ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > གསར་ཤོས།

སློབ་དཔོན་ད་ཎྚིའི་སྙན་གཞུང་སྲོག་གི་རྣམ་གཞག་བསྟན་ཡོད་མེད་ཀྱི་དོགས་དཔྱོད།

སྤེལ་དུས 2018-08-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བུ་བཞི་བསམ་པའི་དོན་གྲུབ།
གླེང་གཞི། 
          འདིར་སྙན་ངག་གི་སྲོག་ཅེས་པ་ནི་རྩོམ་པ་པོའི་བརྗོད་པར་འདོད་པའི་བློའམ་དགོངས་གཞི་ལ་སྟོན་པ་ཡིན་ཏེ། དེའང་ཐད་ཀར་སྟོན་པའམ་ཤུགས་གང་རུང་ནས་སྟོན་པའི་བརྩམས་ཆོས་ཤིག་ལ་གནས་པའི་བསམ་བློའི་རང་བཞིན་ལ་ཟེར། སྤྱིར་ན་རིག་དངོས་གཞི་ཞིག་ལ་ཆ་བཞག་ནས་བཤད་ན་བསམ་བློའི་རང་བཞིན་ཟབ་ཅིང་གསལ་བ་ཞིག་དངོས་སམ་ཤུགས་ནས་སྟོན་པ་སྨོས་མ་དགོས་ཤིང་། རྩོག་རིག་གི་གཞུང་ལུགས་རབ་འབྱམས་སྨྲ་བ་རྣམས་ཀྱིས་ཀྱང་ལུས་སྲོག་རྒྱན་གསུམ་གལ་ཆེན་དུ་སྨྲ་བར་མ་ཟད། སྲོག་དེ་རྩོམ་རིག་གི་བླ་སྲོག་གི་ཚུལ་དུ་སྨྲ་བ་ཡིན།
 འདིར་ཁོ་བོས་གླེང་བར་འདོད་པ་ནི་སྤྱིར་བཏང་བའི་རྩོམ་རིག་ལ་སྲོག་ཡོད་མེད་དེ་མ་ཡིན་པར། རྒྱ་གར་པཎ་གྲུབ་དང་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་སྙན་གཞུང་དུ་སྙན་ངག་ལ་སྲོག་ཡོད་མེད་གླེང་ཚུང་ལས། མཁས་པ་གང་གིས་བསྟན་བཅོས་གང་དུ་གླེང་བ་དང་། དོན་ཇི་ལྟར་བཀྲལ་བ། ལུང་རིགས་ཀྱི་རྒྱབ་རྟེན་གང་ལ་བཅོལ་བ་བཅས་ཀྱི་ཐད་ལ་གཟུར་གནས་བདེན་གཏམ་ཞིག་སྨྲ་བར་འདོད་པ་དེ་ཡིན། 
གཅིག
          བོད་ཀྱི་མཁས་པ་རྣམས་ཀྱི་འདོད་ཚུལ་གཙོ་བོ་རིགས་གཉིས་ཏེ། གཅིག་ནི་སློབ་དཔོན་དཎྚིའི་《སྙན་ངག་མེ་ལོང་》ལས་སྲོག་གི་སྐོར་དངོས་སུ་མ་བསྟན་ཞིང་སྲོག་ཡོད་པར་འདོད་པ་ལ་མི་འཐད་པའི་ལྟ་བ་སྟེ། བོད་མཁས་པའི་སྙན་འགྲེལ་ལས་“འདི་སྐབས་ཟུར་མཁར་བློ་གྲོས་རྒྱལ་པོས།    སྐྱེས་བུའི་ལུས་སྲོག་རྒྱན་གསུམ་དཔེར་བྱས་ནས། བརྗོད་བྱ་སྡེ་བཞི་བསྡུས་པའི་དོན་རྣམས་སྲོག་དང་། རྗོད་བྱེད་ཀྱི་ཚིགས་བཅད་ལྷུག་སྤེལ་མ་གསུམ་ལུས་དང་། དོན་རྒྱུན་སྒྲ་རྒྱན་གབ་ཚིག་རྒྱན་རྣམས་རྒྱན་དུ་བསྟན་པ་ཡིན་ནོ།……གཞན་དུ་སློབ་དཔོན་དཎྚི་དེ་ཡང་རྩོམ་པ་ལ་མི་མཁས་པ་ཞིག་སྟེ། ལུས་སྲོག་གཉིས་འདྲ་འདྲེས་སུ་བཤད་པས་གོ་དཀའ་ཞིང་ཁྱེར་མ་བདེ་བའི་ཁར། སྲོག་ཅེས་པའི་མིང་ཙམ་ཞིག་དགོས་དབང་གིས་སྨོས་རིགས་ཀྱང་དེ་མེད་པས་རྗེས་འཇུག་མགོ་རྨོངས་པར་བྱས་སྣང་བའི་ཕྱིར་ནའོ།”①ཞེས་དཎྚིའི་སྙན་ངག་མེ་ལོང་ལས་ལུས་དང་རྒྱན་གྱི་རྣམ་གཞག་ལས་སྲོག་གི་གོ་དོན་འདུས་པར་མི་འཐད་པར་བསྟན་པ་དང་། འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་ལས། “སྔོན་གྱི་སློབ་དཔོན་དེ་རྣམས་ཀྱིས་ནི་སྙན་ངག་གི་ལུས་ཚོགས་པའི་ངོ་བོ་དང་། དེ་མཛེས་པར་བྱེད་པའི་རྒྱན་ཏེ་རྣམ་པ་གཉིས་སུ་བསྡུས་ཤིང་བསྟན་པས་གསལ་བར་བྱས་སོ།། དེས་ན་མཁས་པ་ཟུར་མཁར་པ་སོགས་ལུས་རྒྱན་སྲོག་གསུམ་དུ་དབྱེ་དགོས་པར་འདོད་པ་དག་ནི་མི་འཐད་པ་གཞུང་ཚིག་འདིས་ཀྱང་གསལ་ལོ།།”②“སྐབས་འདིར་ཟུར་མཁར་བློ་གྲོས་རྒྱལ་པོས། སྐྱེས་བུའི་ལུས་སྲོག་རྒྱན་གསུམ་དཔེར་བྱས་ནས་བརྗོད་བྱ་སྡེ་བཞི་བསྡུས་པའི་དོན་རྣམས་སྲོག་དང་། དོན་རྒྱན་སྒྲ་རྒྱན་གབ་ཚིག་རྣམས་རྒྱན་ཏེ། ལུས་རྒྱན་སྲོག་གསུམ་གྱིས་བསྡུས་པར་འཆད་པའི་རྗེས་སུ་འགའ་ཞིག་འབྲངས་མོད། དེ་ནི་ཤིན་ཏུ་རིགས་པ་མ་ཡིན་ཏེ་”③ཞེས་བོད་མཁས་པ་དང་བཞེད་དགོངས་མཐུན་པ་ཡིན།
          དེ་ཡང་སྲོག་ཡོད་པ་ཞར་ལ་བསྟན་ཡོད་པའི་འདོད་ཚུལ་འཛིན་པ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་རང་གི་སྙན་འགྲེལ་དུ། “སྐབས་འདིར་འཇམ་ཁ། སྣར་ཐང་བ། རོང་བ་སོགས་མཁས་པ་མང་པོ་དང་། དཔའ་བོ་གཙུག་ལས་སོགས་རྨོངས་པ་མཁས་པའི་གོ་སར་འགྱིང་པ་མང་པོ་དག་གིས། གཏམ་རྒྱུད་དང་སྡེ་བཞི་སོགས་སྙན་ངག་གི་ལུས་སུ་འཆད་ཅིང་། དེས་ན་གོང་དུ། ལུས་དང་རྒྱན་ཡང་རབ་ཏུ་བསྟན། ཞེས་པས་སྲོག་ཤུགས་ལ་བསྟན་ཡོད་དེ། དཔེར་ན། སྲོག་ལྡན་གྱི་སྐྱེས་བུ་ལུས་མཛེས་པ་ལ་རྒྱན་གྱིས་སྤྲས་པ་བཞིན་དུ། སྡེ་བཞི་སོགས་ཀྱི་བརྗོད་བྱའི་སྲོག་དང་ལྡན་པའི་སྙན་ངག་གི་ལུས་བཅད་ལྷུག་སྤེལ་མ་ལ། དོན་རྒྱན་སྒྲ་རྒྱན་གབ་ཚིག་རྒྱན་གྱིས་རྣམ་པར་སྤྲས་སོ་ཞེས་ཁོ་བོའི་སློབ་དཔོན་གྲངས་ཅན་ལོ་ཙྭ་བ་འཇམ་དཔལ་རྡོ་རྗེའི་བཞེད་པ་ཡིན་ནོ།”④ ཞེས་བརྗོད་བྱ་སྡེ་བཞི་སོགས་བརྗོད་བྱའི་ནང་དུ་སྲོག་ཀྱང་འདུས་པའི་འདོད་ཚུལ་བསྟན་པ་དང་། ལྔ་པ་ཆེན་པོའི་སྙན་འགྲེལ་མཆོད་བརྗོད་འགྲེལ་བ་ལས། “སྙན་ངག་མཁན་ཆེ་རྣམས་ཀྱི་ངག་རྣམས་ལས་སླར་ཡང་དངོས་པོ་གཞན་ཉིད་རྟོགས་པ་ཡོད་།   སྙན་ངག་མཁན་གྱི་དགོངས་པ་སྟེ་ཤུགས་ལས་རྟོགས་པར་བྱའོ།⑤” ཞེས་སྙན་ངག་གི་སྲོག་ཅེས་པ་དེ་ངག་གི་ཕྲེང་བ་རྩོམ་ལུས་དང་བརྗོད་བྱའི་དངོས་པོའམ་དོན་རྐྱེན་ལས་གཞན་དུ་ཟུར་རམ་ཤུགས་ན་རྩོམ་པ་པོའི་ཞེན་ཕྱོགས་སམ་དགོངས་གཞི་ཞིག་མཐོང་རྒྱུ་ཡོད་པར་བསྟན།
          གཞན་ཡང་སྙན་ངག་ལ་སྲོག་ཡོད་པར་འདོད་པ་ཟུར་མཁར་བློ་གྲོས་རྒྱལ་པོའི། 《སྙན་ངག་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》ལས་“སྔོན་བྱུང་གཏམ་དང་སྡེ་བཞིའམ། གྲོང་ཁྱེར་རྒྱ་མཚོ་རི་དང་དུས།   བརྗོད་བྱའི་དོན་ནི་སྲོག་ཡིན་ནོ།།”⑥ཞེས་དང་། “སྐབས་འདིར་སྙན་ངག་གི་སྲོག་གམ་བརྗོད་བྱའི་ནང་དོན་ལ་བཅོ་བརྒྱད་དུ་བསྡུས་ནས་བཤད་པ་ནི།   སྙན་ངག་གི་བརྗོད་་བྱའི་ནང་དོན་ཡོད་ཚད་འདི་དག་གི་ནང་དུ་འདུས་པར་བཤད་པ་མ་ཡིན་ཞིང་། སྙན་ངག་རྩོམ་པའི་སྐབས་ནང་དོན་དེ་དག་གཅིག་ཀྱང་མ་ལུས་པར་ཚང་དགོས་པར་བཤད་པའང་མིན།”⑦ཞེས་བརྗོད་བྱའི་ཡུལ་དུ་གྱུར་བའི་བསྔགས་པ་བཅོ་བརྒྱད་ཅི་རིགས་ནང་དུ་བརྗོད་འདོད་སྲོག་གང་འཚམ་བཅུག་ནས་བརྗོད་དགོས་པའི་འདོད་པ་བསྟན།
          བོད་ཀྱི་སྲོལ་རྒྱུན་བསམ་གཞིགས་བྱེད་སྟངས་ལ་བརྟགས་ན། བོད་འདིས་ལུང་གཙིགས་སུ་འཛིན་ཅིང་ལུང་མཐོ་འཚམ་བྱེད་པ་དེ་ཆེས་ཉེན་ཁའི་གནས་ཤིག་ཡིན་པར་སེམས། དེའང་འདི་སྙམ་དུ་སེམས་ཏེ། རང་རེའི་རིག་གནས་ཆེ་ཆུང་དུ་འབོད་པ་འདི་རྣམས་རྒྱལ་ཁབ་དང་མི་རིགས་གཞན་དང་གཞན་གྱི་སྐད་དང་ཡི་གེ་ལས་བསྒྱུར་བ་མང་བས། སྐད་བརྡ་དང་གོམས་གཤིས། རིག་གནས་བག་ཆགས་ཀྱི་ཁྱད་པར་དབང་གིས་ལུང་གི་འགྱུར་ཡིག་ལ་གོ་འཛོད་ཙམ་བྱུང་ན་ནོར་བ་རྒྱུན་འབྱམས་དང་ལོག་པའི་རིག་པ་གང་མང་འཕེལ་སྲིད་པས། ཆོས་དང་སྙན་ངག་གི་གཞུང་གང་ཡིན་ཡང་འགྱུར་གྱི་གནས་སྐབས་སུ་མིང་ཚིག་དང་བརྡ་ཆད་རྣམས་སྲང་ལ་བཅལ་ནས་གཏན་ལ་ཕབ་ཅིང་མཁས་པ་མང་པོས་མ་གཞུང་དང་བསྡུར་ནས་ཡང་ཡང་དཔྱད་དེ་སྐད་གཉིས་ཤན་སྦྱར་ནས་འཆད་པ་འདིའང་ལུང་གི་གོ་དོན་དངོས་ལས་མི་འདའ་བའི་ཐབས་སུ་བྱས་པ་ཡིན། འདི་ལྟ་བུའི་རིག་གནས་རྒྱུད་འཛིན་གྱི་ཐབས་ཤེས་ཀྱི་ཕན་ཡོན་ལ། རང་རའི་བོད་ཁུལ་དུ་དར་བའི་རིག་གནས་རྣམས་ད་ལྟའི་བར་ལོ་ངོ་སྟོང་ཚོ་ལྷག་འགོར་ནའང་ཆོས་གཙང་མ་དང་ལུང་གཙང་མ། གཞུང་གཙང་མ་དག་བྱུང་ཡོད་པ་ཡིན། འོན་ཀྱང་དེའི་དགེ་མཚན་གྱི་ལྡོག་ཕྱོགས་སུ། ལུང་ལ་བརྩི་མཐོང་ཆེ་དྲགས་པའི་རྐྱེན་གྱིས་བོད་ལ་མཁས་ཆེན་གང་མང་བྱུང་ནའང་ལུང་ལས་འདའ་མ་ཕོད་པར་ལུས་འདུག། སྤྱི་ཚོགས་དང་མིའི་རིགས། སྐད་བརྡ་སོགས་འཕེལ་རྒྱས་སོང་བའི་དབང་གིས། སྔོན་ཆད་ཀྱི་གདོད་མའི་རྣམ་པ་སོར་འཇོག་བྱས་པའི་སྙན་གཞུང་དང་བརྡ་སྤྲོད་རིག་པའི་གཞུང་སོགས་ད་ལྟའི་འཕེལ་རྒྱས་ཀྱི་གནས་བབས་དང་གོམ་འགྲོས་དང་མི་མཐུན་པ་མང་ཞིང་དེང་རབས་རིག་གནས་འཕེལ་རྒྱས་རྒྱས་ཀྱི་གེགས་སུ་འགྲོ་བའང་མངོན་སུམ་དུ་མཐོང་ཐུབ།
          དེས་ན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་དང་ཟུར་མཁར་བས་བཏོན་པའི་བརྗོད་བྱའི་ནང་དུ་སྲོག་ཀྱང་འདུ་བའི་ལྟ་བ་འདིའང་གཞུང་ལ་མ་བརྟེན་པ་དང་གནས་ལུགས་ཅིའང་མེད་པར་རང་གི་སེམས་སུ་ཐོལ་བྱུང་དུ་སྐྱེས་པའི་འདོད་ཚུལ་བརྗོད་པ་ནི་མ་ཡིན་ལ། དཎྚིའི་སྙན་གཞུང་དུ་སྲོག་གི་རྣམ་གཞག་དངོས་སུ་བསྟན་ཡོད་པར་ཨུ་ཚུགས་བྱེད་པའང་མ་ཡིན་ཏེ་། ད་ཎྜིའི་གཞུང་དུ་ལུས་དང་བརྗོད་བྱ་སྟོན་པའི་སྐབས་སུ་བརྗོད་བྱའི་ནང་དུ་སྲོག་ཀྱང་ཤུགས་སུ་འདུས་པའི་འདོད་པ་བསྟན་པའོ།། 
          ལུས་ནི་རེ་ཞིག་འདོད་པ་ཡི། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། ཞེས་པའི་ཚིག་རྐང་གཉིས་ལ་འགྲེལ་བ་དེ་ཉིད་དང་མཐུན་པ་ཞིག་རྒྱག་རྒྱུ་ནི་བརྗོད་བྱ་རུ་སྲོག་གི་གོ་དོན་འདུས་ཡོད་མེད་ཀྱི་རྩ་བ་ཡིན།དེས་ན་ཐོག་མར་ང་ཚོས་ངེས་དགོས་པ་ཞིག་ལ། རྩོམ་པ་པོའི་བརྗོད་འདོད་ཀྱི་བློའམ་དགོངས་པ་དང་། སྔོན་བྱུང་གཏམ་དང་སྡེ་བཞི། བསྔགས་ཡུལ་བཅོ་བརྒྱད་སོགས་ཀྱི་བསྡུས་པའི་བརྗོད་བྱ། ཚིག་གི་ཕྲེང་བ་སྟེ་རྩོམ་ལུས་ཀྱི་རྣམ་གཞག་འདི་གསུམ་འབྲེལ་བ་དང་ལྡན་ཞིང་དབྱེ་མཚམས་ཀྱང་གསལ་བའི་གོ་དོན་གསུམ་ཡིན་པ་རྟོག་དགོས།།  
          དོན་གཅིག་མིང་གི་རྣམ་གྲངས་སུ་སོང་བའི་བརྗོད་འདོད་ཀྱི་བློའམ་དགོངས་གཞི། སྲོག་ཟེར་བ་ཅི་ལ་གོ་ཟེར་ན། བརྩམས་ཆོས་ཁྲོད་དུ་སྤྱི་ཚོགས་འཚོ་བ(བརྗོད་བྱ་)ཚུར་སྣང་དང་། སྣང་བརྙན་གསར་བཞེངས་བྱས་ཏེ་བརྩམས་ཆོས་ཀྱི་ཐོག་མཐའ་བར་གསུམ་དུ་མངོན་པར་བརྗོད་པར་འདོད་པའི་དགོངས་པ་ལ་ཟེར་ཏེ་རྩོམ་རིག་གི་ནང་དོན་གྱི་རྣམ་པ་ཡིན།
          བརྗོད་བྱ་ཟེར་བ་སྔོན་བྱུང་གཏམ་དང་སྡེ་བཞི། བསྔགས་ཡུལ་བཅོ་བརྒྱད་ཀྱི་གྲངས་འདྲེན་ནི་བརྗོད་བྱའི་ཕུན་ཚོགས་རང་བཞིན་ཏེ་མང་ཚིག་གི་རང་བཞིན་ཡིན་ལ། སྤྱིར་ན་འགྲོ་བ་མི་ལྟེ་བར་འཛིན་པའི་མི་དང་མིའི་བར་གྱི་འགལ་འབྲེལ། མི་དང་ཚོགས་པའི་བར་གྱི་འགལ་འབྲེལ། མི་དང་རང་བྱུང་བར་གྱི་འགལ་འབྲེལ་ལས་བསླངས་པའི་སྤྱི་ཚོགས་སྣང་ཚུལ་ཕྲ་རགས་རྣམས་རྩོམ་རིག་ལ་འདྲེན་པ་དེ་ལ་ཟེར། དེའང་བརྗོད་བྱ་དེ་ཕྱིའི་ཡུལ་གྱི་རྣམ་པ་དང་ཁོར་ཡུག་ཅིག་སྟེ། སྟོན་པའི་རྣམ་ཐར་《མདོ་མཛངས་བླུན》ལྟ་བུ་ལ་མཚོན་ཆ་བརྗོད་པར་འདོད་པའི་དགོངས་པའམ་སྲོག་ཕར་ཕྱིན་དྲུག་ཏུ་ངེས་ནའང་། བརྗོད་བྱ་འཇིག་རྟེན་གསུམ་ནས་བླངས་ཤིང་འགྲོ་བ་རིགས་དྲུག་ལ་མ་ཁྱབ་པ་མེད་དེ། ལྷ་དང་མི་དང་དུད་འགྲོ་དང་། སྲོག་ཆགས་བྱ་བྱིའུ་འབའ་འབུ་སོགས་ལ་སྦྱར་ནས་སྟོན་པ་ཡིན། 
          བརྗོད་བྱ་སྡེ་བཞིའམ་སྔོན་བྱུང་གཏམ་ལས་གྱུར་བ། བསྔགས་པ་བཅོ་བརྒྱད་སོགས་ཀྱང་སྤྱི་ཚོགས་འཚོ་བའི་ངོ་བོ་དང་རིགས་ལ་བསྟན་པ་ཡིན་ཏེ། དེང་སང་གི་བརྗོད་ལུགས་དབང་དུ་བྱས་ནའང་དམག་དོན་གྱི་བརྗོད་བྱ། ཕོ་མོའི་འདོད་རྩེད་ཀྱི་བརྗོད་བྱ། ལོ་རྒྱུས་ཀྱི་བརྗོད་བྱ། ཞིང་གྲོང་གི་བརྗོད་བྱ་སོགས་སུ་མིང་གིས་བཏགས་ནས་བརྗོད་བྱའི་རིགས་དགར་བ་ཡིན་དེས་ན《བྱ་སྤྲེལ་གཏམ་རྒྱུད་》ལྟ་བུ་ཞིག་ལ་མཚོན་ནའང་བརྗོད་བྱ་རི་དྭགས་དང་འདབ་ཆགས་ཀྱི་སྒྲུང་ཡིན་ལ། བརྗོད་བྱའི་དོན་ནམ་དངོས་བསྟན་དེ་རི་དྭགས་དང་འདབ་ཆགས་ཀྱིས་རི་བོ་ཀུན་བཟང་བརྩད་པའི་གྱོད་འདུམ་པ་དེ་ཡིན་ལ། ཤུགས་བསྟན་ནམ་སྲོག་ནི་གོར་དམག་གིས་བོད་ཀྱི་མངའ་ཁོངས་སུ་བཙན་འཛུལ་བྱས་པའི་གོར་བོད་དམག་འཁྲུག་གི་ལོ་རྒྱུས་བརྗོད་པ་ཡིན་ཞེས་དཔེ་ཆ་འགའ་ལས་མཐོང་། 
          ཚིག་གི་ཕྲེང་བའམ་རྩོམ་ལུས་ནི་བཅད་ལྷུག་སྤེལ་མ་གསུམ་སྒྲ་དོག་འཇུག་སྙན་ངག་ལུས་ཀྱི་དབྱེ་སྟངས་དང་།སྙན་ངག་སྒྲུང་གཏམ། རྣམ་ཐར། ཟློས་གར་སོགས་སྒྲ་ཡངས་འཇུག་གི་རྩོམ་ལུས་སྟེ་རྩོམ་རིག་གི་ཕྱིའི་རྣམ་པའི་གྲུབ་སྟངས་ཤིག་ལ་སྟོན་པ་ཡིན།   
          དེས་ན་སྲོག་དང་བརྗོད་བྱ། རྩོམ་ལུས་གསུམ་རྟེན་དང་བརྟེན་པའི་འབྲེལ་བ་སྟེ། དངོས་པོ་ཞིག་གི་ཕྱིའི་རྣམ་པ་དང་ནང་དོན་གྱི་འབྲེལ་བའི་ཚུལ་དུ་གནས། སྲོག་གི་དབང་པོས་མ་བཟུང་བའི།། མི་རོ་བཟང་ཡང་སུ་ཞིག་ལེན། ཞེས་པ་འདིར་དམོད་མཁན་མང་མོད། སྐྱེ་བུ་ཞིག་ལ་དཔེ་བཞག་ན་དོན་སྙིང་དུ་གྱུར་བའི་སྲོག་དེ་ཕྱིའི་རྣམ་པ་ལུས་ཀྱི་ཐོ་ཡོར་ལ་བརྟེན་ནས་འཚོ་དགོས་ཤིང་། ལུས་ཀྱི་ཐོ་ཡོར་དེའང་སྲོག་གི་རྒྱུན་བསྲིང་བ་ལ་བརྟེན་ནས་གནས་དགོས་པའི་གནས་ལུགས་དང་གཅིག་པ་སྟེ། བྱ་དངོས་གང་ཡིན་རུང་ནང་གི་ངོ་བའི་ཆ་དེ་ཕྱིའི་རྣམ་པའི་ནང་དུ་གནས་ནས་འཚོ་བ་དང། ཕྱིའི་རྣམ་པའི་ཆ་དེའང་ནང་གི་ངོ་བོ་ལ་བརྟེན་ནས་ཆགས་ཡོད་པས། ངོ་བོ་ལ་ལྟོས་ནས་རྣམ་པ་གྲུབ་ཅིང་། རྣམ་པ་ལ་ལྟོས་ནས་ངོ་བོ་གྲུབ་ཡོད། འདི་ལྟ་བུའི་གནས་ལུགས་ལ་དགོངས་ན་སྲོག་དང་བརྗོད་བྱ་འདྲ་འདྲེས་སུ་བརྗོད་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་ཟུར་མཁར་བློ་གྲོས་རྒྱལ་པོ་རྣམ་གཉིས་ཀྱི་ལྟ་བ་ལའང་དེ་འདྲ་བརྙས་རྒྱུ་མི་འདུག་པས། དེས་ན་སྲོག་དེའང་ངེས་པར་དུ་བརྗོད་བྱ་ངེས་ཅན་ཞིག་ལ་བརྟེན་ནས་ཕྱིར་མཚོན་དགོས། བརྗོད་བྱ་ནི་རྩོམ་པ་པོས་གདམ་གསེས་དང་བཙོ་སྦྱངས་བྱས་པའི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་ཞིག་ཡིན་དགོས། སྲོག་ནི་བརྗོད་བྱ་དེ་ནང་དུ་འོ་ཆུ་ཇི་བཞིན་འདྲེས་ཡོད་པའི་བསམ་བློ་སྟེ། རྩོམ་པ་པོས་བརྗོད་བྱ་དེར་བཟུང་བའི་སྤྱི་ཚོགས་དོན་སྙིང་གི་ཤེས་རྟོགས་དང་འགྲེལ་བཤད་ཡིན། དེ་ལྟ་བུའི་བརྗོད་བྱ་དེ་ཚིགས་བཅད་ལྷུག་སྤེལ་མ་ལས་དྲངས་པའི་སྒྲུང་གཏམ་མམ། སྙན་ངག   རྣམ་ཐར། ཟློས་གར་སོགས་སུ་བྱས་པས་རྩོམ་ལུས་ཀྱི་རྣམ་གཞག་བྱུང་བ་ཡིན་ལ། འདི་གསུམ་འབྲེལ་བ་དམ་ལ་དབྱེ་བ་གསལ་བའི་གོ་དོན་གསུམ་དུ་བལྟ་དགོས། 
          དེས་ན་ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། ཅེས་པའི་ཚིག་རྐང་གཉིས་པོ་འགྲེལ་སྐབས་“རྩོམ་པ་པོས་བརྗོད་པར་འདོད་པའི་བློ་”ཡི་གོ་དོན་ཞིག་བྱུང་ཡོད་དམ་མེད་ཟེར་ན། བློ་གཟུ་བོས་དཔྱད་ན་ཡོད་བདེན་ཏེ། རྩོམ་པ་པོས་“རེ་ཞིག་འདོད་པའི་དོན་”ཞེས་བརྗོད་པ་པོའི་འདོད་པའི་བློ་ཡི་རྣམ་གཞག་དང་། “རྣམ་བཅད”ཅེས་འདོད་པའི་བློ་དེ་“ངེས་པ་”འམ་དོད་པའི་བློ་དེ་“ཚིག་ལེགས་པར་སྡེབ་པ་”“ཚིག་གི་ཕྲེང་”ཞེས་བརྗོད་བྱ་རྩོམ་ལུས་ཅི་རིགས་སུ་འདྲེན་པའི་ལུས་ཀྱི་རྣམ་གཞན་གསལ་པོར་བསྟན་ཡོད་པས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་ཟུར་མཁར་པའི་འདོད་ཚུལ་དེའང་ལུང་ལས་བཏོན་པའི་གོ་བ་ཞིག་ཡིན་པ་སྨོས་མ་དགོས།
           དེས་ན་ལུང་ལ་འགྲེལ་སྟངས་མི་གཅིག་པ་གང་མང་བྱུང་དང་འབྱུང་སྲིད་མོད། ལུང་གི་ཚིག་རྐང་དེ་གཉིས་འགྲེལ་སྐབས་འབྲུག་ཁམས་སྤྲུལ་དང་བོད་མཁས་པ་སོགས་ཀྱིས་ཀྱང་ངག་ནས་སྲོག་གི་རྣམ་གཞག་བསྟན་མེད་ཅེས་ཁ་ཚོན་བཅད་མོད། འགྲེལ་བའི་སྐབས་སུ་“རེ་ཞིག་འདོད་པ་ཡི་དོན་གྱི་རྣམ་བཅད་”བཀྲལ་བ་ལ་བྱོལ་ཐབས་མེད་པར་“རྩོམ་པ་པོའི་བརྗོད་པར་འདོད་པའི་དོན་”“འདོད་པའི་དོན་སྒྲུབ་པ།”སྙན་ངག་མཁན་གྱི་བརྗོད་པར་འདོད་པ་སྟེ་བསམ་པའི་དོན་”སོགས་བརྗོད་འདོད་ཀྱི་བསམ་བློ་སྟོན་པའི་ཚིག་སྒྲོས་ཤིག་ངང་གིས་འབྱུང་བ་གཤམ་གྱི་མཁས་པ་འགའི་འགྲེལ་སྟངས་ལས་གསལ་ལོ།། 
          ས་པཎ་གྱི་《མཁས་པ་འཇུག་པའི་སྒོ》ལས་“སྙན་ངག་བསྡུ་ན་ལུས་དང་རྒྱན་གཉིས་སོ།། ལུས་ནི་འདོད་པའི་དོན་སྒྲུབ་པར་བྱེད་པ་ཡིན་ལ། རྒྱན་ནི་དེ་མཛེས་པར་བྱེད་པའི་ཚིག་དང་དཔེ་ལ་སོགས་པའི་སྦྱོར་བ་ཁྱད་པར་ཅན་ནོ།”⑧ཞེས་བརྗོད་བྱ་ཚིག་དང་དཔེའི་ཕྲེང་བར་སྡེབ་པའི་ལུས་ནི་རྩོམ་པ་པོའི་འདོད་པའི་དོན་སྒྲུབ་པར་བྱེད་པའི་རྩོམ་རིག་ཕྱིའི་རྣམ་པ་ཡིན་པར་བསྟན།
          དེ་བཞིན་བོད་མཁས་པའི་རང་འགྲེལ་ལས། “སྙན་ངག་གི་ལུས་ཀྱི་མཚན་ཉིད་གང་ཞེ་ན། དེ་ལ་རེ་ཞིག་སྨྲ་བ་པོའི་བརྗོད་འདོད་ཀྱི་ཀུན་ནས་བསླངས་པའི་བརྗོད་བྱ་གང་ཞིག རྗོད་བྱེད་ཚིག་གི་ཕྲེང་བ་ལེགས་པར་སྤེལ་བ་ཞིག་ཡིན་”⑨ ཞེས་བྱུང་། འདི་རུ་“སྨྲ་བ་པོའི་བརྗོད་འདོད་ཀྱི་ཀུན་ནས་བསླངས་པ་”དེ་“བརྗོད་བྱ་གང་ཞིག་འདེམས་འདོད་པའི་བློ་དེ་ཡིན་པར་བཀྲལ། ཟུར་མཁར་སོགས་ཀྱིས་རྩོམ་པ་པོས་བརྗོད་པར་འདོད་པའི་ཤུགས་སུ་བསྟན་པའི་དངོས་པོ་གཞན་དེ་དང་།། འབྲུག་ཁམས་སྤྲུལ་སོགས་ཀྱིས་གང་བརྗོད་པར་འདོད་པ་དེ་བརྗོད་བྱ་གདམ་རྒྱུའི་བློ་ཡིན་པར་འདོད་པ་འདི་གཉིས་ནི། ལྟ་བ་མི་གཅིག་པའི་ཤོག་ཁག་འདི་གཉིས་ཀྱི་རྩ་བའི་ཁྱད་པར་དང་རྩ་བའི་དབྱེ་བ་ཡིན།
          འབྲུག་ཁམས་སྤྲུལ་གྱིས་རང་གི་སྙན་འགྲེལ་ལས་”སྨྲ་བ་པོས་བརྗོད་པར་འདོད་པའི་དོན་གཏམ་རྒྱུད་སོགས་གང་ཡིན་པའི་བརྗོད་བྱའི་དོན་དེ་ངེས་པར་བྱས་ནས། ཚིག་ལེགས་པར་སྡེབ་པ་ཉིད་ནི་འདོད་པའི་དོན་གྱིས་རྣམ་པར་བཅད་པའི་ལུས་དང་།།  ⑩“སྙན་ངག་མཁན་གྱི་བརྗོད་པར་འདོད་པ་སྟེ། བསམ་པའི་དོན་ནི་འགའ་ཞིག་ཏུ་ར་བྷུ་བཾ་ཤ་ལ་སོགས་པ་རྣམ་པར་བཅད་པ་སྟེ་ལུང་གི་ངེས་པ་དང་ལྡན་པས་སོ།། འདོད་པའི་དོན་སྨྲ་བ་པོའི་བསམ་པས་རང་དབང་དུ་བྱས་པའམ་ཁྱད་པར་དུ་བྱས་པའོ།། དེས་ན་འདོད་པའི་དོན་རྣམ་པར་བཅད་པའི་ཚིག་གི་ཕྲེང་བ་ནི་སྙན་ངག་གི་ལུས་སུ་ཤེས་པར་བྱ་སྟེ།”(11)ཞེས་“སྨྲ་བ་པོའི་བརྗོད་པར་འདོད་པའི་དོན”ནམ་“སྙན་ངག་མཁན་གྱི་བརྗོད་པར་འདོད་པ་”“འདོད་པའི་དོན་སྨྲ་བ་པོའི་བསམ་པ་”“བསམ་པའི་དོན་”ཞེས་པ་སོགས་“གཏམ་རྒྱུད་གང་ཡིན་པ་”འམ་“ཚིག་གི་ཕྲེང་བ་”ལ་དམིགས་པ་ཡིན། དེས་ན་འདིར་རྩོམ་པ་པོས་བརྗོད་པར་འདོད་པའི་ཡུལ་ལམ་ཁ་གཏད་ས་དེ་བརྗེད་བྱ་ཡིན་པར་གོ་དགོས།
          དེས་ན་གོང་གསལ་ལུང་དང་འགྲེལ་བ་དག་ལ་སྡོམ་ཚིག་འདི་འདྲ་བཞི་འབྱུང་བ་ཡིན་ཏེ། 
          1.སློབ་དཔོན་དཎྜིའི་གཞུང་གི་རྩ་བ་ལས། “ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།།”ཅེས་པས་སྲོག་དང་བརྗོད་བྱ་གཉིས་འདྲ་འདྲེས་སུ་གླེང་ཡོད་པ་ཁས་ལེན་དགོས།
          2.གཞུང་ལུགས་དང་མཚན་ཉིད་རིག་པའི་ལྟ་བའི་ཐོག་དཔྱད་ན། བརྗོད་བྱ་སྲོག་གཉིས་དངོས་གཞི་གཅིག་གི་ཕྱིའི་རྣམ་པ་དང་ནང་དོན་གྱི་ཕྱོགས་གཉིས་གཅིག་ལ་གཅིག་བརྟེན་དུ་གནས་པའི་ཕུང་པོ་གཅིག་ཡིན། དེ་བས་སྙན་ངག་མཁན་གྱི་བརྗོད་པར་འདོད་པའི་དགོངས་པ་དང་། དགོངས་པ་དེ་གནས་པའི་ཡུལ་ལམ་མངོན་པར་མཚོན་བྱེད་ཀྱི་བརྗོད་བྱ་ཞེས་འདྲ་འདྲེས་སུ་འགྲེལ་ཡང་འགལ་བ་མེད་པར་སེམས། 
          3.བོད་མཁས་དང་འབྲུག་ཁམས་སྤྲུལ་ལྟར་ན་རྩོམ་པ་པོས་བརྗོད་པར་འདོད་པའི་བློ་དེས་གང་འདོད་པ་བརྗོད་བྱ་དང་བརྗོད་བྱ་ཚིག་སྦྱོར་ལེགས་པོར་སྤེལ་བས་རྩོམ་ལུས་བྱུང་བར་གོ་དགོས། 
          4.ཟུར་མཁར་བ་དང་ལྔ་པ་ཆེན་པོ་ལྟར་ན། སྲོག་དང་བརྗོད་བྱ་འདྲ་འདྲེས་སུ་བསྟན་ཡོད་དེ། ལྔ་པ་ཆེན་པོས་“ལུས་དང་རྒྱན་ཡང་རབ་ཏུ་བསྟན། ཞེས་པས་སྲོག་ཤུགས་ལ་བསྟན་ཡོད་དེ།”“སྡེ་བཞི་སོགས་ཀྱི་བརྗོད་བྱའི་སྲོག་དང་ལྡན་པའི་སྙན་ངག་གི་ལུས་བཅད་ལྷུག་སྤེལ་མ་ལ”དང་། ཟུར་མཁར་བས། “བརྗོད་བྱའི་དོན་ནི་སྲོག་ཡིན་ནོ་”དང་། “སྐབས་འདིར་སྙན་ངག་གི་སྲོག་གམ་བརྗོད་བྱའི་ནང་དོན་ལ་བཅོ་བརྒྱད་དུ་བསྡུས་ནས་བཤད་པ་ནི་”ཞེས་མེ་ལོང་མ་ལས་སྲོག་དང་བརྗོད་བྱ་འདྲ་འདྲེས་སུ་གླེང་ཡོད་པ་ཁས་ལེན། ཡིན་ནའང་འདིར་སྲོག་དང་བརྗོད་བྱ་འདྲ་འདྲེས་སུ་གླེང་བ་འདི་བོད་མཁས་དང་འབྲུག་ཁམས་སྤྲུལ་གྱིས་བརྗོད་པར་འདོད་པའི་བློ་དང་བརྗོད་བྱ་གཉིས་ངོ་བོ་གཅིག་ཡིན་པར་འདོད་པའམ་ཡང་ན་འདོད་པའི་བློ་དེས་གང་བརྗོད་བྱ་གདམ་པར་འདོད་པ་ཡིན་པའི་ལྟ་བ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ།། ཟུར་མཁར་པ་དང་ལྔ་པ་ཆེན་པོས་ནི་བརྗོད་འདོད་ཀྱི་བསམ་བློའམ་དགོངས་པ་གཞན་ཞིག་འདོད་པ་སྟེ“སྙན་ངག་མཁན་ཆེ་རྣམས་ཀྱི་ངག་རྣམས་ལས། སླར་ཡང་དངོས་པོ་གཞན་ཉིད་རྟོགས་པ་ཡོད།། སྙན་ངག་མཁན་གྱི་དགོངས་པ་སྟེ་ཤུགས་ལས་རྟོགས་པར་བྱའོ།།”ཞེས་རྩོམ་རིག་གི་བརྗོད་བྱ་དང་སྣང་སྙན་ལས་མངོན་པར་མཚོན་པའི་འཇིག་རྟེན་གྱི་དགེ་སྡུག། ལེགས་ཉེས། མཛེས་བཙོག་སོགས་ལྟ་བ་དང་ཡིད་བྱེད་ངེས་ཅན་ཞིག་ལ་སྟོན་པ་ཡིན། 
གཉིས།
          ས་ལུགས་མཁན་ཆེན་བྱམས་ཕྲུག་པས། “ལུས་སྲོག་རྒྱན་གསུམ་བཤད་པ་བདེན་ནམ་རྫུན།། བདེན་ན་གཞུང་འདི་དངོས་བསྟན་ཇི་ལྟ་བུ།། མི་བདེན་ན་ནི་ལུང་རིགས་སྐྱོན་བརྗོད་ནས། དབང་གྱུར་ལེགས་བཤད་གསར་བ་སྦྱིན་པར་འོས།”ཞེས་པའང་ཀླན་ཀ་ཁོ་ན་མ་ཡིན་པར་གནད་ལ་འབིགས་པའི་དྲི་བ་སྟེ། ལུང་དང་རིགས་པ་གང་གིས་དཔྱད་ཀྱང་བློ་གཟུ་བོར་གནས་ཤིང་བདེན་པའི་རྒྱུ་མཚན་དབང་ལ་བཞག་ནས་དཔྱད་པ་གཏོང་རྒྱུ་ཧ་ཅང་གལ་ཆེ་བར་སེམས། 
          རྒྱ་གར་རང་དུ་སྙན་ངག་ཉམས་ཀྱི་སྒྲོས་ཙམ་ཆེས་སྔ་བ་སྒྲ་པ་ནི་པ་ལས་བྱུང་ཡོད་པར་བཤད་ལ། སྙན་ངག་རྩོམ་ཐབས་དངོས་ལ་འཇུག་པ་སྐད་དང་ཡི་གེའི་སྦྱོར་བ་བཤད་པ་ཆེས་སྔ་བ་ནི་སྤྱི་ལོ་དུས་རབས་དང་པོ་ནས་བཞི་པའི་བར་བྱུང་བའི་བྷ་ར་ཏའི་《ཟློས་གར་གྱི་གར་གྱི་བསྟན་བཅོས་》ཡིན།   ཟློས་གར་གྱི་བསྟན་བཅོས་ལ་ལེའུ་སུམ་ཅུ་སོ་བདུན་ཡོད་པའི་ཁྲོད་ལེའུ་དྲུག་དང་བདུན་པ་གཉིས་སུ་སྙན་ངག་གི་སྐོར་བསྟན་པ་མང་སྟེ། ཉམས་དང་འགྱུར་བའི་རྣམ་གཞག་སྙན་ངག་མེ་ལོང་མར་བསྡུས་ཤིང་། ལེའུ་བཅོ་ལྔ་ནས་བཅུ་དགུ་བར་སྐད་བརྡའི་སྦྱོར་བ་ཁོ་ན་སྟོན་པ་སྟེ། མིང་བརྡའི་ང་རོ་དང་མིང་བརྡའི་རྣམ་པ། ཚིགས་བཅད། རྒྱན་སྦྱོར་སྟངས། སྐྱོན་སེལ། ཡོད་ཏན་བཅུ། ལེགས་སྦྱར་སྐད་དང་ཟུར་ཆག་སྐད་གྱི་བརྗོད་པའི་ཚད་གཞི་དང་མིང་གི་འབོད་སྟངས་སོགས་སྙན་ངག་དང་འབྲེལ་བའི་ནང་དོན་འགའ་བྱུང་ཡང་ལུས་སྲོག་གི་སྐོར་གླེང་མེད།  
          སློབ་དཔོན་དཎྚིའི་གཞུང་《སྙན་ངག་མེ་ལོང་》མ་འདི་མཁས་མང་བཞེད་མཐུན་དུ་དུས་རབས་དྲུག་པའི་སྐབས་ཀྱི་བརྩམས་ཆོས་སུ་ངོས་འཛིན་ལ། འདི་ནང་དུ་སྲོག་གི་རྣམ་གཞག་དམིགས་སུ་བཀར་ནས་བསྟན་མེད་པས་བོད་མཁས་སོགས་ཀྱི་མེད་པར་འདོད་ལ། བརྗོད་བྱ་དང་སྲོག་གཉིས་འདྲ་འདྲེས་སུ་མངོན་སུམ་གསུངས་པས་སྲོག་ཤུགས་སུ་བསྟན་ཡོད་པ་ལྔ་པ་ཆེན་པོ་དང་ཟུར་མཁར་བ་སོགས་མཁས་པ་མང་པོས་འདོད། དེ་ནས་དུས་རབས་བཅུ་བདུན་བར་རྒྱ་གར་རང་དུ་སྙན་ངག་རྒྱན་གྱི་བསྟན་བཅོས་གལ་ཆེན་བཅུ་དྲུག་ཙམ་བྱུང་ཞིང་དེ་དག་ལས་སྲོག་གི་རྣམ་གཞག་བཤད་པ་མང་ལ། ཁྱད་པར་དུ་སྲོག་གཙོ་བོར་བཟུང་ནས་བརྗོད་པ་དུས་རབས་དགུ་པའི་དུས་སུ་བྱུང་བའི་དགའ་རྒྱས་ཀྱིས་བརྩམས་པའི 《དབྱངས་ཀྱི་སྒྲོན་མེ》ཞེས་པ་དེ་ཡིན། ཡིན།《དབྱངས་ཀྱི་སྒྲོན་མེ》དེ་བོད་དུ་འགྱུར་བ་མེད་ཀྱང་རྒྱ་རིགས་མཁས་པ་ཅི་ཞན་ལིན་དང་ཧོང་པོ་ཧྲིན་གཉིས་ཀྱིས་རྒྱ་ཡིག་གླེག་བམ།《རྒྱ་གར་གནའ་རབས་རྩོམ་རིག་གི་ལོ་རྒྱུས》དང་《རྒྱ་གར་གནའ་རབས་རྩོམ་རིག་གཞུང་ལུགས་》ལས་མཁས་པ་སོ་སོའི་ལྟ་བ་གཙོ་བོ་རྣམས་དྲངས་ཤིང་འགྲེལ་བཤད་བྱས་ཡོད།
          མན་མ་ཧ་ཡི་《སྙན་འགྲེལ་》ལེའུ་གཉིས་པར་ཚིག་སྦྱོར་གྱི་ཤུགས་བསྟན་བྱེད་ནུས་དང་གོ་དོན་ལ། “མིང་བརྡའི་ཐད་ཀའི་གོ་དོན་བཏང་སྙོམས་སུ་བཞག་ནས། བརྗོད་པ་པོའི་དམིགས་པ་ངེས་ཅན་ཞིག་སྙེག་པའི་ཚེ་གོ་དོན་གཞན་ཞིག་རང་བཞིན་གྱིས་ཐོན་པ་ཡིན་པས།   དེ་ལྟ་བུའི་ངག་དོན་གཞན་ཞིག་འཕེལ་བར་བྱེད་པའི་ནུས་པ་ནི་ཚིག་སྦྱོར་གྱི་ཤུགས་བསྟན་ལ་རགས་ལས་པ་ཡིན།”⑿ཞེས་དང་། 《སྙན་འགྲེལ་》ལེའུ་གསུམ་པར་ཤུགས་བསྟན་གྱི་དོན་བྱེད་ནུས་པ་བརྗོད་སྐབས། “བརྗོད་པ་པོ་དང་བརྗོད་པར་བྱ་བའི་ཡུལ། སྐད་ཆ་དང་སྐད་གདངས་། སྒྲའི་གོ་དོན། མཉན་མཉན་མཁན་གང་ཟག གཏམ་བརྗོད་ཀྱི་གནས་བབས་དང་ས་གནས། དུས་ཚོད་སོགས་དམིགས་གསལ་དབང་གིས་མཁས་པས་གོ་དོན་གཞན་ཞིག་རྟོགས་པར་འགྱུར་རོ་།།”(13)ཞེས་སྙན་ངག་སྐབས་ཀྱི་ཤུགས་བསྟན་གྱི་ནུས་པ་འབུར་ཐོན་དུ་བརྗོད།
          ཁོ་ཚོའི་འདོད་ཚུལ་ལ། མིང་བརྡ་དང་ཚིག་སྦྱོར་གྱི་དོན་བྱེད་ནུས་པ་ལས་དངོས་བསྟན་ནི་སྒྲ་རིག་པའི་གནས་སྐབས་ཀྱི་གོ་དོན་དུ་ཟད་ལ། ཤུགས་བསྟན་ནམ་བསྡུས་བརྗོད་ཀྱི་མཚོན་སྟངས་ནི་དེ་ལས་ལྷག་པའི་དོན་བྱེད་ནུས་པ་དང་ལྡན་ཞིང་སྙན་ངག་སྐབས་ཀྱི་གོ་དོན་དུ་འདོད། 《སྙན་འགྲེལ་》ལས་“དེ་བཞིན་དོན་བྱེད་ནུས་པ་ཆེ་བའི་ཤུགས་བསྟན་གྱི་མཚོན་སྟངས་འདི་བྱུང་བ་ཡིན་ཏེ། འདི་ནི་སྙན་ངག་སྲོག་ཡིན། དངོས་བསྟན་ལས་འདས་པའི་ཤུགས་བསྟན་ནམ་བསྡུས་བརྗོད་ཀྱི་མཚོན་སྟངས་འདི་ནི་སྙན་ངག་གི་ཆེས་མཛེས་པའི་ཁྱད་ཆོས་སུ་མཐོང་། དེ་བས་དངོས་བསྟན་ནི་ཚིག་སྦྱོར་གྱི་ཐད་ཀའི་གོ་དོན་ཡིན་ལ། ཤུགས་བསྟན་ནས་བསྡུས་བརྗོད་ནི་སྙན་ངག་གི་ངོ་བོ་ཡིན་”⒁ཞེས་བྱུང་། རྒྱའི་མཁས་པ་ཅིན་ཁུ་མུའུ་(金克木)ཡིས་དགའ་རྒྱས་ཀྱི《དབྱངས་ཀྱི་སྒྲོན་མེ་》ལ་དཔྱད་པ་བརྗོད་སྐབས་གསུངས་དོན། 《དབྱངས་ཀྱི་སྒྲོན་མེ》ཡིས་རྒྱ་གར་གནའ་རབས་རྩོམ་རིག་གཞུང་ལུགས་ཁྲོད་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་ཡིན། དེས་སྔོན་ཆད་ཀྱི་རྣམ་པའི་རང་ལུགས་ཀྱི་ཚིག་རྒྱན་སྤེལ་སྟངས་ཀྱི་གཞུང་ལུགས་ཀྱི་སྲོལ་གཏོར་ནས་“སྙན་ངག་གི་སྲོག”སྨྲ་བའི་གཞུང་ལུགས་འཐུས་ཚང་རྐྱ་འཕེར་བ་ཞིག་གསར་གཏོད་བྱས། 《དབྱངས་ཀྱི་སྒྲོན་མེས་》ཚིག་རྒྱན་སྤེལ་སྟངས་ཞིབ་འཇུག་དེ་གོམ་གང་མདུན་དུ་སྤོས་ནས་རྩོམ་རིག་གི་ངོ་བོ་ལ་ཞིབ་འཇུག་བྱེད་པའི་ལས་ལ་ཞུགས་ཤིང་ཞིབ་འཇུག་གི་རྣམ་པ་གསར་པ་ཞིག་ལ་སླེབས་ཏེ། རྩོམ་རིག་གཞུང་ལུགས་ཀྱི་ཞིབ་འཇུག་དེ་“རྩོམ་ལུས་”ཀྱི་རྣམ་གཞག་ལས་རྒྱ་བསྐྱེད་དེ་“སྲོག་”གི་རྣམ་གཞག་ལ་འཕེལ་རྒྱས་སུ་བཏང་།⒂ 
          དགའ་རྒྱས་ཀྱི《དབྱངས་ཀྱི་སྒྲོན་མེ་》ལས་“བརྗོད་རིམ་སྟོབས་ལས་དངོས་པོ་ནི། ཟབ་མོ་དག་ཀྱང་གསལ་བསྟེ”ཞེས་དང་། “སྙན་ངག་མཁན་ཆེ་རྣམས་ཀྱི་ངག་རྣམས་ལས། སླར་ཡང་དངོས་པོ་གཞན་ཉིད་རྟོགས་པ་ཡོད། གང་དེ་གྲགས་པའི་ཆ་ཤས་བྲལ་བར་སྣང་། སྙན་ངག་མཁན་གྱི་དགོངས་པ་སྟེ་ཤུགས་ལས་རྟོགས་པར་བྱའོ།། དེ་ནི་སྐྱེ་མའི་ཞལ་གཟུགས་ཀྱི་ལྷན་སྐྱེས་མཛེས་པ་དེ་རང་གི་ཡན་ལག་གི་ཆ་ཕྱེད་ཀྱི་མཛེས་པ་ལས་ལྷག་པ་བཞིན་ནོ།།”⒃ཞེས་སྙན་ངག་མཁན་གྱི་དགོངས་པ་བརྩམས་ཆོས་ཀྱི་ཤུགས་ལས་རྟོགས་ཤིང་། ཚིག་རྒྱན་རེ་གཉིས་མཛེས་པ་ནི་སྐྱེ་མའི་ཡན་ལག་གི་མཛེས་པ་དང་མཚུངས་ལ།   བརྩམས་ཆོས་ཤུགས་བསྟན་གྱི་དགོངས་གཞི་མཛེས་པ་དེ་སྐྱེ་མའི་གཟུགས་ཀྱི་ཆ་ཡོངས་མཛེས་པའི་མཛེས་ཁྱད་དང་མཚུངས་ཞེས་སྲོག་གི་རང་བཞིན་གལ་ཆེན་དུ་བཏོན། དགའ་རྒྱས་ཀྱི། 《དབྱངས་ཀྱི་སྒྲོན་མེ》ནང་གི་ལུང་འདི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་རང་གི་སྙན་འགྲེལ་དུ་དྲངས་ཡོད་པ་དང་། “སྙན་ངག་མཁན་གྱི་བསམ་བྱས་རྟགས་”སོགས་དུས་རབས་དགུ་པའི་མན་གྱི་རྒྱ་གར་མཁན་པོའི་ལུང་གང་མང་རང་རེའི་སྙན་ངག་སྨྲ་བ་རྣམས་ཀྱི་གསུང་དང་ངག་སྒྲོས་སུ་དྲངས་པར་གཞིགས་ན། རང་རེའི་དུས་རབས་བཅུ་གསུམ་པའི་རྗེས་ཀྱི་མཁས་ཆེན་རྣམས་ཀྱིས་དགའ་རྒྱས་ཀྱི་《དབྱངས་ཀྱི་སྒྲོན་མེ་》དང་མན་མ་ཧའི་《སྙན་འགྲེལ་》སོགས་གཟིགས་ཡོད་པར་མ་ཟད། ཟུར་ལྟའི་ཚུལ་གྱིས་རང་གི་ལྟ་བ་དང་སྡེབ་ནས་དཎྚིའི་གཞུང་ལ་རང་འགྲེལ་མཛད་པ་ཡིན་པར་སེམས། དེས་ན་ལྔ་པ་ཆེན་པོ་དང་ཟུར་མཁར་བློ་གྲོས་རྒྱལ་པོ་སོགས་ཀྱི་སྲོག་ཡོད་པའི་འདོད་ཚུལ་དེ་ཡང་རང་གི་སེམས་སུ་ཐོལ་བྱུང་དུ་སྐྱེས་པའམ་གཞན་གྱིས་མ་དྲན་པ་ཞིག་བརྗོད་པ་མ་ཡིན་པར། རྒྱ་གར་ཕྱི་རབས་གཞུང་ལུགས་སྨྲ་བའི་ལུང་ལ་རྒྱབ་བརྟེན་པ་མངོན་སུམ་ཡིན། དེ་ནི་དུས་རབས་ཕྱི་མའི་དགའ་རྒྱས་དང་མན་མ་ཧའི་འདོད་ཚུལ་ཁྱེར་ནས་སྔ་མ་དཎྚིའི་གཞུང་ལ་འགྲེལ་བ་བྱས་པས་ན་འགལ་བ་ཞིག་ངང་གིས་འབྱུང་སྲིད་དེ། དུས་རབས་དྲུག་པའི་སྐབས་དཎྚིའི་གཞུང་ལ་སྲོག་གི་རྣམ་གཞག་ཤུགས་སུའམ་འདྲ་འདྲེས་སུ་བསྟན་པ་ལས་ལོགས་སུ་དགར་ནས་བསྟན་མེད་པ་དང་། དུས་རབས་དགུ་པ་དང་བཅུ་པའི་སྐབས་ཀྱི་དགའ་རྒྱས་དང་མན་མ་ཧས་སྙན་ངག་དོན་རྒྱན་གྱི་རྣམ་གཞག་ལས་འགོག་རྒྱན་སོགས་རྒྱན་གྱི་རྣམ་གཞག་འགའ་ཟུར་དུ་བཀར་ནས་སྙན་ངག་སྲོག་གི་རྣམ་གཞག་བརྗོད་པ་ཡིན།
གསུམ།
          མཐའ་དཔྱོད་ལ། དཎྜིའི་སྙན་གཞུང་གི་ལུང་ལས་སྙན་ངག་སྲོག་གི་རྣམ་གཞག་དམིགས་སུ་བསྟན་མེད་པ་ཁས་བླངས་པའི་ཆ་རྐྱེན་འོག་སྲོག་དང་བརྗོད་བྱ་འདྲ་འདྲེས་སུ་བསྟན་ཡོད་པའང་ཁས་ལེན་པར་རིགས། དེ་ནི་གཙོ་བོ་ལུས་དང་རྒྱན་གྱི་མཚན་ཉིད་ལ་འགྲེལ་སྟངས་མི་གཅིག་པའི་ཁྱད་ཆོས་ལ་ཐུག་ཡོད། ཡིན་ནའང་དཎྚིའི་གཞུང་ལས་མ་གསུངས་པས་ན་སྙན་གཞུང་ཀུན་མ་གསུངས་པར་མི་སྨྲ་སྟེ། ཕྱི་འབྱུང་རྒྱ་གར་མཁས་པ་ལས་སྲོག་ཁས་ལེན་པ་ཧ་ཅང་མང་བ་གོང་དུ་བགྲངས་ཚར།
          འོ་ན་སྤྱིར་རྩོམ་རིག་ལ་སྲོག་ཡོད་མེད་དེ་གལ་ཆེ་བ་ལས་དཎྚིའི་སྙན་གཞུང་ལས་དམིགས་སུ་བསྟན་མ་བསྟན་དེ་གལ་ཆུང་བར་མཐོང་སྟེ། སྤྱིར་རྩོམ་རིག་རིག་པའི་རྣམ་གཞག་སྤྱི་ལ་སྲོག་ཡོད་པ་ཡིན་ན་དཎྚིའི་གཞུང་དུ་ལོགས་སུ་མ་བསྟན་ཀྱང་ཡོད་པར་ཁས་ལེན་ཆོག་ལ། མཁས་པ་ཕྱི་མ་རྣམས་ཀྱིས་ཁ་གསེབ་སྣོན་མ་མཛད་ཀྱང་ཉེས་པ་མི་ཐེབས་སོ།། སྤྱིར་རྩོམ་རིག་བརྩམས་ཆོས་ལ་སྲོག་བྱ་བའི་གོ་དོན་ཞིག་མེད་ན་ཡོད་པར་བརྗོད་མཁན་རྣམས་གནས་ལུགས་དང་འགལ་བའོ།། 
          རྒྱ་གར་དང་བོད་ཀྱི་གནའ་རབས་རྩོམ་རིག་བརྩམས་ཆོས་གལ་ཆེན་རྣམས་དང་གཞུང་ལུགས་རབ་འབྱམས་སྨྲ་བ་རྣམས་ཀྱིས་བརྗོད་པར་འདོད་པའི་དགོངས་དོན་བཟང་དགོས་པ་གཙོ་བོར་བསྟན་ཡོད་དེ། 《སྙིང་རྗེ་པད་མ་དཀར་པོའི་མདོ》ལས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་མདོ་བསྡུ་བའི་སྐབས་སུ། “དོན་བཟང་པོ་དང་། ཚིག་འབྲུ་བཟང་པོ་རྒྱས་པར་སྟོན་ཅིག་”ཅེས་བརྗོད་བྱའི་དགོངས་དོན་གཙིགས་ཆེན་དུ་བཟུང་ཡོད།
          རྗེ་ཙོང་ཁ་པ་རིན་པོ་ཆེའི། 《རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་》ལས། “རྒྱལ་བ་ཉིད་ཀྱི་གསུང་རབས་བསྔགས་པ་ན།། དོན་བཟང་པ་དང་ཚིག་འབྲུ་བཟང་པོ་ཞེས་གསུངས་ཤིང་ཤིན་ཏུ་དཀར་བའི་ཁང་བཟང་ལའང་།   བསིལ་ཟེར་བྱེད་པའི་འོད་ཀྱིས་བྱུག་པ་བཞིན། དོན་བཟང་པ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས། སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར་”⒄ཞེས་ཕྱིའི་རྣམ་པ་རྗོད་བྱེད་ཚིག་གི་རྒྱན་རྣམས་ལས་ཀྱང་གལ་ཆེ་བ་ནི། ནང་དོན་གྱི་ཆར་གཏོགས་པའི་བརྗོད་འདོད་ཀྱི་ནང་དོན་གལ་ཆེ་བར་བསྟན་ཏེ། རང་རྣམ་ཐུབ་བསྟན་མཛེས་རྒྱན་ལས་ཀྱང་། “བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་ལ་བརྟེན་ནས་མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུར་འགྱུར་བ་ཞིག་དགོས་”ཞེས་གསུངས་པས། བརྗོད་བྱ་ལྷ་ཡུལ་དང་དམྱལ་ཁམས་རབ་བྱུང་བ་དང་ཁྱིམ་པ་བ། བདེ་འགྲོ་དང་ངན་འགྲོ། དུད་འགྲོ། སྲོག་ཆགས། བྱ་བྱིའུ། འབའ་འབུ་གང་ལ་དཔེ་བཀབ་ནས་སྦྱར་ཀྱང་བརྗོད་བྱའི་དོན་དང་དགོངས་གཞི་བཟང་བ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་དཀྲི་བའི་རྒྱུར་འགྱུར་བ་ཞིག་ཡིན་དགོས་གསུང། 
          རྒྱལ་པོ་དགེ་དབང་གིས་《དཔག་བསམ་འཁྲི་ཤིང་》《ལེགས་བཤད་འཚོལ་བའི་རྟོགས་པ་བརྗོད་པ་》ལས། “མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས་།། སྙིང་ལྡན་རྣམས་ཀྱིས་ནང་གི་དེ་ཉིད་དཔྱོད་པ་མེད་ན་རབ་མཛེས་སྙན་ངག་ནི། སྟོང་པ་ཉིད་དེ་དབེན་སའི་ཁྲོན་པའི་མར་མེ་བཞིན་དུ་བསྟེན་པར་འགྱུར་”⒅ཞེས་སྙན་ངག་གི་གལ་ཆེན་རང་བཞིན་དང་མཁས་པའི་གལ་ཆེན་རང་བཞིན་བརྗོད་པའི་རྗེས་སུ། “ནང་གི་དེ་ཉིད་དཔྱོད་པ་མེད་ན་”ཞེས་སྙིང་དང་ལྡན་པའི་ཀློག་པ་པོ་རྣམས་ཀྱིས་སྙན་ངག་བརྩམས་ཆོས་ཀྱི་ནང་གི་དེ་ཉིད་དེ་བསྟན་བྱའམ་དགོངས་པ་མ་གོ་ན། རབ་ཏུ་མཛེས་པའི་སྙན་ངག་དེ་སྟོང་པ་ཉིད་དེ། སྙན་ངག་མཛེས་ཀྱང་དབེན་པའི་ཁྲོན་པའི་ནང་གི་མར་མེའི་འོད་གསལ་བ་ཇི་བཞིན་ཀུན་གྱིས་མི་མཐོང་ཅིང་ཕན་མི་ཐོགས་ལ། “གལ་ཏེ་སྐད་ཅིག་དེ་ཉིད་ཤེས་པས་མཆོག་ཏུ་ཡིད་སྟོན་སྒྲུབ་བྱེད་ན། ཚིག་རྣམས་ཀྱིས་ནི་ཛ་ཏིའི་དྲི་བཟང་ངོ་མཚར་སྐྱེད་པར་བྱེད་”ཅེས་ཀློག་པ་པོས་སྙན་ངག་གི་ནང་གི་དེ་ཉིད་དེ་བསྟན་བྱའམ་དགོངས་གཞི་རྟོགས་པ་ན་གཟོད་ཚིག་གི་སྦྱོར་བའི་མཛེས་པ་ཛ་ཏིའི་དྲི་བཟང་ངོ་མཚར་ལ་རོ་མྱོང་བྱེད་ཐུབ་ཅིང་ཡིད་ལ་སིམ་པ་སྐྱེད་པར་ནུས་སོ་གསུངས།
          སྙན་ངག་མཁན་གྱི་བསམ་བྱས་རྟགས།། གཞན་དུ་ཡང་ནི་སྐྱོན་མི་འགྱུར།། འདོད་དོན་སྒྲུབ་ལ་སྒོ་རུ་ནི།། མཁས་པ་རྣམས་ལ་ཅིས་མི་འགྱུར།། སྙན་ངག་མཁན་གྱི་དགོངས་པ་སྟེ་བསམ་པས་མི་ནོར་བའི་སླད་དུ་རྟགས་སམ་མཚན་མར་བཀོད་པ་ཅུང་ཟད་ཙམ་ཡོད་པ་ནི་བརྗོད་པ་དང་གཏམ་ལ་སོགས་པ་རྩོམ་ལུས་བཅད་ལྷུག་གཞན་དག་ལའང་སྐྱོན་དུ་མི་འགྱུར་ཅིང་། བཅད་ལྷུག་སརྒས་བཅིངས་མ་བཅིངས་གང་རུང་རྣམས་རྩོམ་པ་པོའི་འདོད་དོན་ཏེ་དགོངས་པ་སྟོན་བྱེད་ཀྱི་སྒོ་རུ་རུང་བ་ཡིན་ནོ།།
          མདོར་ན་སྙན་ངག་ལས་ཤུགས་བསྟན་སྲོག་གི་རྣམ་གཞག་འདི་སྔ་མའི་སྙན་ངག་གཞུང་ལུགས་རབ་འབྱམས་སྨྲ་བ་དག་གིས་མ་མཐོང་མ་བརྗོད་པ་མིན་ཡང་། ལོགས་སུ་མ་དགར་བ་ཡིན། ཕྱིས་ཀྱི་མཁས་པ་རྣམས་ཀྱི་དོན་རྒྱན་སོགས་ལས་ཟུར་ཤུགས་ནས་འདོད་དོན་སྟོན་པའི་རྒྱན་རྣམས་ལོགས་སུ་བསལ་ནས་སྲོག་གི་རྣམ་གཞག་བསྟན་པ་ཡིན། 
 མཆན་འགྲེལ།
          ①⑼《བོད་མཁས་སྙན་འགྲེལ་》ཤོག་ངོས་123.114ལས་གསལ།  
          ②③⑽⑾《འབྲུག་ཁམས་སྤྲུལ་སྙན་འགྲེལ་》ཤོག་ངོས་54.60.54.55ལ་གསལ།  
          ④⑦《ཀྲུང་གོའི་བོད་ཀྱི་ཤེས་རིག་》1997ལོའི་དུས་དེབ་བཞི་པའི་ཤོག་ངོས་93.94.54ལ་གསལ། 
          ⑤⑥《རྩོམ་རིག་རྣམ་བཤད་》ཤོག་ངོས་306.306ལ་གསལ། 
          ⑧《མཁས་པ་འཇུག་པའི་སྒོ》ཤོག་ངོས་44ལ་གསལ།
          ⑿⒀⒁⒃《印度古典诗学》P.350、P.354、P.352、P.353
          ⒂《古印度文艺理论文选》P.10
          ⒄《ལེགས་རྩོམ་སྙིང་བསྡུས་》ཤོག་ངོས་335.375ལ་གསལ། 
          ⒅《དཔག་བསམ་འཁྲི་ཤིང་།》ཤོག་ངོས་556ལ་གསལ།