར་བདེ་རྩལ་འཁྱུག་པའི་རྣམ་རིག
རླུང་བུ་རྒྱབ་ཏུ་གྱོན་ཞིང་ཁ་བ་ཟས་སུ་ཟ་བའི་སྙིང་སྟོབས་བཅས
རེ་རེ་བཞིན་དྲན་པའི་མོད་ལ
བདག་གིས  རྡོ་བ་དང་ཨར་འདམ་གྱིས་བཟོས་པའི་རི་དྭཊ་གཙོད་ལ་ཡང་ཡང་བལྟ་བཞིན
ཕ་མེས་ཡང་མེས་ཀྱི་རིང་གི་རི་དྭགས་གཙོད་དེ་ཇི་འདྲའི་དྲན་ཨང
བར་སྐབས་ཤིག་ལ
སོས་དལ་བག་ཕེབས་ངང་འཚོ་བའི་རི་དྭགས་གཙོད་ཁྱུ་དེ
ཁ་ཡངས་ཁོད་ཡངས་ངང་འཚོ་བའི་རི་དྭགས་གཙོད་ཁྱུ་དེ
ཐག་རིང་ཐག་རིང་དུ་ཆས་སོང
དུས་དེ་ནས་བཟུང   སྤྲིན་པ་ཁེར་རྐྱང་དུ་ལུས
མེ་ཏོག་གྲོགས་མེད་དུ་ལུས
རླུང་བུས་རྒྱུ་ལམ་ན་རི་དྭགས་གཙོད་དེ་དྲན་གྱིན་ཡོད
གཙང་པོས་བཞུར་ལམ་ན་རི་དྭགས་གཙོད་དེ་དྲན་གྱིན་ཡོད
ད་ལྟ  འདི་དག་དྲན་པའི་མོད་ལ
བདག་གིས་ཀན་ལྷོ་གཙོད་གྲོང་གི་ཐང་ཆེན་འདི་ནས
རྡོ་བ་དང་ཨར་འདམ་གྱིས་སྲ་མཁྲེགས་སུ་བཏང་ནས
སྨྲ་བ་མེད་པའི་གཙོད་ཀྱི་ལས་དབང་དེ་ཝ་ལེར་དྲན་འོངས
ཁང་རྩེག་དང་མི་ཚོགས་ཀྱིས་འགྲོ་ལམ་བཅད་ནས
འགྲོ་འདུག་དཀོན་པའི་གཙོད་ཀྱི་ལས་དབང་དེ་ཝ་ལེར་དྲན་འོངས
བཟོ་ལྟ་འདི་དག་མཐོང་ཐེངས་རེ་རེར
ང་རང་ཡང   གཙོད་གྲོང་ཁྱེར་གྱི་གཙོད་ཕོ་འདི་དང་འདྲ་བར
གྲགས་མེད་འགུལ་མེད་ངང་འགྲེང་སྟེ
ཁ་རོག་གེར  ཁུ་སིམ་མེར་འདུག་དགོས་བྱུང་ལ
སང་གི་ཉི་མ་ཁོ་ན་ལ་རེ་སྒུག་བྱེད་དགོས་བྱུང་ངོ་།
2010.8.1ཀན་ལྷོ་གཙོད་གྲོང་ཁྱེར་དུ་བྲིས།