ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > གསར་ཤོས།

གླིང་སྒྲུང་ལས་མེ་བཟའི་སྐོར་བཤད་པ།

སྤེལ་དུས 2019-12-31 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། རྟ་མགྲིན་རྒྱལ། ཡེ་ཤེས་སྒྲོལ་མ།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་《བདུད་འདུལ་》དང་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》 ཞེས་པའི་སྒྲུང་དཔེ་གཉིས་པོ་གཞིར་བཟུང་ནས་གླིང་སྒྲུང་བདུད་འདུལ་ནང་གི་མེ་བཟའ་ཞེས་པ་དེ་མི་ཅི་ལྟ་བུ་ཞིག་ཡིན་པའི་སྐོར་གསལ་བཤད་བྱས་ཡོད།
[བརྡ་ཆད་གཙོ་བོ།] གླིང་སྒྲུང་། བདུད་འདུལ། མེ་བཟའ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]I207.409.7
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)03-0123-16
          སྤྱིར་བཏང་ཕོ་མོའི་བར་དུང་ཕྲེང་ཐག་ཏུ་བྱས་ཏེ་གཏམ་རྒྱུད་ཀྱི་བྱུང་རིམ་བཀོད་སྒྲིག་བྱས་པ་ནི་གླིང་སྒྲུང་གི་ཁྱད་ཆོས་གཙོ་བོ་ཤིག་ཡིན།  དེ་ཡང་བདུད་འདུལ་ལ་མཚོན་ནས་བཤད་ན།  གླིང་སེང་ཆེན་རྒྱལ་པོ་ཕོ་ལོ་བཅོ་ལྔའི་སྟེང་བྱང་དུ་ཕེབས་ཏེ་བདུད་ཀླུ་བཙན་རྒྱལ་པོ་བཏུལ་བའི་སྐོར་བརྗོད་ཡོད་ནའང་ཆུ་མགོ་གངས་གཏུགས་ཀྱི་དཔེ་ལྟར་གྱོད་ཀྱི་གཞི་མ་དེ་མེ་བཟར་ཐུག་ཡོད་ཕྱིར།  མེ་བཟའ་ནི་《བདུད་འདུལ་》ནང་གི་མེད་དུ་མི་རུང་བའི་མི་སྣ་གཙོ་བོ་དེ་ཡིན་པའང་སྨོས་མ་དགོས་པ་རེད།   འོ་ན་འདིར་སྐབས་སུ་བབ་པ་མེ་བཟའ་ཟེར་བ་དེ་མི་ཅི་འདྲ་ཞིག་ཡིན་པའི་སྐོར་བརྗོད་པར་བྱའོ།།
དང་པོ། མེ་བཟའི་མིང་གི་འབོད་སྲོལ་དང་མིང་གི་ཐོགས་ལུགས།
          སྒྲུང་མཁན་སོ་སོ་དང་སྒྲུང་དཔེ་མི་གཅིག་པའི་ནང་མེ་བཟའི་མིང་གི་འབོད་སྲོལ་མི་འདྲ་བ་རེ་ཐོན་ཡོང་གི་ཡོད་པ་རེད།  དཔེར་ན།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་《བདུད་འདུལ་》(སྒྲུང་དཔེ་འདི་དང་སྤྱིར་གླིང་སྒྲུང་གི་ནང་གི་《བདུད་འདུལ་》ལེ་ཚན་གཉིས་མི་ནོར་བའི་ཆེད་དུ་གཤམ་ནས་སྒྲུང་དཔེ་འདི་ལ་《ཀན་སུའུ་བདུད་འདུལ་》ཞེས་འབྲི་རྒྱུ་ཡིན་)གྱི་ནང་དུ་མེ་བཟའ་འམ་མེ་བཟའ་འབུམ་སྐྱིད་ཅེས་འབོད་པ་དང་། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་དུ་མན་བཟའ་འམ་མན་བཟའ་འབུམ་སྒྲོན་ཞེས་བྲིས་ཡོད་པ་རེད།  གཞན་ཡང་མེ་བཟའ་ཨ་འབུམ་མམ་མེ་བཟའ་ཁྲོམ་ཤོག་དང་ཨ་སྐྱིད་མན་བཟའ་འམ་ཁྲི་ཤོག་མན་བཟའ་ཞེས་པ་སོགས་འབོད་སྲོལ་ཅི་རིགས་ཡོད་པ་ནི་གཤམ་གྱི་རེའུ་མིག་ཏུ་གསལ་བ་ལྟར་རོ།།
 
          གོང་དུ་བརྗོད་པའི་མེ་བཟའི་མིང་གི་འབོད་སྲོལ་ཅི་རིགས་ཡོད་པ་དེ་དག་ཚང་མ་དོན་ལ་གདགས་གཞིའི་གང་ཟག་གཅིག་ལ་གོ་བ་ཡིན་པས། འདིར་ཁྱབ་ཆེ་བའི་སྒོ་ནས་མེ་བཟའ་ཞེས་འབྲི་རྒྱུ་ཡིན་ལ། དང་པོ་མེ་བཟའ་ཞེས་པའི་མིང་ཇི་ལྟར་ཐོགས་པ་ཡིན་ཟེར་ན།   《ཀན་སུའུ་བདུད་འདུལ་》གྱི་ནང་གི་ཁྲུང་ཁྲུང་གི་གླུ་ལ། “དཔོན་མེ་རུ་རྒྱལ་པོའི་སྲས་མོ་རེད་ཁྲུང་ཁྲུང་།།  བཟའ་ཡོངས་བརྟན་རྒྱལ་པོའི་དཔོན་མོ་རེད་ཁྲུང་ཁྲུང་།།   སྡེ་འབུམ་ཚོ་གཅིག་གི་བདག་མོ་རེད་ཁྲུང་ཁྲུང་།།  སྨན་མེ་བཟའ་འབུམ་སྐྱིད་དེ་ནས་ཐོག་(ཐོགས་)ཁྲུང་ཁྲུང་།།”①ཞེས་དཔོན་མེ་རུ་རྒྱལ་པོའི་སྲས་མོ་ཡིན་པས་རུས་མེ་དང་།  བཟའ་ཡོངས་བརྟན་རྒྱལ་པོའི་དཔོན་མོ་ཡིན་པས་བཟའ་འབོད་པར་བཤད་པ་དང་།  ཡང་མེ་བཟའི་གླུ་ལ།  “ང་མེ་བཟའ་འབུམ་སྐྱིད་ཐོག་དོན་དེ།།  དཔོན་མེ་རུ་རྒྱལ་པོའི་སྲས་མོ་རེད།། ཟ་ཡང་བརྟན་རྒྱལ་པོའི་དཔོན་མོ་རེད།། སྡེ་འབུམ་ཚོ་གཅིག་གི་བདག་མོ་རེད།།   ང་མེ་བཟའ་ཨ་འབུམ་དེ་ནས་ཐོག(ཐོགས)། ”② ཅེས་པར་ཟ་ཡང་བརྟན་བྲིས་ཡོད་པས་དེ་ནི་ནོར་སོང་བ་ཡིན་པ་འདྲ། ཨ་འབུམ་ཟེར་བ་ནི་སྡེ་འབུམ་ཚོ་གཅིག་གི་བདག་མོ་ཡིན་པས་ན་ཨ་འབུམ་ཞེས་ཐོགས་པར་བཤད་དོ།།
གཉིས་པ། མེ་བཟའི་སྐྱེས་ཁུངས་བསྟན་པ།
          མེ་བཟའི་མིང་གི་འབོད་ལུགས་སོགས་སྔོན་དུ་སོང་བ་དང་། འདིར་མེ་བཟའ་ནི་ཡུལ་གང་དང་ཕ་མ་རིགས་རུས་གང་གི་སྲས་མོར་འཁྲུངས་པའི་སྐྱེས་རྒྱུད་ཀྱི་ཁུངས་བསྟན་པར། སྒྲུང་དཔེའི་ནང་དུ་“སྐྱེ་བ་གཅིག་ལ་སྐྱེས་ལུས་གསུམ”དུ་བཤད་པ་སྟེ། དང་པོ་ལྷ་ཡི་སྲས་མོ་དང་། བར་དུ་གླིང་གི་ཇ་མ།  མཐའ་མར་བདུད་ཀྱི་དཔོན་མོར་གྱུར་བའི་ལས་ཀྱི་འཁོར་ཚུལ་རིམ་པ་གསུམ་དུ་བརྗོད་ཡོད་པ་རེད། དེས་ན་འོག་ཏུ་དེ་རེ་རེ་ནས་འཆད་པར་འགྱུར་རོ།།
          གཅིག ལྷ་ཡི་སྲས་མོ།
          གླིང་སྒྲུང་ནི་ལྷ་སྒྲུང་གི་རང་བཞིན་མངོན་པར་གསལ་བའི་དམངས་ཁྲོད་རྩོམ་རིག་ཅིག་ཡིན་པའི་ཆ་ནས་དེའི་ནང་གི་མི་སྣ་སོ་སོ་དང་གཏམ་རྒྱུད་ཀྱི་བྱུང་རིམ་མམ་བརྗོད་བྱ་ཚང་མར་ལྷ་སྒྲུང་གི་ཁྱད་ཆོས་ལྡན་ཞིང་དེ་དག་ལྷ་སྒྲུང་གི་མཁའ་དབུགས་ལས་ནམ་ཡང་འདའ་མི་སྲིད་པ་རེད། དཔེར་བཞག་ན། གླིང་སྒྲུང་ལས་《བདུད་འདུལ་》གྱི་ནང་གི་མི་སྣ་གཙོ་བོ་སྟེ་མེ་བཟའ་ཡང་སྐྱེས་ཁུངས་ལྷ་ཡུལ་དང་སྐྱེས་རྒྱུད་ལྷ་ལ་དེད་ཡོད་པ་རེད། ལྟ་བ་དེ་ནི་གླིང་རྒྱུད་ལྷ་ལས་ཆད་པར་འདོད་པའི་ར་བའི་དགོངས་པ་ལས་བྱུང་བ་ཞིག་ཡིན་པར་མ་ཟད།    བོད་གངས་ཅན་གྱི་ལོ་རྒྱུས་ཀྱི་དགོས་དབང་ཞིག་དང་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་གོམས་སྲོལ་ལམ་ཁྱད་ཆོས་དམིགས་གསལ་ཅན་ཞིག་རེད་ཟེར་ནའང་མི་ཆོག་པ་མེད་དོ།།  འདིར་སྐབས་སུ་བབ་པ་གླིང་སྒྲུང་ལས་མེ་བཟའི་སྐྱེས་ཁུངས་ལྷ་ལས་ཆད་པ་བསྟན་པའི་སྐོར་ནི་《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་དུ་གསལ་ཏེ། དཔེར་ན། མེ་བཟས་གེ་སར་རྒྱལ་པོར་བླངས་པའི་གླུ་རུ།  “ང་སྐྱེས་པ་(སྐྱེ་བ་)འདི་ཡི་སྔོན་མའི་དུས།། འཁོར་བའི་དུག་མདའ་མ་ཕོག་དུས།། བག་ཆགས་དྲི་མ་མ་འགོས་དུས།།     གཅན་གཟན་པགས་པ་མ་གོན་དུས།། གནས་དུས་གསུམ་ཆོས་སྐུའི་ཞིང་ཁམས་ནས།།  མ་རྡོ་རྗེ་ཕག་མོར་འཁོར་གྱི་(གྱིས་)བསྐོར།།  ཕག་མོ་དམར་ཆུང་སྤྲུལ་བ་ཡིན།།”③ཞེས་པ་དང་།  མེ་བཟས་བདུད་ཀླུ་བཙན་ལ་བླངས་པའི་གླུ་རུ། “སྐྱེ་བ་འདི་ཡི་སྔོན་མའི་དུས།། འཁོར་བའི་དུག་མདའ་མ་ཕོག་དུས།། བག་ཆགས་དྲི་མ་མ་འགོས་དུས།། ཕག་མོ་དམར་ཆུང་སྤྲུལ་པ་ཡིན།།”④ ཞེས་པ་ལྟར་མེ་བཟའ་ནི་དང་པོ་སྐྱེ་བ་མི་ཡུལ་འཁོར་བའི་གནས་སུ་མ་ལྷུང་བའི་སྔ་རོལ་དུ་དུས་གསུམ་ཆོས་སྐུའི་ཞིང་ཁམས་ནས་མ་རྡོ་རྗེ་ཕག་མོའི་འཁོར་དུ་གྱུར་བ་ཕག་མོ་དམར་ཆུང་གི་སྤྲུལ་བ་ཡིན་ཚུལ་དེ་གསལ་བཤད་བྱས་ཡོད་པ་རེད།
          གཉིས། གླིང་གི་ཇ་མ། གླིང་སྒྲུང་དུ་མེ་བཟའ་ནི་གླིང་ཡུལ་དུ་སྐྱེས་ཤིང་སེང་ཆེན་རྒྱལ་པོའི་ཇ་མར་བསུས་པའི་སྐོར་མང་པོ་བྲིས་ཡོད་པ་རེད། དཔེར་ན། 《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་གི་མེ་བཟས་གེ་སར་རྒྱལ་པོར་བླངས་པའི་གླུ་ལ།  “དེ་ནས་སྐྱེ་བ་ཚུར་ལ་བླངས།། གླིང་ཨ་སྐྱིད་ཚང་གི་བུ་མོར་སྐྱེས།།”⑤ཅེས་པ་དང་། མེ་བཟས་ཀླུ་བཙན་ལ་བླངས་པའི་གླུ་རུ། “དེ་ནས་སྐྱེ་བ་གླིང་ལ་བླངས།།   ཨ་སྐྱིད་མན་བཟའ་འབུམ་སྒྲོན་ཟེར།།”⑥ཞེས་པ་དག་ལས་མེ་བཟའ་གླིང་ཡུལ་དུ་སྐྱེས་པའི་སྐོར་བརྗོད་ཡོད་པ་དང་། ཡང་། 《ཀན་སུའུ་བདུད་འདུལ་》གྱི་ནང་གི་མེ་བཟའི་གླུ་ལ། “སྐྱེ་བ་གཅིག་ལ་སྐྱེས་ལུས་གསུམ།།  ཚེ་སྟོད་ཕ་མའི་གཅེས་ཕྲུག་བྱས།།  མེར་(མེ་)ཡུལ་གཡང་གི་ར་བ་རུ།།   འདང་ཆེན་ཕ་མའི་སྐྱེས་ཕྲུག་བྱས།།  སྐྱིད་སྐྱིད་ངང་ལ་ལང་ཚོ་རྫོགས།།  སེམས་དཀར་བདེ་བའི་ངང་ལ་བསྡད།།   དེ་ནས་ཚོ་ཆེན་གླིང་དཀར་སྟོད།།    སྐུ་སེང་ཆེན་རྒྱལ་པོའི་ཇ་མར་བསུས།། གྲོགས་འཛམ་གླིང་སེང་ཆེན་མདུན་ནས་བསྡད།།  སྐྱིད་ཉི་མའི་འོད་ལ་བརྟེན་དུས་རེད།”⑦ཅེས་པ་སོགས་ལས་མེ་བཟའ་ནི་སྐྱེ་བ་འདིར་དང་པོ་གླིང་གི་དཔོན་མེ་རུའི་རྒྱལ་པོའི་སྲས་མོར་སྐྱེས་ནས་སྐྱིད་སྐྱིད་ངང་ལ་ལང་ཚོ་རྫོགས་པ་དང་། དེ་ནས་གླིང་སེང་ཆེན་རྒྱལ་པོའི་ཇ་མར་བསུས་པའི་སྐོར་བརྗོད་ཡོད་པ་རེད། འདིར་“སྐྱེ་བ་གཅིག་ལ་སྐྱེས་ལུས་གསུམ།། ཚེ་སྟོད་ཕ་མའི་གཅེས་ཕྲུག་བྱས།། མེར་(མེ་)ཡུལ་གཡང་གི་ར་བ་རུ།། འདང་ཆེན་ཕ་མའི་སྐྱེས་ཕྲུག་བྱས།།  སྐྱིད་སྐྱིད་ངང་ལ་ལང་ཚོ་རྫོགས།། སེམས་དཀར་བདེ་བའི་ངང་ལ་བསྡད།།”ཅེས་པར་བལྟས་ན། གོང་གི་“དེ་ནས་སྐྱེ་བ་ཚུར་ལ་བླངས།།  གླིང་ཨ་སྐྱིད་ཚང་གི་བུ་མོར་སྐྱེས།།”ཞེས་པའི་ནང་གི་“གླིང་ཨ་སྐྱིད་ཚང”ནི་ཚོ་བ་ཞིག་མ་ཡིན་པར་ཁོ་མོ་ཆུང་དུས་སུ་ཕ་མའི་གཅེས་ཕྲུག་བྱས་ཏེ་དགའ་དགའ་སྐྱིད་སྐྱིད་ངང་ལ་ལང་ཚོ་དར་ཞིང་རྒྱས་པའི་དོན་སྟོན་པ་ཡིན་པར་འདོད་དོ།།  གཞན་ཡང་།  《ཀན་སུའུ་བདུད་འདུལ་》གྱི་ནང་དུ་མེ་བཟས་གླིང་རྗེ་གེ་སར་རྒྱལ་པོ་དངོས་ཡིན་མིན་གྱི་ངེས་པ་ལེན་ཕྱིར་གླིང་གི་བཤད་པ་དྲིས་པ་དང་།  གླིང་རྗེ་གེ་སར་རྒྱལ་པོས་དེ་རེ་རེ་ནས་ལན་བཏབ་ཅིང་གླིང་གི་ཇ་མ་མིང་ཆེན་བཅུ་གསུམ་བགྲང་སྐབས།   “སྨན་མིང་ཆེན་ཤེལ་ལྕམ་འབྲུག་མོ་གཅིག།    སྨན་མིང་ཆེན་མེ་བཟའ་ཨ་འབུམ་གཉིས།།”⑧ཞེས་མེ་བཟའ་ནི་གླིང་གི་ཇ་མ་མིང་ཆེན་བཅུ་གསུམ་གྱི་གཉིས་པར་རྩིས་ཡོད་པ་རེད།  དེ་ལྟར་ན་ཁོ་མོ་ནི་གླིང་རྗེ་གེ་སར་རྒྱལ་པོའི་ཇ་མ་ཡིན་པས་མི་ཚད་ཇ་མ་གྲས་ཀྱི་གོ་གནས་མཐོ་ཤོས་སུ་ཡོད་པའང་ཤུགས་སུ་རྟོགས་ཐུབ་པ་ཡིན་ནོ།།
          གསུམ།  བདུད་ཀྱི་དཔོན་མོ།
          དེ་ནས་ལས་ཀྱི་དབང་གིས་མེ་བཟའ་ཀླུ་བཙན་གྱིས་བདུད་ཡུལ་དུ་ཁྱེར་ཏེ་རིམ་བཞིན་བདུད་ཀྱི་དཔོན་མོར་གྱུར་བ་ལ།  《ཀན་སུའུ་བདུད་འདུལ་》གྱི་ནང་གི་མེ་བཟའི་གླུ་རུ།    “དེ་ནས་བདུད་ནག་ཀླུ་བཙན་གྱིས།།  ང་ནག་པོ་བདུད་ཀྱི་ཡུལ་དུ་ཁྱེར།། སེམས་མི་འཐད་བཞིན་དུ་བསྡོད་(སྡོད་)དགོས་བྱུང་།། བདུད་རྒྱལ་མོ་མེ་བཟའ་ཁྲོམ་ཤོག་རེད།།”⑨ ཅེས་སྐྱེ་བ་གཅིག་ལ་སྐྱེས་ལུས་གསུམ་ཞེས་པའི་མཐའ་མར་བདུད་ཀྱི་རྒྱལ་མོར་གྱུར་བ་དེ་བསྟན་ཡོད་པ་དང་།  ཡང་།《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་གི་མེ་བཟས་གེ་སར་རྒྱལ་པོར་བླངས་པའི་གླུ་རུ། “གླིང་ཨ་སྐྱིད་ལུག་ཐང་སྐྱ་མོ་ནས།། སྟབས་མ་ལེགས་ཕོ་འདྲེས་སྤྱང་ཀིར་སྤྲུལ།། ང་མན་བཟའ་བདུད་ཀྱི་ཡུལ་དུ་ཁྱེར།།”⑩ཅེས་པ་དང་།  མེ་བཟས་ཀླུ་བཙན་ལ་བླངས་པའི་གླུ་ལ། “མོ་ལོ་དགུ་ལ་སོན་པའི་དུས།། ཕོ་འདྲེ་ཁྱེད་ཀྱི་ལག་པར་ཚུད།།”⑾ཅེས་པ་ལྟར་མེ་བཟའ་མོ་ལོ་དགུ་ཡི་སྟེང་གླིང་ཨ་སྐྱིད་ལུག་ཐང་སྐྱ་མོ་རུ་ལུག་འཚོ་བཞིན་ཡོད་པའི་སྐབས་སུ་བདུད་ཀླུ་བཙན་རྒྱལ་པོ་དེ་སྤྱང་ཀི་ཞིག་ལ་སྤྲུལ་ནས་ཐོན་ཏེ་མེ་བཟའ་མི་འཐད་རང་འཐད་ངང་བཙན་གྱིས་བདུད་ཡུལ་དུ་ཁྱེར་ཚུལ་དེ་བརྗོད་ཡོད་པ་རེད། ཡང་མེ་བཟས་བདུད་བློན་བེའུ་སྣ་ཁྲར་བླངས་པའི་གླུ་རུ། “སྨན་ང་འདྲ་ང་ངོ་མ་ཤེས་ན།། ཤར་གླིང་དཀར་ཆགས་པའི་རྒྱལ་ས་ནས།། གླིང་ཨ་སྐྱིད་ཚང་གི་བུ་མོ་ཡིན།།  བྱང་ཡུལ་གྱར་ནས་ལོ་དགུ་སོང་།། སྡུག་དང་དཀའ་ལས་མང་པོ་མྱང་(མྱངས)།།”⑿ཞེས་པ་ལས་མེ་བཟའ་བདུད་ཡུལ་དུ་བསླེབས་ནས་ལོ་དགུ་སོང་བར་བཤད་པས། དེ་ལྟར་རྩིས་ན་གེ་སར་བདུད་ཡུལ་དུ་བསྐྱོད་པའི་ལོ་དེར་མེ་བཟའ་མོ་ལོ་བཅོ་བརྒྱད་ལ་སོན་ཡོད་པ་རེད། དེ་དང་སྒྲུང་དཔེ་དེའི་ཤོག་ངོས་གཉིས་པར་ལྷ་ཀླུ་གཉན་གསུམ་དང་མ་ནེ་ནེ་གནམ་ནེ་དཀར་མོ། ནེ་རྒོད་ལྕམ་དཀར་མོ།  བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ་སོགས་པ་ལྷ་ཚོགས་འཁོར་བཀའ་གྲོས་ཡང་དག་མཛད་ནས་སྐྱེས་བུར།   “ད་བྱང་གི་ཕོ་འདྲེར་ཐོད་མདའ་སྤྲོད་པའི་དུས་ཡིན་པ་དང་། བྱང་ཁྲི་ཤོག་གི་མན་བཟའ་འབུམ་སྒྲོན་ཡང་མོ་ལོ་བཅོ་བརྒྱད་ཟིན་ནས་ཕོ་འདྲེ་ཀླུ་བཙན་དང་འདྲེ་སྲིན་འབྱུང་པོ་ཐམས་ཅད་ལ་ཞེ་ཁ་ལོག  སྐུ་རྗེ་སྟོབས་ཀྱི་རྒྱལ་པོ་ཕེབས་ཡོང་བསམ་ནས་ལྷ་བསྟོད་ལྷ་ལ་གསོལ། ཀླུ་བསྟོད་ཀླུ་ལ་གསོལ་ནས་རེ་བས་སྒུག་ཡོད་པའི་ལུང་མང་ཙམ་བསྟན་ན་ཡང་”⒀ཞེས་བྲིས་ཡོད་པ་གཉིས་གཅིག་མཐུན་དུ་སོང་ཡོད་པ་རེད།
          འདིར་གསལ་བཤད་བྱེད་དགོས་པ་ཞིག་ནི།  《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་དུ་མེ་བཟས་གླིང་ཨ་སྐྱིད་ལུག་ཐང་སྐྱ་མོར་ལུག་འཚོ་བཞིན་པའི་སྐབས་སུ་བདུད་ཀླུ་བཙན་རྒྱལ་པོ་དེ་སྤྱང་ཀི་ཞིག་ལ་སྤྲུལ་ནས་ཐོན་ཏེ་བདུད་ཡུལ་དུ་ཁྱེར་ཚུལ་བརྗོད་ཡོད་པ་དང་། 《ཀན་སུའུ་བདུད་འདུལ་》གྱི་ནང་དུ་མེ་བཟའ་ཤར་ཙོང་ཁ་དགོན་སྡེ་ཁྲ་མོར་རྒྱལ་པོར་མཇལ་བར་སོང་སྟེ་མཇལ་མ་ཐུབ་པར་ཕྱིར་གླིང་དུ་ལོག་ནས་བདུན་ཕྲག་གཅིག་འགོར་རྗེས་ཀྱི་ཉིན་ཞིག་ལ་སྦྲ་སྒོ་ནས་ཐང་མ་བརྡལ་ཅིང་ཐགས་འཐག་ནས་ཡོད་སྐབས་གློ་བུར་དུ་ལུང་བའི་ཕུ་ནས་རླུང་དམར་དང་མདོ་ནས་རླུང་ནག་འཚུབས། དཀྱིལ་ནས་བདུད་ཀླུ་བཙན་རྒྱལ་པོ་དེ་མི་ནག་ཆེན་པོ་འཇིགས་སུ་རུང་བ་ཞིག་བྱས་ནས་ཐོན་ཏེ་མེ་བཟའ་རླུང་འཚུབ་ཀྱི་ནང་དུ་བཏུམས་ནས་བདུད་ཡུལ་དུ་ཁྱེར་བར་བཤད་པ་གཉིས་གཅིག་མཐུན་མ་ཡིན་པས་དེ་ནི་གཞན་དུ་ཤེས་པར་བྱའོ།།
གསུམ་པ། མེ་བཟའི་ཁྱད་ཆོས་བསྟན་པ།
          མེ་བཟའི་སྐྱེས་ཁུངས་སོགས་གོང་དུ་སོང་ཟིན་པས་ད་ནི་མོའི་ཁྱད་ཆོས་བསྟན་པ་ལ་གཟིགས་བྱད་ལང་ཚོའི་ཁྱད་ཆོས་དང་རང་བཞིན་ལས་ཀྱི་ཁྱད་ཆོས་གཉིས་ཡོད་པ་རེད།
          གཅིག གཟུགས་བྱང་ལང་ཚོའི་ཁྱང་ཆོས།
          1.གཟུགས་བྱད་ལང་ཚོ།   གླིང་སྒྲུང་གི་ནང་དུ་མེ་བཟའི་གཟུགས་བརྙན་ཞིབ་འབྲི་བྱས་པ་མང་པོ་མེད་པས་མེ་བཟའ་ནི་འདི་ལྟ་བུ་ཞིག་རེད་ཟེར་མི་ཐུབ་ཅིང་ཀུན་གྱི་སྣང་ངོར་རབ་རིབ་ཙམ་ལས་འཆར་དཀའ་འོ།།   ཡིན་ནའང་མོ་ནི་གླིང་གི་ཇ་མ་མིང་ཆེན་བཅུ་གསུམ་གྱི་གཉིས་པ་དེ་ཡིན་པར་མ་ཟད།  བདུད་ཡུལ་དུ་བསླེབས་རྗེས་ཀླུ་བཙན་གྱིས་ཀྱང་མེ་བཟའ་ལ་ཟས་ཞིམ་པོ་དྲངས་ཤིང་གོས་ཡག་པ་གྱོན་ནས་གང་དགའ་བྱིས་པའི་འདོད་ལྟར་བྱས་ཏེ་ཤིན་ཏུ་གཅེས་པ་སོགས་ཀྱི་སྟེང་ནས་མེ་བཟའ་ནི་གླིང་གི་གཙོ་མོའི་གྲས་སུ་ཡོད་པ་བདེན་དཔང་བྱེད་ཐུབ་པས་མི་ཚད། མོ་ནི་སྐྱེས་གཟུགས་མཛེས་ཤིང་ལང་ཚོ་མི་དམན་པ་ཞིག་ཡོད་པ་ཡང་ཞོར་ལ་ཤེས་ཐུབ་པ་ཡིན།  དཔེར་ན།《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་དུ། མེ་བཟས་ཀླུ་བཙན་ལ་ཆང་རག་དྲངས་ནས་ར་བཟི་རྗེས་སྲོག་གི་རྡེའུ་ནག་པོ་དེ་གར་ཡོད་བློ་བརྐུ་བའི་ཆེད་དུ་བླངས་པའི་གླུ་ལ། “སྨན་ང་འདྲ་ང་ངོ་མ་ཤེས་ན།། སྨན་ང་འདྲ་ལོ་རྒྱུས་ཨེ་འདྲ་ཡོད།། དབུ་སྐྲ་རྒྱ་ལྕང་སྨུག་པོ་ལ།། འཇའ་ཚོན་སྣ་ལྔ་འཁྲིད་(འཁྲི་)འདྲ་ཡོད།།  དབུ་སྐྲ་རེ་ལ་མཁའ་འགྲོ་རེ།། མཁའ་འགྲོ་རེ་ལ་ལི་ཁྲི་རེད།། ངོ་མཚར་ཆེ་བའི་ཕྲེང་བཤས་(ཤལ་)ཡོད།། སྐུ་གཟུགས་སྦ་དཀར་ལེབ་ཆེན་ལ།།  སྦ་ལ་ཉི་ཟེར་ཕོག་འདྲ་ཡོད།།  ཞལ་རས་དུང་ཟླ་དཀར་ཆུང་ཡོད།།  གངས་ལ་ཉི་མ་ཤར་འདྲ་ཡོད།།  སོ་དཀར་སོ་སུམ་བརྒྱ་དྲུག་ཅུ་ལ།།   མུ་ཏིག་དུང་སོ་འཁོར་འདྲ་ཡོད།།  སྤྱན་མིག་གཡས་གཡོན་གཉིས་པོ་ལ།།  སྐར་ཆེན་ཆ་ག་སྒྲིག་(བསྒྲིགས་)འདྲ་ཡོད།། སྟོང་ཉིད་རང་འདྲ་ཡོད་ལེ་མིན།། མཛེས་པའི་གར་སྟབས་ཤིག་སེ་ཡོད།། རིག་འཛིན་རྡོག་སྒྲ་ཉིལ་ལེ་ཡོད།། སྙན་པའི་གླུ་སྒྲ་ཤིག་སེ་ཡོད།། མཛེས་པའི་བུ་མོ་གཡེར་སེ་ཡོད།།”⒁ ཅེས་སྐྱེས་གཟུགས་མཛེས་ཤིང་དབུ་སྐྲ་སྨུག་ནག་ཅན་ལ་བྱུ་རུའི་ཕྲེང་ཤལ་བཏགས་པ།  ཞལ་རས་དཀར་བ།  སྤྱན་གཉིས་ཆེ་ཞིང་གསལ་ལ་ཆ་ག་ཡོད་པ། གླུ་དང་གར་ལ་མཁས་ཤིང་མཛེས་མ་གཡེར་གྲགས་ཅན་ཞིག་ཡིན་པ་བརྗོད་ཡོད་པ་རེད། ཡང་།  《ཀན་སུའུ་བདུད་འདུལ་》གྱི་ནང་དུ།  གཞི་ག་དར་བློན་པོ་ཕྱིང་སྔོན་གྱིས་གླིང་རྗེ་གེ་སར་རྒྱལ་པོ་རང་གི་འདུག་གུར་དུ་བཞུགས་སུ་གསོལ་ནས་ཤ་ཆང་གི་འདྲེན་པ་བྱས་རྗེས་ཁོ་བོ་ཆེད་དུ་མེ་བཟའ་ཡོད་སར་ཕྱིན་ཏེ་མེ་བཟའི་གནས་ཚུལ་ལ་ལྟ་རྟོག་བྱས་པ་དང་། མེ་བཟར་གླིང་རྗེ་གེ་སར་རྒྱལ་པོ་བྱང་དུ་བསླེབས་ཡོད་པའི་གསང་འཕྲིན་བསྙད་ནས་ཕྱིར་ལོག་སྟེ་རྒྱལ་པོར་ཞུ་སྐབས། “ང་དེ་རིང་སྨན་མེ་བཟའ་འབུམ་སྐྱིད་ཀྱི་རྩར་སོང་སྟེ། མོས་སྦྲ་ནང་དེ་ན་ཐོད་རྒྱན་མཛེས་པས་མགོ་བརྒྱན།  གོས་རྒྱན་མཛེས་པ་ལུས་ལ་གྱོན་ནས་ཡག་མ་མཚན་ལྡན་ཞིག་བྱས་དེ་(ཏེ་)བསྡད་འདུག་པའི་(པས་)ངས་མོ་རིང་(རང་)ལ་སྐད་བརྡ་གསལ་པོ་ཅིག་(ཞིག་)བཏང་ཡོད་”⒂ཅེས་མེ་བཟའ་མོ་ལོ་བཅོ་བརྒྱད་སྟེང་གི་གཟུགས་བརྙན་བཞི་འབྲི་བྱས་ཡོད་པས། དེའི་སྐབས་སུ་མེ་བཟའ་ནི་ཡག་མ་མཚན་ལྡན་ཞིག་ཡོད་པ་རྟོགས་ཐུབ་པ་ཡིན།  འོན་ཀྱང་འདིར་“ཡག་མ་མཚན་ལྡན་ཞིག་”ཅེས་ཇི་ལྟ་བུ་ཞིག་ལ་“མཚན་ལྡན་”གྱི་མིང་བརྗོད་པ་ཆ་མི་འཚལ་བས། འདི་ནི་གླིང་སྒྲུང་ནང་གི་མཚན་ཉིད་འཇོག་ལུགས་ཤིག་དང་ལྷག་པར་དུ་གླིང་མི་རྣམས་ཀྱི་མཛེས་རྟོག་གི་ཡུལ་དུ་གྱུར་བའི་ཡག་མ་ཞིག་ལ་ངེས་བཟུང་ན་འོས་བར་སྙམ་མོ།།
          2.གོས་རྒྱན་དང་ཆ་ལུགས།  སྒྲུང་དཔེའི་ནང་དུ་མེ་བཟའི་གོས་རྒྱན་ཅི་འདྲ་ཡིན་པའི་སྐོར་མང་པོ་བྲིས་མེད། དཔེར་ན།  《ཀན་སུའུ་བདུད་འདུལ་》གྱི་ནང་དུ་གཞི་ག་དར་བློན་པོ་ཕྱིང་སྔོན་གྱིས་གེ་སར་ལ་ཞུ་བའི་སྐབས་སུ།“ང་དེ་རིང་སྨན་མེ་བཟའ་འབུམ་སྐྱིད་ཀྱི་རྩར་སོང་སྟེ། མོས་སྦྲ་ནང་དེ་ན་ཐོད་རྒྱན་མཛེས་པས་མགོ་བརྒྱན། གོས་རྒྱན་མཛེས་པ་ལུས་ལ་གྱོན་ནས་ཡག་མ་མཚན་ལྡན་ཞིག་བྱས་དེ་(ཏེ་)བསྡད་འདུག་པའི་(པས་)ངས་མོ་རིང་(རང་)ལ་སྐད་བརྡ་གསལ་པོ་ཅིག་(ཞིག་)བཏང་ཡོད་”⒃ཅེས་པ་དེ་ལས་གཞན་མཐོང་མ་བྱུང་བ་དང་།  《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་དུ་མེ་བཟའི་གོས་རྒྱན་དང་ཆ་ལུགས་ཀྱི་སྐོར་རེ་གཉིས་ཡོད་པ་གཤམ་དུ་བྲིས་ན། དེ་ཡང་གླིང་རྗེ་གེ་སར་རྒྱལ་པོ་ཚ་བ་རོང་གི་དྲེལ་དཔོན་ཞིག་ཏུ་རྫུས་ནས་བསླེབས་ཏེ་མེ་བཟར་ཐུག་པའི་སྐབས་སུ་བླངས་པའི་གླུ་ལ།   “སྐྲ་ལོ་གཡས་པ་གླས་(སླས་)ལེ་དེ།། ཇུས་དང་ཆ་ལུགས་ག་འདྲ་རེད།།  ངོ་གདོང་གཡས་པར་དཀར་པོ་བྱུག  ། སེམས་དཀར་གཏད་ས་སུ་ལ་རེད།།  ངོ་གདོང་གཡོན་མར་ནག་པོ་བྱུག ། ཞེ་སེམས་གནག་ལ་སུ་ལ་རེད།། རས་འཐག་པང་གདན་མདུན་ལ་བཅིངས།། ལྷམ་ཆུང་འཐག་ཁྲ་རྐང་ལ་གྱོན།།   ལྷམ་མཐིལ་དམར་པོར་འཇའ་འཁྲིགས་བརྒྱན།།  བརྒྱན་(རྒྱན་)དེ་འདྲ་སུ་ཡི་ཆ་ལུགས་རེད།།”⒄ཅེས་དྲིས་པར།  མེ་བཟས།  “སྐྲ་ལོ་གཡས་པ་སླས་ལེ་འདི།། སངས་རྒྱས་གྲུབ་མཐའ་སྐྱོང་བའི་རྟགས།། སྐྲ་ལོ་གཡོན་མ་གློད་ལེ་འདི།། མན་བཟའ་བདུད་ཀྱིས་མནར་བའི་རྟགས།།  གདོང་གཡས་ལ་དཀར་པོ་བྱུག་ལེ་འདི།། བློ་སེང་ཆེན་ལྷ་ལ་དཀར་བའི་རྟགས།། གདོང་གཡོན་ལ་ནག་པོ་བྱུག་ལེ་འདི།།    རྗེ་གེ་སར་མ་མཇལ་བསྔལ་བའི་རྟགས།།......རས་འཐག་པང་གདན་མདུན་ལ་བཅིངས།། བདུད་ནག་པོའི་མགོ་ལ་འགེབས་(དགབ་)རྒྱུ་ཡིན།། ལྷམ་མཐིལ་དམར་པོ་འཇའ་འཁྲིགས་རྒྱན(བརྒྱན)།། ས་སྐྱིད་པོ་གླིང་ཡུལ་སླེབས་(བསླེབ་)ན་བསམ།།”⒅ཞེས་ལན་བཏབ་པ་དང་། ཡང་ཀླུ་བཙན་གྱིས་མོ་བཏབ་རྗེས་མོ་བརྟགས་ཡག་པར་འདོད་ནས་ཤིན་ཏུ་དགའ་བའི་སྐབས་སུ། “མན་བཟས་ཀླུ་བཙན་དགའ་མདོག་སྐྱིད་མདོག་གིས་(ཡོད་པ་དེ་གསོལ་བའི་ཆེད་དུ་)སྐུ་གཟུགས་ལྡེམ་ལྡེམ་འཁྱུག་འཁྱུག    ཞལ་རས་འཛུམ་འཛུམ་གཡེར་གཡེར། སྤྱན་མིག་འཕྲུལ་མདའ་འཕེན་འཕེན་བྱས་ནས་དྲོ་འཇམ་དར་གོས་ལུས་ལ་གསོལ།  སྐུ་འཆིང་དངུལ་ཁྲབ་འབར་བ་བསྡམས། རས་འཐག་ནག་པོའི་པང་གདན་བཅིངས། རྐང་ལྷམ་འཇའ་སྣ་ཉིས་སྒྲིན་(བསྒྲིགས་)གྱོན་ནས་གཡས་གསེར་ཟངས་ནང་ལ་ཆང་།    དངུལ་ཟངས་ནང་ལ་ཇ། དུང་ཟངས་ནང་ལ་ཞོ་དང་འོ་མ་བཅས་འཁྱེར་ནས་ཀླུ་བཙན་ལ་ཕུལ་བྱས་”⒆ཞེས་བྲིས་ཡོད་པ་སོགས་ལ་བལྟས་ན། སྤྱིར་བཏང་མེ་བཟའ་ནི་སྐྲ་ཉིས་སླས་ལ་གཡུ་བྱུར་གྱིས་ཐོད་རྒྱན་བཏགས་ཡོད་པ་དང་། དྲོ་ཞིང་འཇམ་ལ་ཁ་དོག་མཛེས་པའི་དར་གོས་གྱོན་པ།   དངུལ་ཁྲབ་ཅན་གྱི་སྐུ་འཆིང་བཅིངས་པ།   རས་འཐག་པང་གདན་གསོལ་བ། ལྷམ་མཐིལ་དམར་པོ་ཅན་ལ་འཇའ་འཁྲིགས་བརྒྱན་པའི་རྐང་ལྷམ་གྱོན་པ་ཞིག་ཡིན་པ་ཤེས་ཐུབ་པ་དང་། “གཡས་གསེར་ཟངས་དང་། གཡོན་དངུལ་ཟངས། (དཀྱིལ་)དུང་ཟངས”ཟེར་བ་ནི་སྒྲུང་དཔེ་ནང་གི་བརྗོད་སྲོལ་ཞིག་ལས་དོན་ལ་མེ་བཟའ་ནི་ཟས་སྐོམ་གཡོས་སྦྱོར་ལ་མཁས་ཤིང་ཇ་མའི་ཚུལ་དུ་བདུད་ཀླུ་བཙན་རྒྱལ་པོར་ཇ་ཆང་འོ་ཞོ་སོགས་ཀྱིས་འདྲེན་པ་བྱེད་པའི་རྣམ་པ་དེ་བསྟན་ཡོད་པ་རེད།
          གཉིས། རང་བཞིན་ལས་ཀྱི་ཁྱང་ཆོས།
          1.ཐགས་མཁན་བཟང་མོ།    《ཀན་སུའུ་བདུད་འདུལ་》གྱི་ནང་དུ་ཐོག་མར་མེ་བཟའ་བདུད་ཀྱིས་ཕྲོགས་པའི་སྐོར་བརྗོད་སྐབས། “(མེ་བཟའ་)ཉིན་ཞིག་ལ་སྦྲ་ཡི་སྒོ་ཁར་ཡོང་ནས།   ཐང་མ་ལྟེབ་གཅིག་གཡས་ལ་བརྡལ། ཐང་མ་ལྟེབ་གཅིག་གཡོན་ལ་བརྡལ།  དཀྱིལ་ནས་མོ་རང་གིས་ཐགས་ཤིག་བཏགས་ནས་བསྡད་ཡོད་སྐབས། གློ་བུར་དུ་སྔོན་གྱི་རྨི་ལམ་ཇི་ལྟ་བུར་བྱུང་བ།  ཕུ་ནས་རླུང་དམར་དང་མདོ་ནས་རླུང་ནག་འཚུབས་ནས།  དཀྱིལ་དེ་ནས་མི་ཆེན་མཐོང་ན་འཇིགས་ཤིང་སྐྲག་པ།  མདོག་ནག་པོ་གཟི་བརྗིད་ཆེ་བ་གཅིག་བྱུང་ནས།   མེ་བཟའ་འབུམ་སྐྱིད་ནི་གླག་གིས་ལུ་གུ་འཛིན་འཛིན་བྱས་ནས་ནམ་མཁའ་ལ་ཁྱེར་སོང་ངོ་།།”⒇ཞེས་མེ་བཟའ་བདུད་ཀྱིས་ཕྲོགས་པའི་ལོ་རྒྱུས་དེ་ལྷ་སྒྲུང་ངམ་རྟོག་བཏགས་ཀྱི་ཚུལ་དུ་བྲིས་ཡོད་པ་རེད།  ཡིན་ནའང་དེའི་ནང་དུ་མེ་བཟས་སྦྲ་སྒོར་ཐང་མ་བརྡལ་ཅིང་ཐགས་འཐག་ནས་ཡོད་ཅེས་མེ་བཟའ་ནི་ཐགས་ཤེས་པའི་བོད་ཀྱི་བུད་མེད་ཅིག་ཡིན་པ་གསལ་བཤད་བྱས་ཡོད་ཅིང་དེ་ནི་བོད་རང་གི་ཞིང་འབྲོག་ཐོན་སྐྱེད་ཀྱི་གནས་ཚུལ་དངོས་དང་ཡང་མཐུན་པོ་བྱུང་ཡོད་པ་རེད།   དེ་བཞིན་དུ་བདུད་ཀླུ་བཙན་རྒྱལ་པོ་འདུལ་བའི་སྐབས་སུ་མེ་བཟས་སྐུད་འཕང་བཀལ་ནས་བདུད་རྒྱལ་བཀྱིགས་པ་དང་།  ལྷག་པར་དུ་《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་།   “བྱང་ཁྲི་ཤོག་མན་བཟའ་འབུམ་སྒྲོན་གྱིས་འཐག་ཁྲི་བར་མར་རས་སྐུད་ནག་པོའི་རྒྱུ་ལ་སྤུན་དཀར་པོ་བཏང་བས་རྒྱུ་སྤུན་དཀར་ནག་གཉིས་དེ་གཡས་པ་གཡས་སུ་གླས།  གཡོན་མ་མར་གློད།  ཁ་ངོ་གཡས་པར་དཀར་པོ་བྱུག  གཡོན་མར་ནག་པོ་བྱུག  རྒྱུ་སྤུན་དཀར་ནག་གིས་རས་དཀར་ནག་གཉིས་འཐག་ནས་བསྡོད་(སྡོད་)པའི་སྐབས་”﹙21﹚ གླིང་རྗེ་གེ་སར་རྒྱལ་པོ་དེ་(རྒྱལ་མོ་)ཚ་བ་རོང་གི་དྲེལ་དཔོན་ཞིག་གི་ཆས་སུ་སྤྲུལ་ནས་ཐགས་མགོ་གནོན་པར་ཕེབས་པ་དང་།  དེ་ནས་མེ་བཟར་སྣམ་བུ་དཀར་ནག་འཐག་པ་དེ་ལ་རྒྱུ་མཚན་བཤད་པ་ཅི་ཡོད་དྲིས་པས། མེ་བཟས། “སྣམ་དཀར་པོ་གཡས་ནས་བཏགས་ལེ་དེ།།   ཆོས་སྐུའི་འཇའ་ལམ་བཏགས་ལེ་ཡིན།།  སངས་རྒྱས་ན་བཟའ་ཨེ་ཡོང་བསམ།།  རྒྱུ་སྤུན་དཀར་ནག་གཉིས་དེ་འཐབ།། རྒྱུ་དཀར་ཆོས་ལམ་གོང་མ་འཛུགས།། སངས་རྒྱས་བསྟན་པ་དར་རྟགས་རེད།། སྣམ་ནག་པོ་གཡོན་ནས་བཏགས་ལེ་དེ།།   སྲིན་པོའི་ལྔ་ལམ་བཏགས་ལེ་ཡིན།། བདུད་ཀྱི་རོ་གོས་ཨེ་ཡོང་བསམ།། རྒྱུ་སྤུན་དཀར་ནག་གཉིས་དེ་འཐབ།། རྒྱུ་ནག་བདུད་ཀྱི་རྒྱལ་མཚན་འཕབ(ཕབ)།།   བདུད་ཀྱི་བསྟན་པ་ནུབ་རྟགས་རེད།།......”﹙22﹚ཅེས་གབ་ཚིག་གི་ལམ་ནས་གླིང་རྗེ་གེ་སར་རྒྱལ་པོས་བདུད་ཀླུ་བཙན་ཕམ་པར་བརྒྱབ་སྟེ་བདུད་ཡུལ་ཆོས་ལ་བསྒྱུར་ཅིང་སངས་རྒྱས་བསྟན་པ་དར་བའི་སྔ་བལྟས་སམ་སྨོན་ལམ་མམ་བསམ་པ་དཀར་པའི་སྤྱོད་ཚུལ་དུ་བྱས་པ་བརྗོད་པ་སོགས་ཀྱི་སྟེང་ནས་མོས་ལག་ཤེས་དེ་ཤེས་པ་ར་སྤྲོད་བྱུང་ཡོད་པར་མ་ཟད།  མེ་བཟའ་ནི་སྤྱིར་བཏང་གི་ཐགས་མཁན་ཞིག་ལས་རྣམ་པར་འདས་ཏེ་ཐགས་ཀྱི་ཤེས་བྱ་ལ་མངའ་མཉེས་ཤིང་རིག་གནས་དང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་བོད་ཀྱི་བུད་མེད་ཁྱད་པར་ཅན་ཞིག་ཡིན་པ་མཚོན་ཡོད་པ་རེད། ཡང་མེ་བཟའ་བདུད་ཀྱིས་མ་ཕྲོགས་པའི་སྔོན་དུ་གེ་སར་རྒྱལ་པོར་ཞིམ་མངར་ཅན་གྱི་ཟས་སྣ་མང་པོས་འདྲེན་པ་བསམ་གྱིས་མི་ཁྱབ་པ་བྱས་པས་འབྲུག་མོ་ཡང་ཕྲག་དོག་གི་ཡུལ་དུ་གྱུར་ཡོད་པ་དང་།  དེ་ནས་བདུད་ཀླུ་བཙན་གྱིས་ཁྱེར་ཏེ་བྱང་ཡུལ་དུ་འཚོ་བའི་རིང་ཡང་ཀླུ་བཙན་རྒྱལ་པོར་ཤ་ཆང་འོ་ཞོ་དང་མི་ཟས་མང་པོས་འདྲེན་པ་བྱས་པའི་སྤྱོད་ཚུལ་ལ་གཞིགས་ན་མེ་བཟས་ཐགས་འཐག་ཤེས་པས་མི་ཚད་ད་དུང་ཟས་སྣ་གཡོས་སྦྱོར་དང་ཆང་རག་བཙགས་པ་སོགས་ལ་ཡང་ཤིན་ཏུ་ནས་བྱང་བ་ཞིག་ཡིན་པས་འདིར་དཔེའི་སྒོ་ནས་རེ་རེ་བཞིན་བརྗོད་པར་མི་བྱའོ།།
          ཡང་སྒྲུང་དཔེའི་ནང་དོན་ལ་དཔྱད་ན།  མེ་བཟའ་བདུད་ཀྱིས་མ་ཕྲོགས་པའི་ཡར་སྔོན་གླིང་དུ་བཞུགས་རིང་ཕྲག་དོག་དང་གཡོ་སྒྱུ་མེད་ཅིང་རང་གཤིས་དྲང་ལ་གཞུང་བཟང་གི་བུ་མོ་ཞིག་ཡིན་པ་རེད། དཔེར་ན། 《ཀན་སུའུ་བདུད་འདུལ་》གྱི་ནང་དུ་བཀོད་པ་ལྟར།  མ་ཨ་ནེ་གོང་སྨན་རྒྱལ་མོས་གེ་སར་རྒྱལ་པོར་ལུང་བསྟན་གནང་ནས་མེ་བཟའ་འཁྲིད་ལ་ཤར་ཙོང་ཁ་དགོན་སྡེ་ཁྲ་མོར་ལྷ་བདུད་འདུལ་ཁྲོ་བོ་ཆེ་བསྒྲུབ་ཏུ་ཕེབས་དགོས་གསུངས་ཀྱང་། འབྲུག་མོ་ཕྲག་དོག་གི་དབང་གིས་མྱུར་དུ་མེ་བཟའི་གན་དུ་སོང་ནས། “རྒྱལ་པོས་ཁོང་བདུད་འདུལ་དྲག་པོ་ཁྲོ་རྒྱལ་སྟོབས་པོ་ཆེ་བསྒྲུབ་པའི་བཅད་མཚམས་ལ་བཞུགས་དགོས་གསུངས།  ཁྱོད་ནི་རེ་ཞིག་ཕ་མའི་དྲུང་དུ་སོང་ལ་བདེ་བར་སྡོད།    མཚམས་གྲོལ་རྗེས་མཇལ་བར་ཤོག་གསུངས་ནས་བཀའ་གནང་གིན་འདུག་ཟེར་”﹙23﹚ཞེས་རྫུན་ལབ།  མེ་བཟས་དེ་ནི་རྒྱལ་པོའི་བཀའ་མིན་པ་ཤེས་ཀྱང་བཟོད་པ་བྱས་ནས་ཅི་ཡང་མ་བརྗོད། དེ་ནས་འབྲུག་མོས་མེ་བཟའ་བཀག་ཅིང་རང་ཉིད་རྒྱལ་པོའི་མཚམས་གཡོག་ཏུ་ཕྱིན་ནས་བདུན་ཕྲག་གཅིག་གི་རིང་དུ་སྐུ་མཚམས་ལ་བསྡད། ཡང་ཉིན་ཞིག་མེ་བཟས་རྨི་ལམ་ངན་པ་ཞིག་རྨིས་པས་རྒྱལ་པོར་ཞུ་དགོས་བསམས་ཏེ་ཞོགས་པ་སྔ་མོར་ཟས་ཞིམ་མངར་ཅན་ཁུར་ནས་ཤར་དགོན་སྡེ་ཁྲ་མོར་སོང་བ་དང་།   ཆུ་མིག་ཅིག་གི་ཁར་ཐོན་པ་ན་འབྲུག་མོ་ཆུ་ལེན་པར་ཡོང་བ་དང་འཕྲད་པས་གནས་ཚུལ་ཞུས་ཏེ་སྐད་བསྐུར།   འབྲུག་མོ་སོང་ནས་རྒྱལ་པོར་མ་ཞུས་པར་ཕྱིར་ཡོང་སྟེ།  “(རྒྱལ་པོས་)སྤྱིར་རྨི་ལམ་མི་བདེན་འཁྲུལ་བ་ཡིན། ནང་དགོས་སུ་སྐྱེས་དམན་གྱི་རྨི་ལམ་ལ་བརྟག་པ་མི་འདུག་གསུང་གིན་བཞུགས་ཟེར་”﹙24﹚ཏེ་མེ་བཟའ་ཕྱིར་སློག་ཐབས་བྱས།  མེ་བཟས་འོ་ན་ངའི་ཟ་མ་འདི་རྣམས་རྒྱལ་པོར་འབུལ་རོགས་མཛོད་ཅེས་བཤད་དེ་ཟ་མ་རྣམས་འབྲུག་མོར་སྤྲད་པ་དང་།  མདང་ང་ཡི་རྨི་ལམ་ལ་ང་རང་རླུང་འཚུབ་ཀྱིས་བཏུམས་ནས་ཁྱེར་སོང་བས་དེ་བལྟས་མི་ལེགས་པས་ཅིས་ཀྱང་རྒྱལ་པོར་ཞུ་རོགས་མཛོད་ཟེར་ནས་ཕྱིར་ལོག་པ་རེད། དེ་ནས་འབྲུག་མོས་རྒྱལ་པོར་མེ་བཟའ་ཡོང་བའི་སྐོར་ཅི་ཡང་མ་ཞུས་པའི་མི་ཚད། རྒྱལ་པོས་ཟས་དེ་རྣམས་མེ་བཟས་བཅོས་པ་འདྲ་གསུངས་པར། “རྒྱལ་པོ་ལགས་ཅི་གསུང་། མེ་བཟའི་ཟ་མ་ལ་གསེར་གཡུའི་རྟགས་ཡོད་དམ།   མེ་བཟའི་ཟ་མ་འདྲ་བ་ངས་ཀྱང་ལས་ཤེས། འདི་རྣམས་དེ་རིང་ང་(ང་ལ་)ཨ་མས་བསྐུར་ཡོང་བ་རེད་ཅེས་ཞུས་ཏེ་”﹙25﹚མེ་བཟས་ཁུར་ཡོང་བའི་ཞིམ་མངར་ཅན་གྱི་ཟ་མ་དེ་རྣམས་ཀྱང་རང་གི་ཨ་མས་བསྐུར་ཡོང་ཚུལ་བརྗོད་དེ་བདག་གིར་བྱས་པ་རེད།  མེ་བཟས་སྐད་ཆ་དེ་རྣམས་རྒྱལ་པོའི་ཞལ་གསུང་མིན་པ་ཤེས་ནའང་།  “རང་གི་ལས་བྱ་རྣམས་མ་ཤོར་མ་ནོར་བ་བྱེད་དགོས་བསམས་ནས་”﹙26﹚ཕྱིར་གླིང་ཡུལ་དུ་ལོག་པས་མཐར་མེ་བཟའ་ནི་ཉིན་འགའི་སྔོན་གྱི་རྨི་ལམ་ཇི་བཞིན་རླུང་འཚུབ་ཀྱིས་བཏུམས་ནས་བདུད་ཀྱིས་ཁྱེར་སོང་བ་དང་།  དོན་དེ་ལ་བརྟེན་ནས་ད་གཟོད་བདུད་གླིང་བར་ལ་འཕྲོག་རྩོད་ཀྱི་གྱོད་གཞི་བྱུང་བ་རེད། གང་ལྟར་གོང་ཀི་འབྲུག་མོ་དང་མེ་བཟའ་བར་གྱི་བྱ་བའི་གཏམ་གླེང་སྔ་ཕྱི་གཉིས་ཞིབ་བརྗོད་བྱས་པ་ལས་འབྲུག་མོ་ནི་དབང་གཡོ་ཕྲག་དོག་ཆེ་བའི་གཡོ་མོ་ཞིག་དང་།   མེ་བཟའ་ནི་དེ་ལས་ལྡོག་སྟེ་བརྟན་བརླིང་བཟོད་སྒོམ་དང་ལྡན་པའི་བཟང་མོ་ཞིག་གི་རང་གཤིས་འབུར་དུ་བཏོད་ཡོད་པ་རེད།  
          2.ལས་ཀྱི་དྲག་མོ། འདིར་ལས་ཀྱི་དྲག་མོ་ཞེས་པ་ནི་ལས་ཀྱི་དབང་ཀིས་མེ་བཟའ་མོ་ལོ་དགུ་ཡི་སྟེང་བདུད་ཀླུ་བཙན་གྱིས་ཕྲོགས་པ་དང་།   དེ་ནས་ལོ་དགུ་ཙམ་བར་བདུད་ཡུལ་དུ་བཞུགས་ཏེ་བདུད་ཀྱི་རྒྱལ་མོའམ་དཔོན་མོའི་ཚུལ་དུ་ཡོད་པར་མ་ཟད་བདུད་ཀླུ་བཙན་གྱིས་ཤིན་ཏུ་གཅེས་ཤིང་ནམ་ཡང་དེ་འཐོབ་འདོད་ཀྱིས་གུ་ཡངས་སུ་བཏང་ནས་བཞག་ཡོད་སྟབས་བདུད་ཡུལ་གྱི་ཁྲིམས་འགལ་ཉེས་གཅོད་གྱི་བྱ་བ་ཚང་མའང་མེ་བཟའི་དབང་དུ་བྱས་ཡོད་པ་རེད།  དཔེར་ན།  《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་དུ།  གླིང་རྗེ་གེ་སར་རྒྱལ་པོས་མེ་བཟར་མདའ་ཡིག་སྤྲིངས་ནས་མེ་བཟས་ལྷ་མདར་གླུ་ལེན་གཏམ་བཤད་བྱས་པ་དེ་བདུད་ཀྱི་ནང་བློན་བེའུ་སྣ་ཁྲས་མཐོང་སྟེ་ཀླུ་བཙན་ལ་ཞུས། ཀླུ་བཙན་ཁྲོས་ནས་བེའུ་སྣ་ཁྲ་ཁ་ལ་ཟོས།  དེའི་རྗེས་སུ་གཞི་ག་དར་བློན་པོ་ཕྱིང་སྔོན་སོགས་བདུད་བློན་མང་པོ་ཡི་མ་རང་བར་རྒྱལ་པོ་མེ་བཟའི་ཁ་ལ་རྒྱུགས་ནས་བེའུ་སྣ་ཁྲ་བཤད་ལོང་མེད་པར་ཁ་ལ་བཏབ་སོང་ཟེར་ཏེ་གཏམ་གླེང་མང་པོ་བྱས་པས་ཀླུ་བཙན་ཤིན་ཏུ་ཁྲོས་ནས་བློན་པོ་རྣམས་ལ་བེའུ་སྣ་ཁྲ་སྲོག་གཅོད་བྱས་པ་དེའང་ཁོ་བོས་མདའ་ཡི་གླུ་ལེན་ཤེས་ཞེས་རྒྱུ་མཚན་མེད་པའི་འཆལ་གཏམ་མང་པོ་ལབ་པས་སོ།། དེ་མིན་མེ་བཟའ་གཡོ་མོ་ཁྱོད་ཀྱི་ཁ་ལའང་ཉན་རྒྱུ་ཅི་ཡང་མི་འདུག་ཅེས་སྡིགས་མོ་བྱས།   དེ་ནས་མན་བཟས་ཕྱིར་ཀླུ་བཙན་ལ།  ཁ་སོང་ང་དང་བེའུ་སྣ་ཁྲ་གཉིས་བར་ལ་རྩོད་པ་བྱུང་བར་ཁྱེད་ཀྱིས་བདེན་རྫུན་གྱི་དབྱེ་བ་ཕྱེས་ཏེ་བེའུ་སྣ་ཁྲ་ཁ་ལ་ཟོས་ནས་སྲོག་ཁྲིམས་བཅད།  ད་ནངས་སླར་ཡང་འཆལ་གཏམ་མང་པོ་བཤད་དེ་བདེན་རྫུན་གྱི་དབྱེ་བ་མ་ཆོད་ཟེར་ཏེ་ང་ལ་ཉེས་མེད་ཉེས་འགེལ་བྱས་པ་རེད། དེ་ལྟར་ཡིན་ན་བེའུ་སྣ་ཁྲ་སྲོག་ལ་སྦྱར་དོན་ཅི་ཡིན། “ཉེས་མེད་ཁྲིམས་འགེལ་བྱེད་མི་དེ།།  དེ་རིང་ཁྲིམས་ལ་ཨེ་སྦྱར་ཞེ།། གནའ་མི་བོད་ཀྱི་གཏམ་དཔེ་ལ།། ཆུ་ཆེན་ཟམ་པའི་འོག་ལ་ཟེར།། མི་ཆེན་ཁྲིམས་ཀྱི་འོག་ལ་ཟེར།། ཟེར་བའི་གཏམ་དེ་བདེན་རབས་ཡོད།།   རྒྱལ་པོས་ཁྲིམས་འགལ་བྱས་པས་ན།། ཁྲིམས་འགལ་གཞན་དང་སྤྱི་མཚུངས་ཡིན།། ཨ་སྐྱིད་མན་བཟའ་འབུམ་སྒྲོན་ང།།  བཙན་པོ་ཁྲིམས་ཀྱི་ཁྲིམས་དཔོན་ཡིན།།  ལག་དམར་ཁྲིམས་ལ་འབར་(སྦྱོར་)མི་རེད།། སྲོག་ལན་སྲོག་གི་འཇལ་ལེ་ཡིན།། གཏམ་བདེན་གདའ་ཨེ་བསམ་ཀླུ་བཙན་དཔོན།།  རྒྱ་ལ་ཆེན་གཏམ་གྱི་རྡོག་ཁ་ལ།།   ཁྱེད་ཀླུ་བཙན་དཔོན་དང་མན་བཟའ་ང།། ཚེ་སྔོན་མའི་ལས་ཀྱིས་ལན་ཅིག་བསྐོས།། བློ་ཡིད་ཆེས་མེད་ན་སོ་སོར་གྱེས།།   དཔོན་ཀླུ་བཙན་ཁྲིམས་ལ་ཐུག་ཁ་རུ།། སྔར་ལོ་དགུ་གཤིབས་(བཤིབས་)པའི་ལར་གྱིས་བཟུང་།། གཡས་གསེར་ཟངས་ནང་ལ་ཆང་ཞིག་ཡོད།། ཁྱེད་ཡིད་རྨོངས་སེལ་བའི་ཆང་འདྲེན་ཡིན།།   སྔར་སྟིག་ལས་བྱས་པའི་འགྱོད་བཤགས་བྱེད།།  གཡོན་དངུལ་ཟངས་ནང་ལ་ཇ་ཞིག་ཡོད།།    ཁྱོད་བློ་ཁ་འགྱུར་བའི་ཇ་འདྲེན་ཡོད།། ལས་ངན་པ་མི་བྱེད་གནའ་བཤགས་བྱེད།། སྨན་ཚེ་རོགས་བཟང་པོའི་བསླབ་བྱ་ཡིན།། ཁྱེད་ཀླུ་བཙན་ཡིད་ལ་དེ་ལྟར་ཞོག།”﹙27﹚ཅེས་གླུ་བླངས་ནས་མེ་བཟའ་ང་ནི་བཙན་པོ་ཁྲིམས་ཀྱི་ཁྲིམས་དཔོན་ཡིན་པས་ཁྱེད་ཀྱིས་ཉེས་མེད་ཁྲིམས་འགེལ་བྱས་པར་ཁྲིམས་ཆད་ནན་མོ་གཅོད་དགོས་ཡོད།  རྒྱལ་པོས་ཁྲིམས་འགལ་བྱས་ནའང་ཁྲིམས་འགལ་གཞན་དང་གཅིག་མཚུངས་ཡིན།   སྲོག་ལན་སྲོག་གིས་འཇལ་དགོས་པ་དེ་རྒྱལ་པོ་ཁྱེད་ཀྱིས་ཀྱང་ལོས་ཤེས། འོན་ཀྱང་ད་ངེད་གཉིས་ལོ་དགུར་མཉམ་དུ་བསྡད་པའི་དབང་གིས་ཇ་དང་ཆང་གི་འདྲེན་པ་ཁྱེད་ལ་བྱེད། ཁྱེད་ཀྱིས་ཀུན་གྱི་མདུན་ནས་ཉེས་པ་ཁས་ལེན་གྱི་འགྱོད་བཤགས་དང་དེང་ཕྱིན་ཆད་ངན་པ་མི་བྱེད་པའི་གནའ་བསྐྱལ་ན་སྲོག་ཁྲིམས་ལ་མི་སྦྱོར་བ་ངས་ཁྱོད་ལ་ཁས་ལེན་བྱེད་ཆོག དེ་ནི་ང་ཚེ་རོགས་བཟང་པོས་བསླབ་བྱ་ཡིན་ཞེས་བཙན་གྱིས་བསྐུལ་བས་བློན་རྣམས་ཀྱིས་ཀྱང་དེ་བདེན་ཟེར།  དེ་ནས་ཀླུ་བཙན་གྱིས་མགོ་སྒུར་ཏེ་ནག་ཉེས་ཁས་བླངས་ནས་འགྱོག་བཤགས་བྱས་པ་རེད།  གནས་ཚུལ་དེའི་སྟེང་ནས་བལྟས་ན་མེ་བཟའ་ནི་བདུད་ཡུལ་དུ་དྲག་པོ་ཁྲིམས་ལ་སྦྱོར་མཁན་གྱི་བཙན་མོ་ཞིག་ཡིན་པ་དེ་མཐོང་ཐུབ་པ་རེད།  ཡང་དཔེར་ན།  བདུད་ཀླུ་བཙན་རྒྱལ་པོ་བཏུལ་རྗེས་མེ་བཟས་ཁ་ཡག་ཚིག་སྙན་མོས་མགོ་བསྐོར་ཏེ་གེ་སར་རྒྱལ་པོར་མུན་ཆང་དྲངས་པས་རྒྱལ་པོ་ཅི་ཡིན་འདི་ཡིན་མེད་པར་བདུད་ཡུལ་ནས་ལོ་གསུམ་ཙམ་འགོར།  དེ་ནས་འབྲུག་མོས་བླ་བྱ་གསུམ་མངགས་ཏེ་བདུད་ཡུལ་དུ་ཕེབས་པ་ན། རྒྱལ་པོ་ཉིན་མཚན་མེད་པར་ཤོ་དང་ཆང་ལ་རོལ་བཞིན་ཅི་ཡིན་ཆ་མི་འཚལ་བར་ལྐུགས་པ་ལྟར་དུས་འདའ་བར་བྱས་ནས་ཡོད་པ་མཐོང་བས་ཡིད་རབ་ཏུ་སྐྱོ། དེ་གཞི་ག་དར་བློན་པོ་ཕྱིང་སྔོན་གྱིས་མཐོང་ནས་གནས་ཚུལ་བཤད་པ་དང་། ལྷ་བྱ་གསུམ་པོ་མྱུར་དུ་མངགས་ནས་སློབ་དཔོན་གྱི་མནོལ་སེལ་ཟག་མེད་བདུད་རྩིའི་ཁྲུས་ཆབ་དང་།  མ་ནེ་ནེ་གནམ་ནེ་དཀར་མོའི་ཚེ་རིལ།  ལྷ་ཆེན་ཚངས་པ་དཀར་པོའི་བྱིན་རླབས་བཅས་ཞུས་ཏེ་ཕྱིར་ཕེབས﹙28﹚དེའི་སྐབས་སུ་རྒྱལ་པོ་ད་དུང་སྔར་བཞིན་མུན་འཐོམས་ནས་ཡོད་པར་བློན་ཕྱིང་སྔོན་གྱིས་དྲན་བསྐུལ་གྱི་ཚུལ་དུ་རྒྱལ་པོ་ཁྱེད་སྐུ་ངལ་ལ་མ་འཛེམས་པར་བྱང་དུ་ཕེབས་ནས་སྐུ་གསུམ་བསྟན་པའི་མཛད་པ་སྤེལ་བས་སྐུ་དྲིན་ཤིན་ཏུ་ཆེའོ།།  ཡིན་ཀྱང་ད་ལྟ་ཁྱེད་རང་ཤོ་དང་མིག་མངས་ལ་ཆགས་ཤིང་ཆང་དང་གླུ་གར་ཁོ་ནར་རོལ་བ་ལས་སྔ་ཕྱིའི་མཛད་པ་ཅི་ཡང་ཐུགས་ལ་འཆར་གྱི་མེད། ཉེ་སྔོན་གླིང་གིས་བླ་བ་མངགས་ནས་དཀར་པོ་གླིང་གི་ས་ཆར་ནག་པོ་བདུད་དེ་ཧོར་དམག་ཕབ་ནས་དཀར་ཕྱོགས་བསྟན་པའི་རྒྱལ་མཚན་བཤིག་ཅེས་བརྗོད།  ད་ཁྱེད་རང་མུན་འཐོམ་མེར་མ་བཞུགས་ཞལ་གསུང་དང་ཐུགས་རྗེ་ཡོད་པ་གཟིགས་ཤིག་ཅེས་ཞུས་ཀྱང་རྒྱལ་པོ་ད་དུང་གན་རྐྱལ་དུ་ཉལ་འདུག་པར་བླ་བྱ་གསུམ་གྱིས་ནམ་མཁའ་ནས་བྱ་བྲུན་དང་བདུད་རྩིའི་ཁྲུས་ཆུ་སོགས་གཏོར་བས་རྒྱལ་པོ་ཞལ་སྐྱུགས་བྱས་ནས་དྲན་པ་རིམ་བཞིན་དྭངས་གསལ་དུ་སོང་། དེ་ནས་རྒྱལ་པོས་བདུད་མཁར་ལྕགས་རི་ར་དགུའི་ནམ་མཁར་ལྡིང་སྐོར་བྱེད་བཞིན་པའི་བླ་བྱ་གསུམ་ལ་གླིང་དཀར་སྟོད་ཀྱི་བདེ་སྡུག་དྲིས་པས་བླ་བྱ་གསུམ་གྱིས་རྒྱལ་པོ་བྱང་ལ་ཕེབས་ཤུལ་ཏུ་ཁྲོ་ཐུང་གིས་ཕྱི་ནང་དཀྲུགས། ཧོར་དམག་གླིང་ལ་ཕབ་སྟེ་འབྲུག་མོ་ཕྲོགས་པ་དང་གླིང་གི་དཔའ་རྟུལ་རྣམས་ཀྱིས་ཕམ་ཁ་ཆེན་པོ་ཉོས་ཚུལ་སོགས་གསལ་བོ་ཞུས། དེ་མེ་བཟས་གོ་ནས་ཡོང་སྟེ། “ཡ་མཚན་གླིང་རྗེ་གེ་སར་དཔོན།   གཏམ་ད་ལྟ་ཡོད་ལ་ད་ལྟ་མེད། སྤྲུལ་པ་རེད་དམ་འཁྲུལ་བ་རེད། སྔར་མེད་བྱ་དཀར་སྤུན་མོ་གསུམ།  ལྷ་བྱ་རེད་དམ་འདྲེ་བྱ་རེད།  གསུང་གྲོས་གླུ་ལེན་མང་པོ་བྱེད།  དྲང་གཏམ་རེད་དམ་རྫུན་གཏམ་རེད། ཞུ་(གཞི་)ག་དར་བློན་པོ་ཕྱིང་སྔོན་བ།  གཏམ་དྲི་བཤད་བྱེད་དོན་ཅི་ཞིག་ཡིན།  མཐུན་གཏམ་རེད་དམ་དཀྲུགས་(དཀྲུག་)གཏམ་རེད།  ད་ཁ་རོག་འདུག་ན་འཕྲལ་ཕུགས་བདེ། ཨེ་གོ་བློན་ཆུང་ཕྱིང་སྔོན་ཁྱོད། མཁའ་ལ་ལྡིང་བའི་བྱ་དཀར་གསུམ། བདུད་ལུང་མུན་པའི་ས་ཆ་ལ། གནམ་ལ་ཉི་ཟླ་ཤར་དབང་མེད།    སྐར་མ་འགྲོ་ས་ག་ན་ཡོད། རང་དགར་འཕུར་ལྡིང་བྱས་ལེ་དེ། ཤ་ཡོད་ཤ་ཁྲལ་ང་ཡིས་ལེན། སྒྲོ་ཡོད་སྒྲོ་ཁྲལ་ང་ཡིས་ལེན། སེང་ཆེན་རྒྱལ་པོ་སྐུ་ཚེ་རིང་། ཐུགས་མཉམ་པར་ཞོག་ལ་ཁ་རོག་བཞུགས། ཡ་མཚར་འཕྲུལ་གྱིས་ཆང་རག་མཆོད་”﹙29﹚ཅེས་བློན་ཕྱིང་སྔོན་ལ་བཀའ་གྱོན་བབ་པ་དང་།  རྒྱལ་པོར་ཡང་བསྐྱར་མཆོད་ཆང་ནང་དུ་མུན་འཐོམ་རིལ་བུ་བཏབ་ནས་འདྲེན་པར་བརྩམས་པ་སོགས་ལས་ཀྱང་མེ་བཟའི་དབང་ཚུགས་དང་ཁ་ཕོ་ཆེན་པོ་མངོན་ཡོང་བ་དང་།  དེ་ལས་ལྷག་པའི་བཙན་མོ་དྲག་མོ་ཞིག་གི་སྣང་བརྙན་ཇི་བཞིན་དུ་གསལ་ཡོང་བ་རེད།
          3.རིག་ཅན་གཡོ་མོ།    གོང་དུ་སོང་བ་བཞིན་མེ་བཟའ་ནི་སྤྱིར་གཞུང་རྒྱུད་དྲང་ཞིང་ངང་རྒྱུད་བཟང་ལ་གཤིས་ཀ་འཇམ་པ་དང་ལས་ལ་བརྩོན་ཞིང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པའི་བོད་རིགས་བུད་མེད་ཅིག་ཡིན་པ་ལ་ལས་ཀྱི་དབང་གིས་མོ་ལོ་དགུ་ཡི་སྟེང་ནས་བདུད་ཡུལ་དུ་བསླེབས་ཏེ་བདུད་ཀྱི་འཚོ་བ་བསྐྱལ། མཇུག་མཐར་མོ་ཡང་དབང་དང་བཙན་ལ་དགའ་ཞིང་དྲག་པོའི་ལས་ལ་སྦྱོར་བ་དང་སྒེར་སེམས་ཆེ་ལ་གཡོ་སྒྱུའི་ལས་སྣ་ཚོགས་བྱེད་མཁན་ཞིག་ཏུ་གྱུར་ཡོད་པ་རེད། ཡིན་ནའང་མོས་གེ་སར་རྒྱལ་པོར་བླངས་པའི་གླུ་ལས།  “སྨན་ང་འདྲ་ང་ངོ་མ་ཤེས་ན།། བྱང་ཁྲི་ཤོག་མན་བཟའ་འབུམ་སྒྲོན་ཡིན།། ཐབས་ཤེས་རབ་མུན་པ་རང་གསལ་ཡིན།། བློ་རིག་པ་ནམ་མཁའ་སྒོ་ཕྱེ་ཡིན།།”﹙30﹚ཞེས་པ་ལྟར་ངན་གཡོ་སྒེར་ལས་ཀྱི་ཁྲོད་དུ་མོ་རང་གི་སྤྲུལ་རྒྱུད་དུ་ལྷན་སྐྱེས་སུ་ཡོད་པའི་ཐབས་ཤེས་ཀྱི་རིག་པ་ཕྲ་མོ་དེས་ནམ་ཡང་བསམ་ཡུལ་ལས་འདས་པའི་ནུས་པ་ཐོན་པར་བྱས་ཡོད་པ་རེད།  དཔེར་ན།  《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་དུ།   གླིང་རྗེ་གེ་སར་རྒྱལ་པོས་མེ་བཟར་མདའ་ཡིག་སྤྲིངས་ནས་མེ་བཟས་ལྷ་མདར་གླུ་ལེན་གཏམ་བཤད་བྱས་པ་དེ་བདུད་ཀྱི་ནང་བློན་བེའུ་སྣ་ཁྲས་མཐོང་སྟེ་ཀླུ་བཙན་ལ་ཞུ་སྐབས་མེ་བཟའ་དེ་མ་མྱུར་དུ་བེའུ་སྣ་ཁྲའི་གདོང་ལ་སོང་ནས།   ཁྱོད་ཀྱིས་བཤད་པ་དེ་གཏམ་སྙན་མོ་རེད།   ཡིན་ནའང་དོན་ངོ་མ་ཀླུ་བཙན་གྱི་ངོ་ཁ་བསུས་ནས་ཀླུ་བཙན་དང་ངེད་གཉིས་བར་ལ་དབྱེན་སྦྱོར་དཀྲུག་ཤིང་འཕེན་འདོད་པ་དེ་རེད།  མདང་ནམ་མཁར་སྤྲིན་ནག་འཚུབ་ཅིང་འབྲུག་སྦྲ་འུར་འུར་སྒྲོག  བར་སྣང་ཁམས་ནས་གློག་དམར་འཁྱུག་ཅིང་གནམ་ལྕགས་བབས་པས་ལུང་བ་འུར་གྱིས་ཁེངས་ལ་ས་གཞི་ཡོམ་ཡོམ་བྱས། སྐུ་མཁར་མང་པོའང་གཏོར་ནས་སོང་བ་ཚང་མས་མིག་གིས་མཐོང་བ་དེ་རེད།  ཡིན་ནའང་ཁྱོད་ཀྱིས་དེ་ནི་ཤར་ནས་བྱུང་བའི་ཇོ་རུས་མངགས་པའི་ལྷ་མདའ་ཕོ་ཉ་རེད། ང་ཡིས་དེ་ལ་གླུ་ལེན་གཏམ་བཤད་བྱེད་ཀྱིན་འདུག་ཟེར་བས། དེ་དུས་ཁྱོད་རང་ངའི་འགྲམ་དུ་ཨེ་ཡོད་དམ།  མེད་ན་གེ་སར་གྱི་འཕྲིན་ཡིག་བྱུང་ཟེར་བས་ང་ཡིས་ཡི་གེ་ཤེས་མིན་ནི་བྱང་དུ་ལོ་དགུ་སོང་བས་ཚང་མས་ཤེས། གཞན་བདུད་ཀྱི་བློན་འཁོར་དྲུག་ཅུའི་ནང་དུ་རེ་རེ་ལ་མདའ་འགའ་རེ་ཡོད་པས།  སུ་ཞིག་གི་མདའ་ཡིས་གླུ་ལེན་ཐུབ་མིན་བལྟ་ཆོག   དེ་མིན་མདང་ཀླུ་བཙན་གྱི་དབུ་རྭ་གཡས་པའང་དུམ་བུ་ཙམ་ཞིག་བཅད་དེ་སོང་བས་ཀླུ་བཙན་དྲན་མེད་དུ་བརྒྱལ་ནས་ཡོད་སྐབས་ངས་བཟང་དྲུག་སྨན་སྦྱོར་བྱས་ནས་ཞབས་ཏོག་ཞུས་པ་མ་གཏོགས་བློན་ཁྱོད་ཚོ་ཡོང་མཁན་སུ་ཞིག་ཡོད།  དེ་རིང་གཏམ་གྱི་རྡོག་རྩ་ནི་བེའུ་སྣ་ཁྲ་ཁྱོད་ཀྱིས་ང་ལ་གཟུགས་མེད་གྲུབ་ནག་བཟོས་ཏེ་མ་ཉེས་ཁ་གཡོག་བྱས་པ་ཁོ་ན་རེད།  བདེན་ནམ་རྫུན་གང་ཡིན་རྒྱལ་པོ་ཁྱེད་ཀྱིས་དབྱེ་འབྱེད་མཛོད་ཅེས་བརྗོད་པ་ན། ཀླུ་བཙན་གྱིས་ཀྱང་མེ་བཟས་བཤད་པ་བདེན་བསམས་ཏེ་བདུད་བློན་རྣམས་ལ་རང་རང་གི་མདའ་ལ་གླུ་ལེན་དུ་བཅུག་པས་མ་ནུས།  དེ་ནས་ཀླུ་བཙན་ཤིན་ཏུ་ཁྲོས་ནས་བེའུ་སྣ་ཁྲ་སྐེད་པ་ནས་བཟུང་སྟེ་ཟོས་སོ།།  དེའི་སྐབས་སུ་མེ་བཟའི་མྱུར་ཞིང་སྐྱེན་པའི་རིག་པ་ཕྲ་མོ་དེ་བཀོལ་ཡོད་པ་རེད། དེ་རྗེས་བདུད་བློན་རྣམས་ཀྱིས་རྒྱལ་པོ་མེ་བཟའི་ཁར་རྒྱུགས་ནས་བདེན་རྫུན་མི་འབྱེད་པར་རང་གི་ཉེ་བློན་བེའུ་སྣ་ཁྲ་ཁ་ལ་ཟོས་ཚར་ཞེས་ཡི་མ་རང་བའི་གཏམ་གླེང་མང་དུ་བྱེད་པའི་སྐབས་སུ་མེ་བཟས་ཡང་མྱུར་དུ་བདུད་བློན་མང་པོའི་ཕྱོགས་སུ་བླངས་ནས་ཐབས་ཀྱིས་ཀླུ་བཙན་ལ་འཇིགས་བསྐུལ་ཅིང་ཁྲིམས་གཅོད་འགྱོད་བཤགས་བྱེད་དུ་བཅུག་པ་དང་།   དེ་དང་ཆབས་ཅིག་རང་གི་ཉེས་པ་གབ་སྟེ་བདུད་བློན་རྣམས་ཀྱིས་རང་ལ་འཛིན་པའི་དོགས་པ་སེལ་བར་བཅུག་ཅིང་རང་གི་སྙན་གྲགས་དང་བདུད་ཡུལ་གྱི་དཔོན་མོའི་གོ་གནས་སྔར་བཞིན་ཇེ་བརྟན་དུ་བཏང་བ་རེད།  ཡང་མེ་བཟའ་བདུད་ཀྱིས་ཕྲོགས་རྗེས་ཀླུ་བཙན་གྱིས་ཐེངས་མང་པོར་མེ་བཟའ་དང་ལུས་འདྲེས་པར་འདོད་པའི་བསམ་སྤྱོད་བཤམས་པས་ན།  མེ་བཟས་རེ་རེ་བཞིན་རིག་པ་བཀོལ་ནས་བདུད་རྒན་གྱི་མགོ་བསྐོར་ཏེ་དོན་ཐོག་ཏུ་བྱུང་བར་མ་བཅུག་པ་དང་།  ལྷག་པར་དུ་ཀླུ་བཙན་གྱི་དོགས་པ་བསལ་བའི་ཆེད་དུ།  “ཕོ་འདྲེ་ཀླུ་བཙན་ང་ལ་ཉོན།། བྱང་དུ་སླེབས་(བསླེབས་)ནས་ལོ་དགུ་སོང་།། མོ་སེམས་ཕོ་ལ་ཆགས་པ་མེད།། མདའ་མོ་སྤང་ལ་ཟུག་པའི་གཏམ།། ཡོད་ན་དེ་རིང་ཁྱེད་ཀྱིས་ཤོད།། ཆག་སྲན་མས་གསོས་པའི་རྟེའུ་ཆུང་དེ།།  རྟེའུ་ན་གསུམ་ཚང་ནས་གསེར་སྒ་རྒྱག   ། ཕོ་རྒོད་པོའི་འོག་རྟ་བྱེད་ལེ་རེད།།ན་གསུམ་པར་མ་སོན་རྟེའུ་ཆུང་དེ།། རྟེའུ་རྒྱུག་འདོད་ཡོད་ཀྱང་བཞོན་ཐབས་མེད།།   ང་ལོ་ཆུང་ཕོ་འདྲེའི་ཇ་མར་ཁྲིད།།  སྨན་ལོ་ན་བཅོ་བརྒྱད་མ་སོན་གོང་།།  ལུས་མ་འདྲེས་ཁ་བཅད་སྔར་ནས་ཡོད།།   ལས་དེ་ཚོ་ཕོ་འདྲེས་བརྗེད་ལེ་འདྲ།།  རེད་དམ་མ་རེད་ཀླུ་བཙན་ཕོ།།”﹙31﹚ཞེས་པ་འདིར་དེར་གཞིགས་ན་མེ་བཟའ་དང་ཐོག་བདུད་ཡུལ་དུ་བསླེབས་དུས་ཀླུ་བཙན་ལ་ང་ད་རུང་ལོ་ན་ཆུང་བས་མོ་ལོ་བཅོ་བརྒྱད་ལ་སོན་དུས་ཁྱེད་དང་མཉམ་དུ་རོལ་ཆོག་ཅེས་ཁས་བླངས་ནས་མགོ་བསྐོར་ཏེ་ཀླུ་བཙན་ལོ་མང་པོར་སྒུག་ཏུ་བཅུག་པ་དེ་རྟོགས་ཐུབ་པ་རེད། ཡང་མེ་བཟའ་མོ་ལོ་བཅོ་བརྒྱད་ལ་སོན་དུས།  “སྨན་ང་འདྲ་ང་ངོ་མ་ཤེས་ན།། གླིང་ཨ་སྐྱིད་ཚང་གི་བུ་མོ་ཡིན།། མིང་འབོད་ན་མན་བཟའ་འབུམ་སྒྲོན་ཟེར།།  ཡིན་ཐག་ཆོད་ཀླུ་བཙན་ཇ་མ་ཡིན།། ཕོ་འདྲེ་ཀླུ་བཙན་རྒྱལ་པོ་ཁྱོད།། གསོན་དང་འདྲ་མ་འདི་འདྲ་གདའ།། བྱ་གཤོག་རྩལ་ཉམས་པའི་ཁྲུང་ཁྲུང་དེ།། དམའ་ནགས་ལ་མ་(མི་)འབབ་ཀ་མེད་རེད།། དྲིན་ཕ་མ་བྲལ་བའི་མན་བཟའ་ང་།། བློ་ཁྱོད་ལ་མ་(མི་)གཏད་ཀ་མེད་རེད།།  ཡིད་སྨན་ལ་ཆགས་པའི་ཀླུ་བཙན་དཔོན།། སྨན་བུ་མོ་(མོར་)མ་(མི་)སྒུག་ཀ་མེད་རེད།།   ང་ད་ལོ་དྲུག་གསུམ་བཅོ་བརྒྱད་ཡིན།།     སྟེང་ཐང་དཀར་མ་གཏོགས་ལྡིང་མ་མྱོང་།།    འོག་གཙང་ཆབ་མ་གཏོགས་འབབ་མ་མྱོང་།། ལོ་ཉི་ཤུ་རྩ་གཅིག་ལོན་པའི་དུས།། སྨན་བུ་མོའི་འདོད་ཆགས་འཁོར་ལེ་ཡིན།། ལུས་གྲུ་བཞི་གདན་ལ་འདིང་པས་ཆོག   ། སྨན་བུ་མོའི་འོག་ཁ་ཨ་ལོང་ཡིན།། ཨ་ལོང་དེ་ལ་རྫོགས་རྒྱུ་མེད།།  ཨ་ལོང་དེ་ལ་ཟད་རྒྱུ་མེད།། ཕོ་སྟག་ཤར་འོག་འཛར་རྒྱུད་པ་ཡིན།།    རྒྱུད་པ་དེ་ལ་རྫོགས་རྒྱུ་མེད།། རྒྱུད་པ་དེ་ལ་རུལ་རྒྱུ་མེད།། ཝག་(སྦག་)ན་དེ་དུས་ཝག་(སྦག་)རན་རེད།།     ན་ཆུང་སྨན་ལ་འཛེགས་(འཛེག་)འདོད་དེ།།   ཕོ་རྒོད་དཀྱིལ་གྱི་ཐ་མ་ཟེར།། ཞིང་ཆུང་ཁྲ་མོར་ལྗང་དྲུག་འཚར།། ཚགས་ཚིགས་སྔ་བསྡུ་བྱེད་འདོད་དེ།།  མཐའ་མ་འབྲས་བུ་ལེན་རྒྱུ་མེད།། གཡང་དཀར་ལུག་ཁྱུ་སྒོ་ཁར་བསྐོར།། བྲོ་ཞིམ་ལུག་ཤ་ཚིལ་ལྡན་དེ།།  རྔམ་རྔམ་སྔ་བཟའ་བྱེད་དགོས་མེད།།  གང་བཟའ་རང་གི་ལག་པ་རེད།། རེད་གདའ་ཨེ་བསམ་ཕོ་འདྲེ་དཔོན།།  དཔོན་ཕོ་འདྲེ་དགོངས་པ་ཡག་པོ་བཞེས།།”﹙32﹚ཞེས་ཁ་ཡག་ཅིང་ཚིག་སྙན་པས་སྒོ་ནས་འདོད་ཆགས་ཅན་གྱི་བདུད་ཀླུ་བཙན་རྒྱལ་པོའི་བློ་ཁ་བཀུག་པ་རེད།  བྱ་བ་དེའི་སྟེང་ནས་ཀྱང་མེ་བཟའ་ནི་མཛངས་ཤིང་ཤེས་རབ་ཆེ་བ་དེ་མཚོན་ཡོད་པ་རེད། གཞན་ཡང་རིག་པ་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་བདུད་ཀླུ་བཙན་རྒྱལ་པོ་བཏུལ་བ་དང་། གེ་སར་རྒྱལ་པོར་མུན་ཆང་དྲངས་པ། གཞི་ག་དར་བློན་པོ་ཕྱིང་སྔོན་ལ་བཀའ་གྱོན་ཕབ་པ་སོགས་བྱ་བ་རབས་དང་རིམ་པའི་ཁྲོད་ནས་མེ་བཟས་རང་གི་ལྷན་སྐྱེས་ཀྱི་བློ་རིག་རྣོན་པོ་དེ་སྤྱད་ཡོད་པས་འདིར་རེ་རེ་བཞིན་གསལ་བཤད་མ་བྱས་སོ།།
          དེ་ནས་གཡོ་མོ་ཞེས་པའི་རྒྱུ་མཚན་ནི།  སྒེར་སེམས་ཀྱིས་བསྐུལ་བའི་ལས་ཏེ་ཐམས་ཅད་རང་ལ་དགོས་པའམ་ལྡན་པར་འདོད་པའི་བློས་བྱས་པ་ཞིག་སྟེ། གེ་སར་རང་ལ་འཐོབ་འདོད་པའི་སླད་དུ་གཡོ་སྒྱུ་ཁྲམ་གསུམ་གྱི་ཐབས་གང་མང་སྤྱད་དེ་མཐའ་མར་གེ་སར་དང་ལྷན་དུ་ཀླུ་བཙན་བཏུལ།   དེ་ནས་གེ་སར་ཕྱིར་གླིང་དུ་ལོག་ནས་འབྲུག་མོ་དང་འཕྲད་པར་མི་བྱེད་པ་དང་གེ་སར་ཡུན་རིང་པོ་རང་དང་ལྷན་དུ་སྡོད་པའི་ཆེད་དུ་བདུད་མོ་སྣ་ཆར་གྲོས་བས་ཤིང﹙33﹚གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་གེ་སར་ལ་མུན་ཆང་དྲངས་པས་རྒྱལ་པོ་ཅི་ཡིན་འདི་ཡིན་མེད་པར་ལོ་གསུམ་ཙམ་ལ་བདུད་ཡུལ་དུ་ལུས། དེའི་བར་དུ་ཁྲོ་ཐུང་གིས་ཕྱི་ནང་དཀྲུགས། ཧོར་དམག་གླིང་ལ་ཕབ་ནས་འབྲུག་མོ་བཙན་གྱིས་ཕྲོགས་པ་དང་གླིང་སྡེ་རྣམས་ཕམ་པར་བརྒྱབ་པའི་དོན་རྐྱེན་བྱུང་བ་རེད། དེའི་ཕྱིར་ཀླུ་བཙན་དང་གེ་སར་གང་ཡིན་ཡང་གཉིས་ཀས་རང་གི་ལངས་ཕྱོགས་ནས་བལྟས་ན་མེ་བཟའ་ནི་གཡོ་སྒྱུ་ངན་པ་ཞིག་ཡིན་པས་གཡོ་སྨན་ནམ་གཡོ་མོའམ་ཕུང་མོ་ཞེས་འབོད་པ་རེད། དཔེར་ན། ཀླུ་བཙན་གྱིས་མེ་བཟའི་ཁ་ལ་ཉན་ནས་དཔྱད་པ་མེད་པར་ནང་བློན་བེའུ་སྣ་ཁྲ་ཁ་ལ་ཟོས་ནས་སྲོག་བཅད་པས་ན་འཁོར་བློན་རྣམས་ཀྱིས་རྒྱལ་པོ་བུད་མེད་ཀྱི་ཁར་རྒྱུགས་ནས་གནས་ཚུལ་ལ་བདེན་རྫུན་མི་འབྱེད་པའི་གཏམ་གླེང་མང་པོ་བྱས་པས།   ཀླུ་བཙན་གྱིས་བློན་འཁོར་རྣམས་ལ་དེ་ལྟར་མ་ཡིན་པའི་རྒྱུ་མཚན་བཤད་པར་མ་ཟད།  ལྷག་པར་དུ་མེ་བཟར།  “ལ་ཆེན་གནའ་མིའི་ཁ་རྒྱུན་ལ།།  དཔེ་བཞག་ན་འདྲ་མ་འདི་འདྲ་གདའ།། རྟ་རྒོད་མའི་ལུས་ལ་འགྲོས་ཕུགས་མེད།། སྨན་བུ་མོའི་བློ་ལ་བློ་ཕུགས་མེད།།   གཏམ་སྔ་དྲོ་བཤད་པ་ཕྱི་དྲོ་འགྱུར།། གཏམ་ཕྱི་དྲོ་བཤད་པ་སྔ་དྲོ་འགྱུར།། བཤད་པའི་གཏམ་ལ་ཆ་འཇོག་མེད།།  བུད་མེད་སེམས་དང་ཁ་ཆར་གཉིས།།    བབས་ཐལ་བསམ་དུས་དྭངས་ནས་གདའ།། དྭངས་ཐལ་བསམ་དུས་འཐིབས་ནས་གདའ།།  རྨ་ཁམས་གླིང་གི་ས་ཆ་ནས།། མི་ངན་ཇོ་རུ་སྣབ་(སྣབས་)འཛར་དེ།། སླེབས་(བསླེབས་)ལེ་མན་བཟས་ཤེས་ལེ་འདྲ།། ངོ་པགས་གཡེར་ནས་མ་གདུམ་(བསྡུམ་)གདའ།།   ཁ་མཁས་གཡོ་ཅན་མན་བཟའ་སྨན།།   ཆ་འཇོག་མེད་པའི་དཔྱིད་རླུང་འདྲ།།   ད་ལྟ་ཤར་ནས་རྒྱག་གདའ་བསམ།།   ད་ལྟ་ནུབ་ནས་རྒྱག་ལེ་རེད། ངོ་སྟོད་དཀར་ལ་ངོ་སྨད་ནག། བདེན་པ་མེད་པའི་གཏམ་འཆལ་མང་།།   རྣ་བ་གཏིང་ནས་ཚ་ནས་བྱུང་།།  དེ་ཚོ་གཡོ་སྨན་ཡིད་ལ་ཞོག་”﹙34﹚ཅེས་སྡིགས་མོ་བྱས་ཡོད་པ་དང་།  ཡང་མེ་བཟས་གླིང་རྗེ་གེ་སར་རྒྱལ་པོ་བདུད་མཁར་ལྕགས་རི་རྩེ་དགུའི་ནང་དུ་སྦས་ནས་དོ་ནུབ་ཀླུ་བཙན་ལ་ཐོད་མདའ་སྤྲོད་པར་སྒུག་ཡོད་པའི་སྐབས་སུ། བདུད་ཀླུ་བཙན་རྒྱལ་པོ་བླ་ལུག་བཅས་ལ་ལྟ་བར་སོང་སྟེ་ཐང་ཆད་ཅིང་ལྟོགས་སྐོམ་གྱིས་མནར་ནས་ཕྱིར་བསླེབས་པ་ན། མེ་བཟས་མྱུར་དུ་ཀླུ་བཙན་མཁར་ནང་དུ་དྲངས་ཏེ་གདན་ལ་འཁོད་དུ་བཅུག་རྗེས།  གཟུགས་ལྡེམ། གོམ་པ་འཁྱུག་ཅིང་འཛུམ་བག་གཡེར་བཞིན་ཟ་འཐུང་ལེགས་པར་དྲངས་ནས་དཔོན་མཆོད་དང་བཞེས་དང་ཞེས་སྔོན་དང་མི་འདྲ་བར་ཡིད་དགའ་ཞིང་སྣང་བ་སྐྱིད་པའི་རྣམ་འགྱུར་ཅི་ཡང་སྟོན་པས་ན།   ཀླུ་བཙན་དོགས་པ་རབ་ཏུ་སྐྱེས་ཏེ། “......ན་ཆུང་མན་བཟའ་ང་ཡིས་བཟུང་།།  ཆུང་གདའ་བསམ་ནས་ཇ་མར་བཞག  ། གང་དགའ་བྱིས་པའི་འདོད་ལྟར་བྱས།།   རིན་ཆེན་དར་གོས་གཟུགས་ལ་གསོལ།། བཅུད་ལྡན་རོ་བརྒྱའི་བཟས་(ཟས་)སྣ་དྲངས།། ཕྱི་དར་དཀར་བཞིན་དུ་བསྒྲིལ་ལེ་ཡིན།། ནང་ནོར་བུ་བཞིན་དུ་ཚགས་ལེ་ཡིན།།    གཅེས་འཛིན་མན་བཟའ་ཕུང་མོ་ཁྱེད།།  ཕྱི་ནང་བཟང་ངན་མ་ཤེས་གདའ།། མན་བཟའ་ཕུང་མོ་མི་བསྐུང་(བསྐུངས་)མ།།  ནང་གི་ཕོ་བོར་མིག་འབྲས་འབུད།།    ཕྱི་ཡི་གཡོ་པོར་མིག་མདས་བསུས།། ཁ་གཏམ་ཕྱི་ནང་བྱུས་ཤིག་བསྐོར།། རྔ་བོ་འདྲ་བའི་ངོ་གཉིས་མ།།    དུག་སྦྲུལ་འདྲ་བའི་ལྕེ་གཉིས་མ།། ཉོན་དང་འདྲ་མ་ཨེ་འདྲ་ཡོད།།  གནམ་སྟོད་ཡེ་ནས་མུན་རེ་འཐིབས།།  གནམ་སྨད་མེ་ནས་མུན་རེ་དྭངས།།  ཆར་ནག་འབབ་པའི་གཞི་མ་ཟེར།།  ཁྱེད་ངོ་ཡ་དཀར་ལ་ངོ་ཡ་ནག  ། བྱུས་ཕྱི་ནང་བསྒྱུར་བའི་གཡོ་ཅན་རེད།།  དམན་གཡོ་ཅན་རྫུན་མགོ་བསྐོར་ལེ་དེ།།  གྱོད་ཆེན་པོ་བཟོ་བའི་སྔ་ལྟས་ཟེར།།    དེ་ཟེར་བ་གནའ་མིའི་དཔེ་ལ་གདའ།། ཁྱེད་སྔར་དང་ད་གཉིས་མི་འདྲ་རེད།། ཁྲ་ཆུང་མིག་གི་ལྟ་ལུགས་གཅིག  ། སོ་དཀར་འཛུམ་གྱི་བསྟན་ལུགས་གཉིས།། ཁ་ངོ་པགས་པའི་འཐེན་ལུགས་གསུམ།། ངོ་གདོང་ཚོན་གྱི་(གྱིས་)བྱུག་ལུགས་བཞི།།   སྐྱེས་ཡག་གཟུགས་ཀྱི་འགྱིང་ལུགས་ལྔ།། ལྔ་ཚན་བུ་མོ་གཡེར་པོ་མ།། གལ་ཆེའི་མགྲོན་པོ་སུ་འདྲ་ཡོད།། མ་གསང་བླ་བོ་དྲང་པོ་ཤོད།།་”﹙35﹚ཅེས་པ་དང་།  ཡང་“ཁྱེད་བུ་མོ་ཕུང་མོ་མ་གུམ་མ་”﹙36﹚ཞེས་པ།“ཕུང་མོ་མན་བཟའ་”﹙37﹚ཞེས་པ་སོགས་ཤིན་ཏུ་མང་པོ་ཡོད་པས་འདིར་རེ་རེ་བཞིན་མ་བཀོད་དོ།། འོ་ན། གོང་གི་དེ་དག་ནི་བདུད་ཀླུ་བཙན་གྱིས་མེ་བཟར་བརྗོད་པ་ཡིན་པས་དོན་དུ་མ་ངེས་ཟེར་ན།   གླིང་རྗེ་གེ་སར་རྒྱལ་པོས་བདུད་ཀླུ་བཙན་ལ་ཐོད་མདའ་སྤྲད་རྗེས་མེ་བཟས་མུན་ཆང་དྲངས་ནས་ཧ་ལམ་ལོ་གསུམ་ཙམ་ལ་ལྐུགས་ལྡིབ་ཏུ་སོང་བས་ཚང་མ་གཏིང་བརྗེད་དུ་གྱུར་བ་དང་།   དེ་ནས་གླིང་གི་བླ་བྱ་གསུམ་གྱིས་ལྷའི་ཟག་མེད་བདུད་རྩིའི་ཁྲུས་ཆུ་གཏོར་བས་རྒྱལ་པོ་མུན་སེལ་ནས་རིག་པ་དྭངས། དེ་ནས་གཞི་ག་དར་བློན་པོ་ཕྱིང་སྔོན་དང་གླིང་གི་བླ་བྱ་གསུམ་ལ་གནས་ཚུལ་ཅི་བྱུང་གི་སྐད་ཆ་འདྲི་བ་དེ་མེ་བཟས་ཐོས་ནས་མྱུར་དུ་ཐོན་ཏེ་ཕྱིང་སྔོན་ལ་བཀའ་གྱོན་ཕབ་སྟེ་ཁ་བཀག་པ་དང་། རྒྱལ་པོར་བྱ་དེ་དག་གླིང་གི་བླ་བྱ་མ་ཡིན་པས་གཏམ་ལ་བདེན་པ་མེད་སྟབས་ཁྱེད་ཀྱིས་ཐུགས་སེམས་མ་དཀྲུག་པར་མཉམ་པར་ཞོག་ལ་ཁ་རོག་བཞུགས་ཞེས་ཁ་ཡག་མགོ་སྐོར་གྱི་ཚིག་གིས་ཞུས་ཏེ་སླར་ཡང་མུན་ཆང་འདྲེན་པར་རྩོམ་པ་ན་རྒྱལ་པོས་ཀྱང་མཁྱེན་ཏེ་ཐུགས་ཁྲོས་ནས་ན་རེ།  “འཕུང་མོ་མན་བཟའ་འབུམ་སྒྲོན་མ། ཁ་ངོ་འཛུམ་པགས་གཡེར་གཡེར་བྱེད། ཁོག་པ་གཡོ་ངན་འཚུབ་འཚུབ་བྱེད། ཕྱི་མདོང་བདུད་རྩིའི་སྐྱེམས་ཆང་ལྟེབས(བལྟམས)།   གང་འདྲ་བློ་རྨོངས་དུག་ལམ་གསོལ། ཁ་འཇམ་བརྒྱུད་ནས་ཞེ་རྩུབ་འབུད། སྐྱེམས་ཆང་བརྒྱུད་ནས་མུན་དུག་སྦྱོར། གྱོད་ནག་པོ་རྩ་བ་མན་བཟར་ཐུག རྡོག་བདེ་མོ་གཅིག་ལ་ཞོག་ལེ་མིན་”﹙38﹚ཞེས་པ་དང་། ཡང་གླིང་རྗེ་གེ་སར་རྒྱལ་པོ་མུན་དུག་སེལ་ཞིང་རིག་པ་དྭངས་རྗེས་བྱང་ཁྲི་རྟ་རྒྱལ་པོའི་གནས་ཡུལ་དུ་ལྷ་རྟ་རྐྱང་རྒོད་འཚོལ་བར་སོང་ནས་བླངས་པའི་གླུ་ལ། “......བྱང་ཡུལ་སྟོད་ཀྱི་ས་ཆ་ལ།། ཉིན་སྔ་དྲོ་དྲོ་ལ་ཕྱི་དྲོ་གྲང་།། རླུང་སྔ་དྲོ་འཇམ་ལ་ཕྱི་དྲོ་རྩུབ།།    བྱང་ཁྲི་ཤོག་མན་བཟའ་འབུམ་སྒྲོན་དེ།། གཏམ་སྔ་དྲོ་ཡག་ལ་ཕྱི་དྲོ་སྡུག ། གདོང་ངོ་ཡ་དཀར་ལ་ངོ་ཡ་ནག  ། ཕོ་འདྲེ་བདུད་རྒྱལ་མ་བཏུལ་གོང་།།  མན་བཟའ་སྨན་གྱི་འགྲོ་དོན་བཟང་།།  ཕྱུགས་(ཕྱུག་)དམན་དབྱེ་མེད་སེམས་པ་བཟང་།།  མཐོ་དམན་ཁྱད་མེད་འཛུམ་ཁ་བཟང་།། རྒན་གཞོན་མེད་པར་སྐྱོང་བ་བཟང་།། བཟང་པོའི་བྱ་བ་པང་དུ་བླངས།། ངེད་གཉིས་བདུད་འདུལ་བྱང་དུ་ལྷགས།།   མན་བཟས་ངེད་གཉིས་དཔུང་ཡ་ཟེར།།   ངོ་དགའ་འཛུམ་གྱིས་རྟག་ཏུ་བསུས།། ཕུན་ཚོགས་ཟས་སྣ་རྒྱུན་དུ་གསོལ།།  ཞིམ་མངར་ཇ་ཆང་བྲལ་མེད་འདྲེན།།  བྲོ་གར་གླུ་གཞས་ནང་ལ་རོལ།།  ཕོ་འདྲེར་ཐོད་མདའ་སྤྲད་པའི་རྟིང་།། མན་བཟའ་དམན་ལ་སྡུག་ལས་མང་།། ལེགས་ཉེས་མེད་པར་མནར་གཅོད་བྱེད།། མཐོ་དམན་མེད་པར་ཚིག་མཚོན་འདེབས།།  རྒན་གཞོན་མེད་པར་མིག་འབྲས་འབུད།།  གཡོ་མོའི་ལས་ལ་མྱུར་ལེ་རེད།།  སོ་དཀར་འཛུམ་ཞལ་ངེད་ཚོར་འཚེར།།  བློ་ཁར་དུག་སྦྱོར་ནག་པོ་མྱུར།།  ལྷ་རྟ་ཁྱེད་ལ་སྡུག་ལས་བཏང་།། འུ་ཐུག་ས་འདིར་གྱུར་དགོས་བྱུང་།།  ང་ལ་དུག་སྦྱོར་སྐྱེམ (སྐྱེམས་)ཆང་དྲང་།།  བློ་རྨོངས་མུན་པའི་འཁོར་དུ་གནས།། གལ་ཆེའི་འགྲོ་དོན་ལུས་ནས་གདའ།། གཙོ་ཆེའི་བསྟན་དོན་ལུས་ནས་གདའ།།......” (39)ཞེས་མེ་བཟས་སྡིག་ལས་བྱས་པ་ལྷ་རྟ་རྐྱང་རྒོད་ལ་གསུངས་པ་རེད།  ཡང་གེ་སར་ཕྱིར་གླིང་དཀར་སྟོད་དུ་ལོག་སྐབས་མེ་བཟར། “བྱང་ཁྲི་ཤོག་མན་བཟའ་འབུམ་སྒྲོན་མ།། སྨན་རྣ་བའི་དབང་པོ་ང་ལ་ཉོན།།    ཁྱེད་ནམ་སྟོད་དཀར་ལ་ནམ་སྨད་ནག། མཁའ་ཆར་ནག་འབབ་པའི་གཞི་མ་རེད།། ས་འབྲས་དྲུག་ཆར་ནག་སེར་བས་བརྡུང་(བརྡུངས)།། དམའ་རྒྱ་མཚོ་ཆེ་ལ་མུ་མཐའ་མེད།། དམན་མན་བཟས་རྒྱ་མཚོར་དུག་རྫས་བཏབས(བཏབ)།།    སྟེང་ལྷ་ཀླུ་གཉན་ལ་མནོལ་དུག་བཏང་།། ང་སྐྱེས་བུས་མན་བཟར་ཡིད་ཁ་གཏད།། དམན་མན་བཟའི་(བཟས་)མི་གཙང་དུག་ཆང་དྲངས།།  ང་ལོ་མང་འཇའ་བོར་བྱང་ལ་ལུས།།   བདུད་ཕོ་འདྲེར་ཐོད་མདའ་སྤྲོད་(སྤྲད་)ན་ཡང་།།   ཧོར་གུར་དཀར་དགྲ་ལ་ལངས་ནས་བྱུང་།།  ཧོར་འབུམ་དམག་གླིང་ལ་ཕབ་ནས་བྱུང་།།   གླིང་དཀར་པོ་ཁྲག་བཞིན་དཀྲུགས་ནས་བྱུང་།། ད་མ་(མི་)འདུག་གླིང་ལ་བཤར་ལེ་ཡིན།།   ཁ་གྱེས་ཁར་གཏམ་གྱི་རྡོག་ཁ་ལ།།  ལས་སྟིག་པར་རྩེ་(རྩེན་)བའི་མན་བཟའ་མ།། ཡུལ་ཡར་ཁམས་བྱང་མའི་རི་བརྒྱད་ལ།། སྡེ་མགོ་འབངས་འགྲོ་དོན་མ་རྫོགས་བར(པར)།    བློ་རྩེ་གཅིག་བྱང་ཡུལ་འདི་ན་འདུག  ། ལས་སྟིག་སྒྲིབ་དག་པའི་ལས་ལ་བརྩོན།། སླད་ཅི་བྱེད་ང་ཡིས་རིམ་བཞིན་བལྟ།།”(40)ཞེས་གྱེས་བྲལ་གྱི་ཞལ་བརྡ་གནང་སྟེ། ལས་སྡིག་སྒྲིབ་དག་པའི་བར་དུ་མེ་བཟའ་བདུད་ཡུལ་དུ་བསྐྱུར་ནས་རང་གིས་དགེ་བའི་ལས་ལ་བརྩོན་པ་གྱིས་ཤིག་གསུངས་པ་ལས་ཀྱང་གླིང་རྗེ་གེ་སར་རྒྱལ་པོ་རེ་ཞིག་མེ་བཟའི་གཡོ་སྒྱུ་ངན་སེམས་ཀྱི་ལས་ལ་ཡི་མ་རང་བ་དེ་རྟོགས་ཐུབ་པ་རེད། གོང་གི་དཔེ་དེ་དག་ལས་མེ་བཟའ་ནི་སྤྱིར་གཞུང་བཟང་དགེ་ལས་ལ་དགའ་བའི་མཛངས་མ་ཤེས་རབ་ཅན་ཞིག་ཡིན་ནའང་ལས་ཀྱི་དབང་གིས་བདུད་ཡུལ་དུ་ཕེབས་དགོས་བྱུང་བ་དང་།   དེ་ནས་གླིང་རྗེ་གེ་སར་རྒྱལ་པོས་བདུད་ཀླུ་བཙན་རྒྱལ་པོ་བཏུལ་ཅིང་བདུད་ཡུལ་ཆོས་ལ་བསྒྱུར་བར་གྲོགས་བྱས་ཡོད་མོད།   འོན་ཀྱང་བདུད་ཀླུ་བཙན་རྒྱལ་པོ་འདུལ་བའི་བྱ་བའི་བརྒྱུད་རིམ་ཁྲོད་དུ་མོ་རང་ཉིད་ཀྱང་རེ་ཞིག་བདུད་མོ་གཡོ་མོ་ཞིག་གི་རྟུལ་ཞུགས་འཛིན་དགོས་བྱུང་བ་དེ་མཚོན་ཡོད་པ་རེད།
          མདོར་ན།  གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དང་ལྷག་པར་དུ་བདུད་འདུལ་ལས་བྱུང་བའི་མེ་བཟའ་ཞེས་པ་ནི་བོད་རང་གི་གཤིས་རྒྱུད་དང་ཁྱད་ཆོས་ལྡན་པའི་བུད་མེད་ཅིག་ལ་ལྷ་སྒྲུང་གི་ཚིག་སྦྱོར་གྱི་ལམ་ནས་སྒྲོ་བཏགས་ཀྱིས་མི་གཤིས་ཐུན་མོང་མ་ཡིན་པ་ཞིག་བཟོ་སྐྲུན་བྱས་པ་ཞིག་རེད།   དེར་བརྟེན་གླིང་སྒྲུང་ནང་གི་མེ་བཟའ་ནི་སྐྱེ་བ་གཅིག་ལ་སྐྱེས་ལུས་གསུམ་ཞེས་པ་ལྟར།  དང་པོ་ཕག་མོ་དམར་ཆུང་གི་སྤྲུལ་བ་གླིང་ཨ་སྐྱིད་ཚང་གི་བུ་མོ་སྟེ་དཔོན་མེ་རུ་རྒྱལ་པོའི་སྲས་མོར་འཁྲུངས་པ་དང་།   དེ་ནས་ལྷ་སྲས་ཇོ་རུས་རྨ་ཤེལ་བྲག་གི་གཏེར་སྒོ་ཕྱེས་ཤིང་རྟ་རྒྱུགས་རྒྱལ་འཇོག་བྱས་ཏེ་ཤར་གླིང་དཀར་སྟོད་ཀྱི་རྒྱལ་ཁྲིར་མངའ་གསོལ་བ་ནས་གླིང་རྗེ་གེ་སར་རྒྱལ་པོའི་ཇ་མར་བསུས་ཞེས་གྲགས་མོད།   འདིར་མེ་བཟའི་སྐྱེས་ཡུམ་སུ་ཡིན་པ་དང་ལོ་ཟླ་ནམ་ཞིག་གི་དུས་ལ་གླིང་རྗེ་གེ་སར་རྒྱལ་པོའི་ཇ་མར་ཚུལ་ཇི་ལྟར་བསུས་པའི་སྐོར་སོགས་མ་མཐོང་བས་རེ་ཞིག་ཞུ་ཐབས་བྲལ། ཡང་། 《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ་》ཞེས་པའི་ནང་དུ་མེ་བཟའ་མོ་ལོ་དགུའི་སྟེང་བདུད་ཀླུ་བཙན་གྱིས་ཕྲོགས་པ་དང་། དེ་ནས་གེ་སར་ཕོ་ལོ་བཅོ་ལྔའི་སྟེང་བདུད་ཡུལ་དུ་ཕེབས་དུས་མེ་བཟའ་མོ་ལོ་བཅོ་བརྒྱད་ལ་བུད་ཚུལ་བཤད་ཡོད་པ་རེད། དེ་ལྟར་རྩིས་ན་མེ་བཟའ་གླིང་རྗེ་གེ་སར་རྒྱལ་པོའི་ཟ་མར་བསུས་པའི་ལོ་ནི་གེ་སར་རྒྱལ་པོ་ཕོ་ལོ་དྲུག་གི་སྔོན་དང་མེ་བཟའ་མོ་ལོ་དགུའི་སྔོན་དུ་བབ་པ་རེད།   དེ་ལྟ་བུ་ལོ་ཆུང་བྱིས་པའི་སྐབས་སུ་གཉེན་སྒྲིག་བྱེད་པའི་སྲོལ་ནི་བོད་ཀྱི་འཚོ་བ་དངོས་ལ་མི་དར།   ཡིན་ནའང་ཕ་མ་ཕན་ཚུན་ཡིད་འཐད་བྱུང་རྗེས་ཕོ་མོ་ལོ་ཆུང་གཉེན་རྟགས་རྒྱག་པའི་སྲོལ་སྔར་ནས་ཡོད་པ་ཞིག་ཡིན་པས། གླིང་སྒྲུང་དུ་བྱུང་པའི་ལོ་ཆུང་གཉེན་སྒྲིག་བྱེད་སྲོལ་དེ་དག་ཀྱང་གཉེན་རྟགས་ཙམ་ལས་དངོས་སུ་གཉེན་སྒྲིག་བྱས་ཏེ་མཉམ་དུ་འཚོ་བ་རོལ་བའི་དོན་ཨེ་ཡིན་སྙམ་པ་དང་དེ་ནི་གླིང་སྒྲུང་ཀི་ཁྱད་ཆོས་ཤིག་རེད་ཟེར་ཡང་མི་ཆོག་པ་མེད་དོ།།   ཡང་སྒྲུང་དཔེ་ལས།  “དེ་ཡང་མཐོ་གོང་མ་ལྷ་ཡི་ཐུགས་སྲས།  སྐྱིད་ལྷ་མཁར་རྟེན་བའི་(པའི་)ནང་བཅུད།  སྐྱེས་མཆོག་གླིང་གི་དམག་དཔོན།  འཛམ་གླིང་མི་ཡི་ནོར་བུ་གེ་སར་ནོར་བུ་དགྲ་འདུལ་དགུང་ལོ་བཅུ་གསུམ་གྱི་ཚུན་ལ་ཤར་གླིང་དཀར་གྱི་སྲིད་པ་ཡོངས་ཆགས་མ་ཐུབ།   འཛམ་གླིང་གི་དགྲ་འདྲེ་འདུལ་མ་ཐུབ། ལྷོ་འཛམ་བུ་གླིང་ལ་བདེ་བ་མེད། རྨ་སྨད་གཡུ་ལུང་སུམ་མདོའི་དཔོན་ཆུང་ཇོ་རུས་རྟ་རྒྱུག་རྒྱལ་འཇོག་དང་། ཤེལ་བྲག་གཏེར་སྒོ་ཕྱེས་ནས་བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་བཞུགས་པའི་སྐབས་” (41)ཞེས་པ་དང་། འབྲུག་མོས་གེ་སར་རྒྱལ་པོར་བླངས་པའི་གླུ་ལ།“ད་ན་ནིང་ལོ་ཡི་ལོ་ངོའི་ཐོག ། ཁྱེད་དགུང་ལོ་བཅུ་གསུམ་སོན་པའི་དུས།། དཔའ་རྩལ་དྲུག་སྐུ་ལ་འཛོམས་པའི་དུས།། རྨ་ཤེལ་བྲག་གཏེར་ཁ་འབྱེད་ཉིན་མོ།། གླིང་དཔའ་བརྟུལ་རྟ་རྒྱུག་འགྲན་ཉིན་མོ།།   སྐུ་ངོ་མའི་སྐུ་མདོག་ཁྱེད་ཀྱིས་བཏོན།།  ཚེས་བཅོ་ལྔའི་དུང་ཟླ་ཤར་འདྲ་རེད།།  གངས་དཀར་ཡག་ཉི་ཟེར་ཕོག་འདྲ་རེད།། ངོ་མཚར་བའི་ལྟད་མོ་ངེད་ཚོས་མཐོང་།།”(42) ཞེས་པ་སོགས་ལས་གླིང་རྗེ་གེ་སར་རྒྱལ་པོ་དགུང་ལོ་བཅུ་གསུམ་གྱི་ཐོག་རྟ་རྒྱུག་རྒྱལ་འཇོག་དང་རྨ་ཤེལ་བྲག་གི་གཏེར་སྒོ་ཕྱེས་ནས་བདེ་སྐྱིད་ཕུན་སུམ་ཚོགས་པ་བསྐྲུན་ཚུལ་བཤད་ཡོད་པས། དེ་ལྟར་ན་དེ་དང་གོང་གི་གླིང་རྗེ་གེ་སར་རྒྱལ་པོ་དགུང་ལོ་དྲུག་གི་སྔོན་དུ་མེ་བཟའ་ཇ་མར་བསུས་པའི་བཤད་ཚུལ་གཉིས་འགལ་ཟླར་གྱུར་ཡོད་པ་དང་ཞོར་དུ་དེ་ནི་གཉེན་སྒྲིག་དངོས་མིན་པའང་བདེན་དཔང་བྱས་ཡོད་པ་རེད།   དེ་ནས་རེ་ཞིག་མེ་བཟའ་བདུད་ཡུལ་དུ་ཕེབས་ཏེ་བདུད་ཀྱི་རྒྱལ་མོའི་རྟུལ་ཞུགས་བཟུང་བས་རང་ཉིད་ལའང་སྒྲུང་དཔེ་ལས་བཤད་པ་བཞིན་བདུད་ཀྱིས་གྲིབ་ཕོག་པ་ཡིན་ནམ་སྒེར་བའི་སེམས་ཀྱིས་རླུང་ལྡང་བ་ཡིན། རིམ་བཞིན་མོ་རང་གི་གཤིས་རྒྱུད་ངོ་མ་དེ་གར་སོང་ཆ་མེད་དུ་གྱུར་ཅིང་ཐམས་ཅད་རང་ལ་འཐོབ་འདོད་ཀྱི་ཧམ་སེམས་ལྡབ་འགྱུར་གྱིས་འཕེལ་བ་དང་། ངན་གཡོ་ཁྲམ་གསུམ་གྱི་ལས་ལ་སྤྱོད་ཅིང་བཙན་དྲག་ལ་དགའ་བའི་དཔོན་མོ་ཞིག་ཏུ་གྱུར་ཡོད་པ་བཅས་མེ་བཟའ་ནི་སྤྱིར་གཞུང་རྒྱུད་དྲང་ཞིང་གཤིས་ཀ་འཇམ་པ།  ངག་ཚིག་སྙན་ཞིང་གུས་པ་ལྡན་པ།  ལས་ལ་བརྩོན་ཞིང་རིག་པ་གསལ་བའི་ལྷད་མེད་ངང་རྒྱུད་ཅན་གྱི་བུ་མོ་ཞིག་ནས་དབང་ཤེད་དང་བཙན་དྲག་ལ་སྤྱོད་ཅིང་སྒེར་སེམས་ཆེ་ལ་གཡོ་སྒྱུ་ངན་པའི་ཕུང་མོ་གཡོ་སྨན་ཞིག་ཏུ་འཕོ་འགྱུར་བྱུང་བའི་གོ་རིམ་ཁྲོད། སྒྲུང་ནང་དུ་བཤད་པའི་ལྷ་ཡུལ་དང་གླིང་དཀར།  བདུད་ཡུལ་བཅས་ཡུལ་གྱི་བོར་ཡུག་མི་གཅིག་ཅིང་ལས་དང་བསོད་ནམས་མི་འདྲ་བའི་གནས་རེ་རེ་ནས་མོའི་རང་བཞིན་གཤིས་སྤྱོད་མི་འདྲ་བ་རེ་ཐོན་པར་བྱས་ཡོད་པས།   དེ་ནི་གླིང་སྒྲུང་གི་ཐུན་མོང་མ་ཡིན་པའི་རྩོམ་རྩལ་ཞིག་གམ་མི་སྣའི་སྣང་བརྙན་བཞེངས་སྐྲུན་གྱི་ཁྱད་ཆོས་དམིགས་གསལ་ཅན་ཤིག་རེད་ཟེར་ནའང་མི་ཆོག་པ་མེད་པ་བཅས་སོ།།
          མཆན་འགྲེལ།
          ①②⑦⑧⑨⑩⒂⒃⒇﹙23﹚﹙24﹚﹙25﹚﹙26﹚《བདུད་འདུལ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1980ལོར་པར་དུ་བསྐྲུན། P.141 P.159 P.165 P.182    P.165 P.162 P.162 P.7 P.4  P.6 P.6 P.6    
          ③④⑤⑥⑩⑾⑿⒀⒁⒄⒅⒆⒇﹙21﹚﹙22﹚﹙27﹚﹙28﹚﹙29﹚﹙30﹚﹙31﹚﹙32﹚﹙33﹚﹙34﹚﹙35﹚﹙36﹚﹙37﹚﹙38﹚﹙39﹚﹙40﹚﹙41﹚﹙42﹚《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ》སྒྲུང་མཁན་གྲགས་པས་བཤད།  མིརིགས་དཔེ་སྐྲུན་ཁང་གིས་997ལོར་པར་དུ་བསྐྲུན། P.207 P.157 P.207 P.17 P.07 P.157 P.149       P.2  P.231  P.204  P.206  P.229  P.202  P.205-206  P.158- 159  P.265、266、279      P.270  P.257  P.158  P.193  P.260  P.156  P.239- 240  P.191  P.244  P.270      P.274  P.295  P.1  P.122