ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > གསར་ཤོས།

དབུ་མ་ཀླུ་སྒྲུབ་དགོངས་རྒྱན་དང་འབྲེལ་བའི་གཞུང་གི་དོན་གནད་འགའ་རགས་ཙམ་དཔྱད་པ།

སྤེལ་དུས 2018-12-18 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། ངག་དབང་ཆོས་གྲགས།
          དེ་ཡང་ནང་པ་སངས་རྒྱས་པའི་ཟབ་པ་དང་རྒྱ་ཆེ་བའི་བཀའ་དང་བསྟན་བཅོས་རྣམས་ལ་ཤེས་རབ་ཟབ་མོས་ཞིབ་འཇུག་བྱེད་པའི་སྐྱེས་བུ་རྣམས་ཀྱིས་ཐོག་མ་ཉིད་དུ་མཁྱེན་པར་བྱ་བ་ནི་གཤམ་གྱི་འདི་དག་ཡིན་པར་མངོན་ཏེ། ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་ལས། གཞལ་བྱའི་ཆོས་བདེན་པ་གཉིས་ཀྱིས་བསྡུས་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ། འཇལ་བྱེད་ཐོས་པའི་ཤེས་རབ་ཀྱིས། གཞལ་ཚུལ་དྲང་ངེས་དང་། དགོངས་ལྡེམ་དགོངས་བཞི་དང་། རྟོན་པ་བཞི་དང་རིགས་པ་བཞིས་གཞལ་བ་ནི་ཐུན་མོང་བའོ། །
          ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ངེས་གསང་རྣམས་ནི། ལྟར་སྣང་རྟོག་གེའི་ལུང་དང་རིགས་པས་ནམ་ཡང་གཏན་ལ་མི་ཕེབས་པས་མཐའ་དྲུག་ཚུལ་བཞིས་རྟོགས་པར་བྱའོ། ། ཞེས་དང་། ཡང་། མན་ངག་འདི་དག་དང་མི་ལྡན་པར་བསམ་པའི་རྟོག་དཔྱོད་ཅི་ཙམ་ཞིབ་ཀྱང་ཡང་དག་པའི་ཤེས་རབ་བསྐྱེད་པར་མི་ནུས་ལ། འདི་དག་དང་ལྡན་པས་མདོ་སྔགས་ཀྱི་ཚུལ་ལ་གཞལ་ན་བསམ་པ་ལས་བྱུང་བའི་ཤེས་རབ་དྲི་མ་མེད་པ་སྐྱེ་བར་འགྱུར་རོ། ། ཞེས་གསུངས་པ་ལྟར་རོ།  །ད་ནི་དཔྱད་བྱའི་གཞུང་དངོས་ལ་འཇུག་པར་བྱ་ལ་ནང་གསེས་སུ་ཚན་པ་བཅུ་ལས། 
དང་པོ། དབུ་མ།
          དབུ་མ་ཀླུ་སྒྲུབ་དགོངས་རྒྱན་ལས། དབུ་མའི་ལམ་ནི་ཡོད་མེད་གཉིས་ཀའི་དབུས་དེ་ལ་ཟེར་བར་སངས་རྒྱས་རང་ཉིད་ཀྱིས་ཤིན་ཏུ་གསལ་བར་གསུངས་ཏེ། དཔེར་ན། འོད་སྲུང་གི་ལེའུ་ལས། འོད་སྲུང་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དབུ་མའི་ལམ་བརྗོད་དུ་མེད་པ། བསམ་དུ་མེད་པ་སོགས་གསུངས། ཞེས་གསུངས་པ་སོགས་ཀྱིས་བསྟན་པ་ལྟར། དབུ་མའི་ཐ་སྙད་ཀྱི་ཞོར་ལ་རྨང་གཞིའི་ཤེས་བྱ་ལྟ་བུ་ནང་པའི་གྲུབ་མཐའ་སྨྲ་བ་བཞི་པོའི་རྣམ་བཞག་ཀྱང་མདོ་ཙམ་ཞུ་ན།
          དེ་ཡང་སྒྲོན་མེའི་བསྐལ་བཟང་རྒྱལ་བའི་ཉི་མ་སྟོང་ཕྲག་རིམ་པར་ཤར་བའི་ནང་ན། པདྨ་དཀར་པོ་ལྟར་བསྔགས་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས། དང་པོ་རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེ་ཟུང་དུ་འབྲེལ་བའི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད། བར་དུ་ཕ་རོལ་དུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞིས་མཚོན་པའི་རྒྱལ་སྲས་ཀྱི་སྤྱོད་པ་བློས་དཔག་པར་དཀའ་བ་དག་ལ་ཞུམ་པ་མེད་པར་བསླབས། ཐ་མ་རྒྱུན་མཐའི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་སྒྲིབ་གཉིས་དྲུངས་ནས་ཕྱུང་ཞིང་། བདུད་བཞི་ཕྲ་རགས་ཐམས་ཅད་བཅོམ་སྟེ་མི་འཇིགས་བཞི་ལྡན་གྱི་དཔལ་མངོན་དུ་མཛད།  བྱ་རྒོད་ཕུང་རི་སོགས་སུ་མདོ་ཕྱོགས་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་རྣམས་སུ་གསང་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བའི་ནང་ཚན།  བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་རྗེས་སུ་འབྲངས་ཏེ། ཐེག་པ་འོག་མའི་གྲུབ་མཐའ་སྨྲ་བ་ཉན་ཐོས་སྡེ་གཉིས་དང་། འཁོར་ལོ་བར་པ་མཚན་ཉིད་མེད་པ་དང་། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་རྗེས་སུ་འབྲངས་ཏེ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དབུ་སེམས་གཉིས་བྱུང་།
          དང་པོ། བྱེ་བྲག་སྨྲ་བ་ལ། རྩ་བའི་སྡེ་བཞི། གྱེས་པ་བཅོ་བརྒྱད་ཡོད། བྱེ་བྲག་བཤད་མཚོའམ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ཞེས་བྱ་བའི་རྗེས་སུ་འབྲངས་པ་དང་། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་བྱེ་བྲག་སྨྲ་བར་གྲགས། བྱེ་བྲག་སྨྲ་བའི་སློབ་དཔོན་ནི། དབྱིག་བཤེས་དང་། ཆོས་སྐྱོབ་དང་། སངས་རྒྱས་ལྷ་དང་འདུས་བཟང་སོགས་ཡིན།
          གཉིས་པ། མདོ་སྡེ་པ་ནི། མདོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་འཇོག་པ་དང་། ཆོས་ཐམས་ཅད་དཔེའི་སྒོ་ནས་སྟོན་པ་ལ་མཁས་པས་དེ་ལྟར་གྲགས་ལ། དབྱེ་ན། མདོ་སྡེ་ལས་ཇི་ལྟར་འབྱུང་བ་སྒྲ་ཇི་བཞིན་དུ་ཁས་ལེན་པ་ཙམ་གྱི་སྒོ་ནས་གྲུབ་མཐའ་སྨྲ་བས་ལུང་གི་རྗེས་འབྲངས་དང་།  ཚད་མ་སྡེ་བདུན་ནས་བཤད་པའི་རིགས་པའི་རྗེས་སུ་འབྲངས་པས་རིགས་པའི་རྗེས་འབྲངས་གཉིས་ཡོད། སློབ་དཔོན་ཀུ་མ་ར་ཏ་དང་། ཤི་རིར་ཏ། བཙུན་པ་ར་ཏ་སོགས་ཡིན་པར་གྲགས་སོ།
          གསུམ་པ། སེམས་ཙམ་པ། རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད། དྲང་ངེས་འབྱེད་པ་པོར་ལུང་བསྟན་པ། ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱིས་བྱམས་པ་ལས་ཡུམ་མདོ་དང་། བྱམས་ཆོས་སྡེ་ལྔ་སོགས་གསན་ནས་སླར་མི་ཡུལ་དུ་བྱོན། ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་མཛད་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས།
          སེམས་ཙམ་པའམ་རྣམ་རིག་པ་ནི། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་དེ་ལྟར་གྲགས་ཤིང་། དབྱེ་ན། དབང་ཤེས་རགས་པར་སྣང་བ་ལྟར་དུ་གྲུབ་པར་འདོད་པ་དང་། དེ་ལྟར་མ་གྲུབ་པར་འདོད་པའི་དབང་གིས་སེམས་ཙམ་རྣམ་བདེན་པ་དང་། རྣམ་རྫུན་པ་གཉིས་ཡོད་ལ། རྣམ་བདེན་པ་ལ་བཟུང་འཛིན་གྲངས་མཉམ་པ། སྒོ་ང་ཕྱེད་ཚལ་བ། སྣ་ཚོགས་གཉིས་མེད་པ་དང་གསུམ་ཡོད། རྣམ་རྫུན་པ་ལ་སེམས་ཀྱི་ངོ་བོ་མ་རིག་པའི་བག་ཆགས་ཀྱི་དྲི་མས་བསླད་པར་འདོད་པའི་དྲི་བཅས་དང་། མ་བསླད་པར་འདོད་པའི་དྲི་མེད་རྣམ་རྫུན་གཉིས། ཡང་སེམས་ཙམ་པ་ལུང་གི་རྗེས་འབྲངས་དང་། རིགས་པའི་རྗེས་འབྲངས་གཉིས་འབྱེད་དེ། རིམ་པ་བཞིན་ས་སྡེ་ལྔའི་རྗེས་འབྲངས་དང་། ཚད་མ་སྡེ་བདུན་གྱི་རྗེས་འབྲངས་རྣམས་སོ། །
          བཞི་པ། དབུ་མ་པ། ཟབ་མོ་ལྟ་བའི་ཤིང་རྟའི་སྲོལ་འབྱེད་(ཐེག་ཆེན་སྤྱིའི་ཤིང་རྟའི་སྲོལ་འབྱེད་ཀྱང་ཡིན་)སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། ཟབ་མོ་དབུ་མའི་ལམ་ངེས་དོན་མཐར་ཐུག་ཏུ་ལུང་གིས་སྒྲུབ་པ་མདོ་ཀུན་ལས་བཏུས་པ་དང་། རིགས་པས་སྒྲུབ་པ་རྩ་ཤེས་སོགས་རིགས་པའི་ཚོགས་དྲུག ཆོས་དབྱིངས་བསྟོད་པ་སོགས་བསྟོད་ཚོགས། བྱང་ཆུབ་སེམས་འགྲེལ་དང་རིམ་པ་ལྔ་སོགས་གསང་སྔགས་ཀྱི་སྐོར་ཏེ་མདོ་དང་རྒྱུད་སྡེའི་དགོངས་འགྲེལ་མང་པོ་མཛད། དགུང་ལོ་དྲུག་བརྒྱ་བཞུགས་ཤིང་། ཆོས་སྒྲ་ཆེན་པོ་ལན་གསུམ་བསྒྲགས། རྩ་བ་ཤེས་རབ་ཀྱི་སྒོ་ནས་དབུ་མའི་ཤིང་རྟའི་སྲོལ་ཕྱེས།
          འཕགས་པ་ལྷས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་མཛད། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་བའི་ལུགས་སུ་གནས་ཀྱང་། གཞུང་གི་བསྟན་ཚོད་ལ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རྣམ་བཞག་གསལ་བར་མ་ཕྱེ་བས། ཐལ་རང་གཉིས་ཀའི་སྤྱི་ལ་བཞུགས་པས་གཞུང་ཕྱི་མོའི་དབུ་མ་པ་ཟེར། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེས་ལ་འགྲེལ་པ་བུདྡྷ་པཱ་ལི་ཏ་མཛད་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མེར་སྐྱོན་མང་དུ་བརྗོད་ཅིང་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས།  དེའི་འོག་ཏུ་ཟླ་བ་གྲགས་པས་རྩ་བའི་དོན་འགྲེལ་དབུ་མ་ལ་འཇུག་པ་དང་། ཚིག་འགྲེལ་ཚིག་གསལ་མཛད་དེ་སངས་རྒྱས་བསྐྱངས་ལ་སྐྱོན་དེ་རྣམས་མི་འཇུག་པ་དང་། འཕགས་པའི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་བཀྲལ། འོན་ཀྱང་། ཐལ་འགྱུར་པའི་ཤིང་རྟའི་སྲོལ་འབྱེད་ནི་སངས་རྒྱས་བསྐྱངས་ཡིན་པར་བཞེད་པ་དང་། ཟླ་བ་གྲགས་པ་ཡིན་པར་བཞེད་པའི་ཕྱོགས་གཉིས་སྣང་ངོ་། །
          རང་རྒྱུད་གོང་མ་སློབ་དཔོན་ཞིབ་འཚོས་དབུ་མ་རྒྱན་དང་། ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས།  ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་ཅིང་རང་རྒྱུད་ཤར་གསུམ་དུ་གྲགས།
          འོག་མ་སྒྱུ་མ་རིགས་གྲུབ་པ་ཞེས་བྱ་བ་སློབ་དཔོན་རྒྱ་མཚོའི་སྤྲིན་ལ་སོགས་པ་དང་། ཡང་། སྣང་སྟོང་ཐ་དད་པ་ཞེས་བྱ་བ་སློབ་དཔོན་དཔལ་སྦས་ལ་སོགས་པ་བྱུང་། ། དབུ་མ་ཞེས་པའི་དོན་ནི། མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་པའམ། ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་ཀྱང་ཟེར་རོ། །
          ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོ་དབུ་མ་ཐལ་འགྱུར་བ་ནི་རྒྱལ་བའི་དགོངས་པ་མཐར་ཐུག་ཡིན་ལ། དབུ་མ་ཞེས་པ་དང་། སྟོང་ཉིད་དང་། རྟེན་འབྱུང་གསུམ་དོན་གཅིག་མིང་གི་རྣམ་གྲངས་སོ། །
          དབྱེ་ན། ཚུལ་གསུམ་ལ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པ་རང་རྒྱུད་པ་དང་། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་སྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པ་ཐལ་འགྱུར་བ་གཉིས་སོ། །
          གྲུབ་མཐའ་སྨྲ་བ་བཞི་པོ་དེ་ཡང་མདོར་བསྡུ་ན། ཕྱི་དོན་འདོད་རང་རིག་མི་འདོད་པ་བྱེ་བྲག་སྨྲ་བ། ཕྱི་དོན་དང་རང་རིག་གཉིས་ཀ་འདོད་པ་མདོ་སྡེ་པ། ཕྱི་དོན་མི་འདོད་རང་རིག་འདོད་པ་སེམས་ཙམ་པ། ཕྱི་དོན་དང་རང་རིག་གཉིས་ཀ་མི་འདོད་པ་དབུ་མ་པའོ། །               དེའང་གཏན་ཚིགས་ཀུན་གྱི་རྩ་བ་ལྟ་བུ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མའི་མཆོད་བརྗོད་དུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། ། འགོག་པ་མེད་པ་སྐྱེ་མེད་པ། ། ཆད་པ་མེད་པ་རྟག་མེད་པ། ། འོང་བ་མེད་པ་འགྲོ་མེད་པ། ། ཐ་དད་དོན་མིན་དོན་གཅིག་མིན། ། སྤྲོས་པ་ཉེར་ཞི་ཞིར་བསྟན་པ། ། རྫོགས་པའི་སངས་རྒྱས་སྨྲ་རྣམས་ས་ཀྱི། ། དམ་པ་དེ་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་འདི་ཉིད་ཡིན་པར་གྲགས་སོ། །
གཉིས་པ། འོག་མིན།
          ཀླུ་སྒྲུབ་དགོངས་རྒྱན་ལས། རང་ཅག་རིན་པོ་ཆེ་ལ་དགའ་བའི་རྐྱེན་གྱིས་འོག་མིན་གྱི་ས་གཞི་ཁང་ཁྱིམ་སོགས་ཀྱང་རིན་པོ་ཆེའི་རང་བཞིན་དུ་བྱས། དེ་བཞིན་ལོངས་སྤྱོད་རྫོགས་སྐུའི་མཚན་བཟང་རྣམས་ཀྱང་དོན་ལ་རང་ཅག་མིའི་མིག་ལམ་ལ་ཡིད་དུ་འོང་བའི་ཆས་རྣམས་ཡིན་སོགས་གསུངས་ཡོད། །
          འོ་ན་འཚང་རྒྱ་བའི་གནས་འོག་མིན་ཅེས་པ་ལ་མདོ་རྒྱུད་རྣམས་སུ་ཇི་ལྟར་གསུངས་ཡོད་ཅེ་ན།། སྤྱིར་འོག་མིན་ཞེས་བྱ་བ་ནི། གོང་གང་གིས་ཀྱང་མ་ཆོད་པ་ཞིག་ལ་བྱ་སྟེ། བྱེ་བྲག་ཏུ་དབྱེ་ན་འོག་མིན་ལ་རྣམ་གྲངས་བདུན་ནམ་གསུམ་དུ་གསུངས་པའང་ཡོད། འོག་མིན་གྱི་ངེས་པ་ལྔ་ནི།
          གནས་ངེས་པ། སྐུ་ངེས་པ། ཆོས་ངེས་པ།  འཁོར་ངེས་པ། དུས་ངེས་པའོ། །
          གྲུབ་པའི་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྤྱན་འགྲེལ་ལས།
          1.དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་ཏེ་སངས་རྒྱས་བཞུགས་གནས་ཡིན་ཞིང་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། ། 
          2. རྟགས་ཀྱི་འོག་མིན་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་རྟགས་སུ་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་སྣང་བ་སྟེ་ལོངས་སྤྱོད་རྫོགས་སྐུའི་བཞུགས་གནས་ཡིན་ཞིང་ཆོས་ཀྱི་དབྱིངས་མཚོན་བྱེད་ཀྱི་རྟགས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །
          3.རིག་པའི་འོག་མིན་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་རིག་པའི་ཡེ་ཤེས་ཏེ། དག་པ་གཉིས་ལྡན་གྱི་ཆོས་སྐུའི་བཞུགས་གནས་ཡིན་ཞིང་དེའི་གོང་ན་རིག་པ་གཞན་མེད་པའི་ཕྱིར་རོ། །
          4. གསང་བའི་འོག་མིན་ཡུམ་གྱི་མཁའ་སྟེ། གསང་བ་སྐུའི་བཞུཊ་གནས་ཡིན་ཞིང་། གནས་ཀྱི་ཡོན་ཏན་གོང་ན་གཞན་མེད་པའི་ཕྱིར་རོ། །
          5.རྟོགས་པའི་འོག་མིན་ལས་དང་པོ་བས་འོག་མིན་གྱི་གཞལ་ཡས་ཁང་བསྒོམ་པ་སྟེ། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་བཞུགས་གནས་ཡིན་ཞིང་། དོན་སྤྱི་འཛིན་བྱེད་ཀྱི་རྟོག་པ་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །
          6. འཇིག་རྟེན་གནས་ཀྱི་འོག་མིན་གཙང་མ་རིས་ཀྱི་ལྷ་ལྔའི་ཡང་སྟེང་སྟེ། འཕགས་པ་རྣམས་ཀྱི་བཞུགས་གནས་ཡིན་ཞིང་གཟུགས་ཁམས་ཀྱི་གནས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། ཞེས་གསུངས་ཡོད། གཞན་ཡང་། རྟགས་ཀྱི་འོག་མིན་ནི་གནས་ཀྱི་འོག་མིན་ཡིན་ཏེ། ལང་ཀར་གཤེགས་པ་ལས།
          རིན་ཆེན་སྣ་ཚོགས་མཛེས་པ་ཡི། །
          འོག་མིན་གནས་ནི་ཉམས་དགའ་བར། །
          གཙང་མའི་གནས་ཀྱི་སྟེང་བཞུགས་ནས།
          ཡང་དག་རྫོགས་སངས་དེར་སངས་རྒྱས། །
          སྤྲུལ་པ་པོ་ཞིག་འདིར་སངས་རྒྱས། ། ཞེས་པས། དེ་ལྟ་བུའི་འོག་མིན་ནི་ཀུན་རིག་རྣམ་པར་སྣང་མཛད་ཀྱི་བཞུགས་གནས་ཡིན་ཏེ། རིང་བའི་རྒྱུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཐུ་ལས་གྲུབ་པ། ཉེ་བའི་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་པ། ཕྱི་ནང་མེད་པར་གསལ་བ། གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་དང་ལྡན་པ། ཀ་བ་བྱེ་བ་བདུན་འབུམ་དགུ་ཁྲིས་བཏེགས་པ། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་བཞུགས་པའི་གནས་སོ། ། ཞིང་དེ་ཡང་ཡོན་ཏན་གྱི་རྣམ་པ་ཐམས་ཅད་མ་ཚང་བ་མེད་པ། སྐྱོན་གྱི་རྣམ་པ་ཐམས་ཅད་མ་སྤངས་པ་མེད་པ། མདོར་ན་སྣོད་ལ་ཆགས་འཇིག་མེད་ཅིང་། བཅུད་ལ་སྐྱེ་འཆི་མེད་པས་སངས་རྒྱས་ཀྱི་ཞིང་དེ་ལ་དག་པའི་སྲིད་པ་ཞེས་བྱའོ། །ཞེས་གསུངས་སོ། །
གསུམ་པ། ལོངས་སྐུ།
          སངས་རྒྱས་ཀྱི་སྐུ་ལའང་། ཆོས་སྐུའི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སོགས་དགུ་ཕྲུགས་སུ་དབྱེ། བདེ་མཆོག་རྩ་རྒྱུད་ལས། ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང་། ། ཀུན་ཏུ་སྤྱན་དང་ཀུན་ཏུ་ཞལ། ། ཞེས་དང་། ད་མཚན་བརྗོད་ལས། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། ། ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་སྐུའི་ཆ་ཤས་རེ་རེ་དང་། ཡེ་ཤེས་གཉིས་ངོ་བོ་གཅིག་ཡིན་པས། གཙུག་ཏོར་སོགས་སྐུའི་ཆ་ཤས་ཐམས་ཅད་ནས་ཀྱང་ཆོས་སྟོན་ནུས་པར་གསུངས། དཔེར་ན། ལོངས་སྐུའི་ཆོས་སྐུ་རྣམ་སྣང་གངས་ཆེན་མཚོ་དེའི་བཞུགས་ཚུལ་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། སྐུ་མདུན་དང་རྒྱབ་མེད་པ། ཞལ་ཕྱོགས་བཅུ་ཀུན་ཏུ་ཐལ་ལེ་བའོ། ། ཞེས་པ་ལྟར་འདྲེན་པ་ལོངས་སྤྱོད་རྫོགས་སྐུ་སོགས་གཟུགས་སྐུའི་རྣམ་རོལ་དུ་སྣང་བ་རྣམས་ནི། རྡུལ་གྲུབ་བེམ་བོའི་ཆོས་སུ་གྱུར་པ་མ་ཡིན་ཏེ། ཆོས་ཉིད་དབྱིངས་ཀྱི་རང་མདངས་མཚན་དཔེར་ཤར་བའི་བདག་ཉིད་དུ་བལྟ་བར་བྱ། དེབ་དཀར་དུ། ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ། མང་པོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་ངེས་མོད། རྒྱ་གར་གྱི་གངྒཱའི་ལྷ་མོས་རྐང་གདུབ་གྱོན་པ་ནས། ཨ་མདོའི་རྨ་རྒྱལ་སྦོམ་རས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡུན་ཕུ་སཱ་ས་བེར་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ། ། ཞེས་གསུངས་པ་དང་ཚུལ་མཐུན་པར། ཡིག་རྙིང་གཞན་དུའང་། བསམ་ཡས་ཀྱི་ནི་ལྷ་རྣམས་ཀུན། ། བོད་ཀྱི་མི་ལ་དཔེ་བྱས་ཏེ། ། རྟ་མགྲིན་གླིང་གི་དབང་ཆེན་སྐུ། ། བློན་པོ་ཁུ་ཡི་སྟག་སྣ་ལ། ། དཔེར་གྱིས་ལ་སོགས་ཞལ་བཀོད་ཀྱང་། ། སློབ་དཔོན་པདྨས་མཛད་པར་བཤད། ། ཅེས་དང་། ཡང་། ཨཱརྻ་པ་ལོའི་གླིང་ན། ལྷ་རྣམས་བཙན་པོའི་བཞེད་པ་བཞིན། ། བོད་མིའི་གཟུགས་སུ་བགྱི་བའི་དཔེར། ། བོད་འབངས་ཐམས་ཅད་ཚོགས་པ་ལས། ། ཅོག་རོ་བཟའ་ལ་དཔེར་བགྱིས་ཏེ། ། སྒྲོལ་མ་གཡས་སུ་བཞེངས། ། ཅོག་རོ་བཟའ་ནུ་ཆུང་ལ་དཔེ་བྱས་ཏེ། ། འོད་ཟེར་ཅན་མ་གཡོན་དུ་བཞེངས། །ཞེས་འབྱུང་བ་དང་། དགོངས་རྒྱན་དུ། ལོངས་སྐུ་དང་ལྷའི་ཆ་ལུགས་དེ་ཡང་སྔོན་གྱི་རྒྱ་གར་རྒྱལ་པོའི་ཆ་ལུགས་ཡིན་པ་ཞིབ་ཏུ་བརྟགས་པས་ཤེས། འདི་རྣམས་རང་ཅག་གིས་བློ་བཟོ་ཙམ་མ་ཡིན་པར་མདོ་རྣམས་ལས་གསུངས་མོད་ཀྱང་། དེ་ཡང་དོན་ལ་བློ་ངོར་འཆར་མི་བཏུབ་པའི་སངས་རྒྱས་ཀྱི་སའི་ཡོན་ཏན་རྣམས་རང་ཅག་ལ་དྭངས་པ་དང་སྤྲོ་བ་བསྐྱེད་པའི་ཕྱིར་དུ་བློ་ངོར་འཆར་རྒྱུ་ཡོད་པ་ཞིག་ཐབས་མཁས་ཀྱིས་གསུངས་པ་ཙམ་ཡིན། སངས་རྒྱས་ཀྱི་སྤྱོད་ཡུལ་དངོས་མ་དེ་ཚོ་ནི། སློབ་དཔོན་ཟླ་བས། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། ། ཞེས་གསུངས་པ་སོགས་ལ་དཔགས་ན་ངེས་ཤེས་གསར་པ་ཞིག་འདྲེན་རྒྱུ་འདུག་གོ།
བཞི་པ། ཡོད་མིན་མེད་མིན།
          དེའང་དགོངས་རྒྱན་ལས། ཡོད་མིན། མེད་མིན། བརྗོད་མེད། སྤྲོས་བྲལ་སོགས་ཀྱི་ཐ་སྙད་ནི། མདོ་དང་རིགས་ཚོགས་དང་། བོད་སྔ་མའི་མཁས་པ་དག་གི་གསུང་རབ་ལ་མང་ཉུང་མི་འདུག ཞེས་འབྱུང་བ་ལྟར། ཡོད་མིན་མེད་མིན་ཞེས་པའི་དོན་ནི། དོན་དམ་པར་ཡོད་པ་མ་ཡིན། ཀུན་རྫོབ་ཏུ་མེད་པ་མ་ཡིན་ཞེས་པའི་དོན་ཡིན། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ཡོད་མིན་མེད་མིན་ལ་གོ་ན། འདུ་ཤེས་རགས་པ་ཡོད་པ་མིན། ཕྲ་བ་མེད་པ་མ་ཡིན། སྔ་འགྱུར་བའི་ལྟ་བ་ཞིག་ལ་གོ་ན། མདོ་ཕྱོགས་ཀྱི་ལྟ་བའི་ཐ་སྙད་ས་དགེ་བཀའ་རྙིང་བཞི་པོ་མཚུངས་མེད། རྙིང་མའི་སྔགས་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་ལྟ་བའི་མཐར་ཐུག་དེའི་མཚན་གྱི་རྣམ་གྲངས་ལ། ཨ་ཏི་ཡོ་ག འོད་གསལ་རྫོགས་པ་ཆེན་པོ། ཀ་དག་ལྷུན་གྲུབ་སོགས་བརྗོད་པ་ལས་ཡོད་མིན་མེད་མིན་མི་ཟེར། འོན་ཀྱང་། ཡོད་མིན་མེད་མིན་གྱི་ཐ་སྙད་མེད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས་ཀྱང་། ཡོད་མིན་མེད་མིན་རང་བཞིན་མཐའ་འདས་པས། ། སྤྲོས་བྲལ་ཐིག་ལེའི་ངང་དུ་འུབ་ཆུབ་བོ། ། ཞེས་པ་སོགས་ཀྱིས་མཚོན་ནོ། ། གཞན་ཡང་། རྡོ་རྗེ་རྩེ་མོ་ལས། ཡོད་པ་མ་ཡིན་མེད་པའང་མིན། ། ཞེས་དང་། འཕགས་པ་ལྷས། ཡོད་མིན་མེད་མིན་ཡོད་མིན་མིན། ། གཉིས་ཀའི་བདག་ཉིད་ཀྱང་མིན་པས། ། མཐའ་བཞི་ལས་གྲོལ་དབུ་མ་པ། ། མཁས་པ་རྣམས་ཀྱི་དེ་ཁོ་ནའོ། ། ཞེས་གསུངས། གསེར་མདོག་ཅོད་པན་འཆང་བའི་རང་ལུགས་པ་ཆེན་པོ། དབྱངས་ཅན་དགེས་པའི་རྡོ་རྗེའི་གསུང་གི་རོལ་མོར་ཡང་། ཀ་དག་ལྷུན་གྲུབ་དང་དབུ་མའི་ལྟ་བ། ། གཉིས་ཀ་རྟག་ཆད་ཀྱི་གཡང་ལས་གྲོལ་བས། ། གསར་རྙིང་ལྟ་བ་ལ་མཐོ་དམན་མི་འདུག ། བདེན་འཛིན་གཡུལ་ངོ་ལ་དཔའ་རྟགས་སྟོན་དང་། ། ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་ལ་ཡང་དག་པར་བསམས་པར་བྱའོ། ། 
ལྔ་པ། བདེན་གྲུབ།
          དགོངས་རྒྱན་དུ། རིགས་པའི་དགག་བྱ་ལ་ཁ་ནས་ཁྱད་ཅི་ཙམ་ཕྱེ་ཡང་དོན་ལ་འགོག་རྒྱུ་དེ། བུམ་པ་འགོག་དགོས། ཀ་བ་འགོག་དགོས། ཡོད་པ་འགོག་དགོས། མེད་པ་འགོག་དགོས་ཀྱི། བུམ་པ་བཞག་ནས་བུམ་པ་བདེན་གྲུབ་བྱ་བ་ཞིག་ཟུར་དུ་འགོག་རྒྱུ་ག་ལ་ཡོད། ཚུལ་འདི་ནི་སྔ་རབས་པའི་མཁས་པ་རྣམས་སུ་མ་ཟད། དགེ་ལྡན་ཕྱོགས་ཀྱི་མཁས་གྲུབ་ཉམས་མྱོང་ཅན་ཚོས་ཀྱང་གསལ་བར་དགོངས་འདུག་གསུངས་པ་བཞིན། མི་ཕམ་མ་ཧཱ་པཎྚི་ཏས་ཀྱང་། ཀུན་རྫོབ་རྣམས་རང་གི་ངོ་བོས་མི་སྟོང་བར་དགག་བྱ་ཡན་གར་བ་བདེན་གྲུབ་ཀྱིས་སྟོང་བར་བཞེད་པས་སྟོང་ཉིད་མ་ཡིན་དགག་ཏུ་སོང་ཞིང་། བདེན་གཉིས་འགལ་འདུར་འཛིན་པ་དངོས་སྨྲ་བའི་ལུགས་དབུགས་འབྱིན་པར་འགྱུར་བ་དང་། བུམ་པ་མི་དཔྱད་པར་བཞག་ནས་བུམ་པའི་བདེན་གྲུབ་ཡན་གར་བ་འགོག་ཚུལ་གྱི་རིགས་པ་ཤེར་མདོ་དང་དབུ་མའི་བསྟན་བཅོས་གང་ནས་ཀྱང་མ་བཤད་ལ། རིགས་པས་ཀྱང་སྒྲུབ་ཏུ་མེད་པ་བཞིན། བུམ་པ་བུམ་པས་མི་སྟོང་བདེན་གྲུབ་ཀྱིས་སྟོང་ཞེས་ཆོས་རང་རང་ངོ་བོ་ཉིད་ཀྱིས་སྟོང་ཞེས་མདོ་བསྟན་བཅོས་ཐམས་ཅད་ཀྱི་འཆད་ཚུལ་སྤངས་ནས་གཞན་སྟོང་ཁས་བླངས་པ་ལ། གོ་རྒྱུ་དང་ཤེས་རྒྱུ་ཅི་ཡང་མེད་དོ། ཞེས་དང་། ལང་ཀར་གཤེགས་པ་ལས། སྟོང་ཉིད་བདུན་གྱི་ནང་ནས་ཐ་ཆད་པ་ལྷ་ཁང་དགེ་འདུན་གྱིས་སྟོང་བ་ལྟ་བུ་འདི་སྤངས་པར་བྱའོ་ཞེས་གསུངས་པ་དང་། བུམ་པའི་རང་བཞིན་སྟོང་པ་ཉིད་ཡིན་སོགས་སྦྱར་བ་ལ་བུམ་པ་ལས་བུམ་པའི་རང་བཞིན་ཐ་དད་དུ་ཡོད་པར་གོ་ན། མེ་ཡི་རང་བཞིན་ཚ་བ་དང་། མེ་དོན་ལ་ཐ་དད་པ་སོགས་སུ་འགྱུར་རོ། ། མདོར་ན་དགག་བྱ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་ཏེ་འགོག་པ་འདི། རང་རྒྱུད་པའི་སློབ་དཔོན་མཁས་པ་རྣམས་ཀྱིས་ནན་ཏན་མཛད་པ་ཡིན་པས། འདི་ལྟར་བྱས་ཀྱང་དོན་ལ་འགལ་བ་ཆེན་པོ་མེད་པ་མ་ཟད། ལས་དང་པོ་བའི་བློར་འཆར་བདེ་བ་སོགས་ཀྱི་ཡོན་ཏན་ཡོད་པས། འདི་ལྟར་ཁས་ལེན་མི་རུང་ཞེས་རྣམ་པ་ཀུན་ཏུ་དགག་བྱ་མིན།
          རང་གི་ངོ་བོས་སྟོང་པའི་རང་སྟོང་སྨྲ་བའི་ལུགས་ནི། ཕ་མེད་དོ།  མ་མེད་དོ། ལས་རྒྱུ་འབྲས་མེད་དོ། འཇིག་རྟེན་ཕ་རོལ་མེད་དོ་ཟེར་བའི་ཆད་ལྟ་དང་ནམ་ཡང་མཛའ་བའི་གོ་སྐབས་མེད་དོ། །
          གཞན་ཡང་། དགོངས་རྒྱན་དུ། ཞྭ་སེར་མཁན་པོས་མ་བསླབས་ཀྱང་། ། སྒྱུ་མའི་བློ་ལས་གཞན་ཅི་འབྱུང་། ། ཞེས་པ་སོགས་ནི། རྗེ་བཙུན་མི་ལས་ཀྱང་། མི་མངོན་ནམ་མཁའི་དབྱིངས་ཞིག་ན། ། རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན། ། ཞེས་གསུངས་པ་ལྟ་བུའི་གོ་རྒྱུ་ཞིག་མེད་དམ་སྙམ་སྟེ། ཡང་དག་པར་ན། མཁས་གྲུབ་སྨྲ་བའི་ཉི་མས། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་། ། མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། ། ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ། ། ས་གསུམ་སྐྱེ་རྒུའི་གཉེན་ལ་གསོལ་བ་འདེབས། ། ཞེས་གསུངས་པ་ལྟར་གསོལ་བ་འདེབས་པ་ལགས་སོ། །
དྲུག་པ།  ཐ་སྙད་ཚད་གྲུབ།
          དགོངས་རྒྱན་དུ། ཐ་སྙད་ཚད་གྲུབ་ཁས་མ་བླངས་ཀྱང་རྟེན་འབྲེལ་ལ་ཡིད་རྟོན་མེད་པར་མི་འགྱུར་བ་ཇི་ཡིན་ཞེ་ན། སོགས་ནས་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། ། ཞེས་པའི་ཚིགས་བཅད་བར་བཀོད་འདུག་ལ། འོ་ན། ཐ་སྙད་ཚད་གྲུབ་ཅེས་པའི་དོན་ཅི་ཡིན་ཞེ་ན། སོ་སོ་ལ་གང་སྣང་བ་དེ་ཉིད་རང་ངོར་བསླུ་མེད་དུ་གྲུབ་པ་དེ་ཙམ་ཐ་སྙད་ཚད་གྲུབ་ཡིན་ལ། སྤྱིར་ཐ་སྙད་དུ་ཆུ་དང་རྣག་སོགས་གང་སྣང་བསླུ་མེད་ཀྱི་ཐ་སྙད་མྱོང་བ་ཡོད་ཚད། མྱོང་བས་ཚད་གྲུབ་ཏུ་སོང་གི་དཔྱད་བཟོད་བདེན་གྲུབ་གཅིག་ཀྱང་མེད་དོ། །
          ཐ་སྙད་དུ་ཡོད་མེད་དང་ཡིན་མིན་སོགས་ཚད་མས་བསྒྲུབ་སྟེ། དགེ་སྡིག་ལས་འབྲས། བདེ་སྡུག་བཟང་ངན། བླང་དོར། ཆོས་ཆོས་མིན་སོགས་ཐམས་ཅད་སྒྲུབ་ན་ཐུན་མོང་དུ་བསྒྲུབ་ནུས་པར་འགྱུར། །
          ཐ་སྙད་དུ་ངོ་བོ་མེད་ཀྱང་། རྟོག་པས་བཏགས་ཙམ་གྱི་ཚད་མར་མ་གྲུབ་ན། སངས་རྒྱས་དང་ཕྱི་རོལ་པའི་གྲུབ་མཐའ་ལའང་བདེན་རྫུན་མེད་པར་འགྱུར་རོ། ། ཐ་སྙད་དུ་དགེ་སྒྲུབ་སྡིག་སྤོང་བླང་དོར་བྱེད་ཀྱང་། གནས་ལུགས་ལ་བླང་དོར་དང་། དམིགས་པ་ཡོད་པར་འཛིན་མི་དགོས་གསུངས།
          རེད་མདའ་བར་ཕུལ་བའི་ཤོག་དྲིལ་དུ།  དབུ་མ་པ་ཡིན་ན་ཆོས་ཐམས་ཅད་བཏགས་ཡོད་ཙམ་དུ་སྨྲ་དགོས་པར་ཡང་ཡང་གསུངས། དེས་ན་ཐ་སྙད་ཚད་མས་གྲུབ་ཚུལ་ཡང་མ་དཔྱད་མ་བརྟག་པའི་འཇིག་རྟེན་གྱི་ངོར་གྲུབ་ཀྱི། བརྟག་ཤིང་དཔྱད་ན་གྲུབ་པར་མི་འགྱུར་རོ།འཇིག་རྟེན་ཐ་སྙད་ཀྱི་ངོར་བྱ་བྱེད་ཀྱི་ཐ་སྙད་འཇོག་རུང་བར་དཔལ་ལྡན་ཟླ་བའི་བཞེད་པ་ཐུན་མོང་མིན་པ་ཡིན་ནོ།  
བདུན་པ། རང་ངོ་དང་གཞན་ངོའི་ཁས་ལེན།
          དགོངས་རྒྱན་དུ། ཐལ་འགྱུར་བའི་རང་ལུགས་ཐུན་མོང་མ་ཡིན་པ་རང་ངོ་དང་གཞན་ངོའི་ཁས་ལེན་གྱི་ཁྱད་པར་ནི། མདོར་བསྡུས་ན། ས་ཡོད་པར་སྙིང་ཐག་པ་ནས་ཁས་ལེན་ན་རང་ལུགས་ཀྱི་ཁས་ལེན་ཡིན། ས་ཡོད་ཅེས་དབང་མེད་དུ་ཁས་ལེན་ན་གཞན་ངོའི་ཁས་ལེན་ཡིན་སོགས་གསུངས་ཡོད། འདི་ལྟར་དབུ་མ་ཐལ་འགྱུར་བ་ལ་དོན་དམ་དུ་ཁས་ལེན་མི་ལེན་གྱི་དཔྱད་ར་མེད་པས་ན། རེ་ཞིག་ཀུན་རྫོབ་ཐ་སྙད་ཙམ་དུ་སྐབས་ཀྱི་དབྱེ་བས་ཁས་ལེན་པ་དང་། མི་ལེན་པ་གཉིས་སུ་གོ་བར་བྱའོ། །
          དེའང་རྩོད་པ་དང་དོན་དམ་ཡུལ་དུ་བྱེད་པའི་ཚེ་སྣང་བ་གང་ཡང་རང་བཞིན་མེད་པས་གང་ཡང་ཁས་བླངས་པར་བྱ་བ་མ་ཡིན་ནོ། ། ལམ་རྗེས་ཐོབ་པ་ཐ་སྙད་ཡུལ་དུ་བྱེད་དུས་གསུང་རབ་ལས་བཤད་པ་ལྟར་རྣམ་དབྱེ་དང་བཅས་པ་རྨི་ལམ་སྒྱུ་མའི་གྲུབ་མཐའ་ཙམ་དུ་ཤེས་ནས་རང་གིས་ཀྱང་དཔྱད་དེ་བསམ་ཞིང་། གཞན་ལའང་བསྟན་པས་བླང་དོར་གྱི་དམིགས་ཕྱེད་ནས་ལམ་དབུ་མ་ཚོགས་གཉིས་ལ་ཞུགས་ཏེ་འབྲས་བུ་སྐུ་གཉིས་འགྲུབ་པའི་དགོས་པ་ཡོད་དོ། ། དེས་ན་དབུ་མའི་གཞུང་རྣམས་ལས་ཁས་མི་ལེན་པའི་ཚུལ་ཡང་གསུངས་ཏེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། ། དེ་ཚེ་ང་ལ་སྐྱོན་འདི་ཡོད། ། ། ང་ལ་དམ་བཅའ་མེད་པས་ན། ། ང་ནི་སྐྱོན་མེད་ཁོ་ན་ཡིན། ། ཞེས་དང་།
          ཁས་ལེན་པའི་ཚུལ་ཡང་གསུངས་ཏེ།  ཚིག་གསལ་ལས། ཆུ་འདོད་པས་སྣོད་ལྟར་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ནི་གདོན་མི་ཟ་བར་ཁས་བླངས་པར་བྱའོ། ། ཞེས་དང་། འཇུག་པའི་འགྲེལ་པ་ལས། ཕྱོགས་འདི་ནི་མཁས་པ་དག་གིས་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པའོ་བསམས་ཏེ། གདོན་མི་ཟ་བར་ཁས་བླང་བར་བྱའོ། ། ཞེས་སོ། །
          དེས་ན་ཁས་ལེན་མེད་ཅེས་བརྗོད་པ་དེ་སྲིད་དོན་དམ་དཔྱོད་པའི་སྐབས་ཡིན་ལ། ཁས་ལེན་མེད་པ་དེ་ཉིད་ཆོས་ཅན་དུ་བྱས་ནས་ཁས་ལེན་ཡིན་མིན་སོགས་དཔྱོད་པ་ཕན་ཆད་ཀུན་རྫོབ་དཔྱོད་པའི་སྐབས་ཡིན་པས་འཇིག་རྟེན་པ་དང་སྒོ་བསྟུན་ཏེ་གཞན་ངོར་ཁས་ལེན་གྱི་རྣམ་བཞག་མཛད་སྣང་།  རང་ལ་གོ་བ་ཡོད་ན་ཁས་ལེན་མེད་པ་དེ་ག་རང་གིས་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེ་ནུས་ཤིང་། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། ། མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། ། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། ། ཞེས་སོགས་ཀྱིས་སྟོང་ཉིད་ཟབ་མོ་བློ་གཉིས་སྣང་ཅན་གྱི་སྤྱོད་ཡུལ་དུ་གྱུར་བ་མིན་ཞིང་། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པར་བསྟན་ཡོད།
བརྒྱད་པ།  ཤ་ལྔ་བདུད་རྩི་ལྔ།
          དགོངས་རྒྱན་ལས། ཤ་ལྔ་བདུད་རྩི་ལྔ་སངས་རྒྱས་ལ་མཆོད་པ་འབུལ་བ་སོགས་འདི་ཀུན་ཀྱང་། ཐ་མལ་བའི་རྣམ་རྟོག་རྣམས་རྟོག་པའི་རིགས་པ་དང་ལྷན་ཅིག་ཏུ་ཐལ་བ་རྡུལ་དུ་བརླགས་པའི་དོན་དུ་གསུངས་པ་ཡིན། ཞེས་དང་། ཕོ་བྲང་ཞི་བ་འོད་ཀྱིས། མི་གཙང་འདམ་གྱིས་དེ་བཞིན་གཤེགས་པ་མཆོད། ། རོ་མྱག་འདམ་དུ་འགྲོ་བ་སྙིང་རེ་རྗེ། ། ཞེས་སོགས་ལུང་དྲངས་པ་ལྟར། དམ་ཚིག་གི་རྫས་ཤ་ལྔ་ནི། མིའི་ཤ། གླང་པོ་ཆེའི་ཤ། བ་ལང་གི་ཤ། ཁྱིའི་ཤ། རྟའི་ཤའོ། ཞེས་དང་། བདུད་རྩི་ལྔ་ནི། དྲི་ཆེན། དྲི་ཆུ། བྱང་སེམས་དཀར་དམར། རྐང་མར་རྣམས་སོ། །
          ཤ་ལྔ་བདུད་རྩི་ལྔ་སངས་རྒྱས་ལ་མཆོད་པ་འགྲོ་ཚུལ་ཡང་། སྔགས་བླ་མེད་ཀྱི་རྒྱུད་ནས་བསྟན་པའི་ལོངས་སྐུ་ཞི་ཁྲོའི་ལྷ་ཚོགས་མ་གཏོགས་སྟོན་པ་མཆོག་གི་སྤྲུལ་སྐུ་དགེ་སློང་གི་ཆ་བྱད་ཅན་ལ་མི་འགྲོ་བ་འདྲ་སྟེ། སྔགས་བླ་མེད་མ་གཏོགས་མདོ་ལུགས་དང་། རྒྱུད་སྡེ་འོག་མ་གསུམ་ལའང་མི་འགྲོ། རྒྱུད་སྡེ་གོང་འོག་གི་ཁྱད་པར་མང་དུ་ཡོད་པ་ལས། བཟའ་བ་ལོངས་སྤྱོད་ཀྱི་ཁྱད་པར། དཀར་གསུམ་མངར་གསུམ་གཙོ་ཆེ་བ་འོག་མ། ཤ་ལྔ་བདུད་རྩི་ལྔ་གཙོ་ཆེ་བ་གོང་མའོ། ཞེས་མཛོད་བདུན་ན་གསུངས་ཡོད།
          དམ་རྫས་ཤ་ལྔའང་ཁ་ཟས་ཀྱི་ཆེད་བསད་པ་མ་ཡིན་པ་ལས་ཀྱིས་ཤི་བའི་ཤ་དགོས་པར་འདུག་གོ ། སློབ་དཔོན་དཔའ་བོས། དམ་ཚིག་རྫས་ནི་ཇི་བཞིན་ཉིད། ། མི་བསྟེན་པ་ནི་བཅུ་གསུམ་པ། ། ཞེས་པའི་ཐད་ཀྱི་འགྲེལ་པར། སྔགས་ཀྱི་སྤྱོད་པའི་སྐབས་སུ་བབ་པ་ཚོགས་ཀྱི་འཁོར་ལོའམ།
          དཔའ་བོ་དཔའ་མོའི་དགའ་སྟོན་སོགས་ཀྱི་ཚེ་རྡོར་དྲིལ་གོས་རྒྱན་སོགས་བཅངས་པར་འོས་པའི་ཡོ་བྱད་དང་། དམ་ཚིག་གི་རྫས་དང་བྲོ་གར་གླུ་ཚིག་སོགས་དམ་ཚིག་གི་སྤྱོད་པ་དུས་ཚོད་དང་འབྲེལ་ཀྱང་ཉན་ཐོས་ཀྱི་བསླབ་པ་ལ་འཆལ་ནས་མི་གཙང་བ་དང་ཉེས་དམིགས་བསམ་པས་མི་བསྟེན་པ་རྩ་ལྟུང་བཅུ་གསུམ་པའོ། ། ཞེས་གསུངས་པ་ལྟར་གཙང་དམེ་གཉིས་འཛིན་གྱི་རྣམ་རྟོག་སྤང་དགོས་པར་བསྟན། 
དགུ་པ། རང་བཞིན།
          དགོངས་རྒྱན་དུ། ར༷ང་བཞི༷ན་གྱིས་གྲུབ་པ་དོན་དམ་པར་མེད། རི་བོང་རྭ་དོན་དམ་པར་མེད་སོགས། སྟོང་གཞི་ཆོས་ཅན་གཏན་ནས་མི་སྲིད་པ་ཞེས་རང་བཞིན་གྱི་ཐ་སྙད་བྱུང་བ་ལའང་ཅུང་ཟད་དཔྱད་པར་བྱ་སྟེ། དེ་ཡང་ཆོས་དེ་དང་དེའི་སྟོང་ཉིད་གཏན་ལ་འབེབས་པའི་ཚེ། དོན་དམ་པར་དང་། རང་བཞིན་གྱིས་དང་། རང་གི་ངོ་བོ་ཉིད་ཀྱིས་སོགས་ཀྱི་ཁྱད་པར་སྦྱོར་དགོས་པ་ནི་གནད་དུ་ཆེ་སྟེ། ཤེར་མདོ་དང་དེའི་དགོངས་འགྲེལ་དབུ་མ་རིགས་པའི་ཚོགས་རྣམས་སུ་རང་བཞིན་མེད་པ་ཉིད་རྒྱ་ཆེར་བསྟན་ཡོད་པ་དང་། རྗེ་བདག་ཉིད་ཆེན་པོས་ཀྱང་ནན་ཏན་མཛད། རང་བཞིན་མེད་པ་ལ་བརྟེན་ནས། རྒྱུ་འབྲས་བྱ་བྱེད་ཐམས་ཅད་ཆེས་འཐད་པ་ལ་ངེས་ཤེས་སྐྱེས་ནས།  ཐབས་ཕྱོགས་ལ་དགའ་བ་དང་སྤྲོ་བ་གོང་ནས་གོང་དུ་འཕེལ་ན་ཡང་དག་པའི་ལྟ་བ་རྙེད་པ་ཡིན། སྟོང་པ་ཉིད་ལ་ཇི་ཙམ་གོ་བ་རྙེད་པ་དེ་ཙམ་ལས་འབྲས་ལ་གོ་བ་རྙེད། བུམ་སོགས་ཆོས་རྣམས་གཞན་གྱིས་སྟོང་བར་བྱས་པའི་གཞན་སྟོང་མིན་གྱི། རང་གི་གཤིས་སམ་བབས་ཀྱིས་གདོད་ནས་སྐྱེ་བ་མེད་པའམ་དམིགས་སུ་མེད་པའི་སྟོང་ཉིད་དུ་གནས་པ་གཏན་ལ་འབེབས་དགོས།
          སྟོང་རྟེན་འབྱུང་དུ་འཆར་བ་འདི་དབུ་མའི་སློབ་དཔོན་རྣམས་ཀྱི་དགོངས་པ་དྲི་མེད་ཡིན་བཞིན། རྗེ་ཙོང་ཁ་པས་ཀྱང་བསྔགས་ཤིང་དགོངས་པའི་མཐིལ་མཛད།
བཅུ་པ། བདེན་གཉིས།
          ཀླུ་སྒྲུབ་དགོངས་རྒྱན་དུ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། ། བློ་ནི་ཀུན་རྫོབ་ཡིན་པར་བརྗོད། སོགས་ཀྱི་ལུང་དང་། དྲི་མ་མེད་པའི་རིགས་པས་བསྟན་ཡོད་པ་ལྟར། རྩ་ཤེས་ལས་ཀྱང་། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། ། དམ་པའི་དོན་གྱི་བདེན་པའོ། ། ཞེས་པ་ལྟར། བསླུ་ཆོས་ཀུན་རྫོབ་ཀྱི་བདེན་པ་དང་། བསླུ་མེད་དོན་དམ་གྱི་བདེན་པ་གཉིས་སམ། སྣང་ལུགས་དང་གནས་ལུགས་ཀྱི་སྒོ་ནས་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་སུ་ཕྱེས་ཡོད།
          དེའང་བདེན་པ་གཉིས་རྭ་ལྟར་ཐ་དད་མེད་དེ། ཀུན་རྫོབ་ཀྱི་གནས་ལུགས་ཆུའི་ཟླ་བ་ལྟར་མཐོང་དུས། ཟླ་གཟུགས་སྣང་བའི་ཆ་ནས་ཀུན་རྫོབ། ཟླ་བ་བདེན་པར་མེད་པའི་ཆ་ནས་དོན་དམ། དེ་གཉིས་རྫིང་བུའི་ཆུ་དེར་མེད་ལ་སྣང་བ་ངོ་བོ་གཅིག་པ་བཞིན་དུ་བདེན་པ་དབྱེར་མེད་དོན་དམ་ཟུང་འཇུག  དེ་ལྟར་རྟོགས་པའི་བློ་དེ་ལ་བདེན་པ་གཉིས་དབྱེར་མེད་དུ་རྟོགས་པ་ཞེས་བྱའོ།།
          ཡང་། དོན་དམ་པར་མེད་པས་མེད་གོ་མི་ཆོད་ན། ། དོན་དམ་མི་བདེན་ཀུན་རྫོབ་བདེན་པར་འགྱུར་ཏེ། བདེན་གཉིས་ཟུང་འཇུག་མི་སྲིད་དོ། ། ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་མི་ཆོད་ན་ཀུན་རྫོབ་བདེན་པའང་དེ་དང་འདྲའོ། །
          དོན་དམ་པར་མེད་པས་མེད་གོ་མི་ཆོད། ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་ཟེར་བ་ལྟར་ན། གཉིས་སྣང་འཁྲུལ་བའི་སྣང་བ་ཐམས་ཅད་ཀྱིས་ཡོད་གོ་ཆོད་ལ། གཉིས་མེད་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་གཉིས་སྣང་མེད་པས་མེད་གོ་མི་ཆོད་པར་ཞར་ལ་ཁས་བླངས།          མདོར་ན། གནས་ལུགས་མཐར་ཐུག་པའི་དབང་དུ་བཏང་ན་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་པར་མེད་པ་ཞེས་ཡོད་པ་དང་། མེད་པའི་མཚན་ཉིད་གཉིས་སོ་སོར་ཕྱོགས་སུ་ཆད་དེ་གནས་པ་མ་ཡིན་ཏེ། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། ། ཞེས་སྟོང་ཉིད་བཞིན་སྦྱོར་གྱི་མདོ་ལས་གསུངས་པ་བཞིན། སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཀྱི་དབྱིངས་སྒྲོ་འདོགས་ཀྱི་མཐའ་བཞི་དང་བརྒྱད་དང་སོ་གཉིས་དང་བྲལ་བ་སྨྲ་བསམ་བརྗོད་དུ་མེད་པས་བློ་ལས་འདས་པའི་ཡེ་ཤེས་སོ་སོར་རང་རིག་པ་ཉིད། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐར་ཐུག་པ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཡིན་ནོ། ། 
མཇུག་བསྡུ་བ།
          དེ་ཡང་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་ལས། དེ་ལྟར་མི་ཚེ་གཅིག་གིས་བསྟན་པ་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཉམས་ལེན་དུ་འཁྱེར་བ་འདི་དཔལ་ལྡན་ཨ་ཏི་ཤས་ཉམས་ལེན་གྱི་གནད་ཡིན་པར་བཤད་པར་སྣང་སྟེ། ལམ་ལྔ་དང་ས་བཅུའི་རིམ་པར་འབྱེད་པའི་ལུགས་ཡིན་ན། སྦྱོར་ལམ་ཐོབ་པའི་ཚེ། ཚོགས་ལམ་ལ་འབད། ས་བརྒྱད་པ་ཐོབ་པའི་ཚེ་ས་དང་པོ་ལ་འབད། སངས་རྒྱས་ཀྱིས་ཐོབ་པའི་ཚེ་ཚོགས་ལམ་ལ་འབད་ནས་སྟུག་པོ་བཀོད་པའི་པདྨའི་གདན་གཅིག་གི་སྟེང་དུ་བསྟན་པ་ཡོངས་རྫོགས་ཉམས་སུ་ལེན་དགོས་པར་སྣང་ངོ་། ། ཞེས་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་དང་འབྲེལ་བའི་གཞུང་གི་དོན་གནད་འགའ་ལ་རགས་ཙམ་དཔྱད་ཁུལ་བྱས་ཟིན་ཏོ། ། ཁོ་བོས་དཔྱད་རྩོམ་འདི་སྤེལ་བའི་དམིགས་ཡུལ་ནི་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱི་ལྟ་བའི་ཐད་ལ་སྔ་ཕྱིར་མཁས་བླུན་མང་པོས་བཞེད་ཚུལ་དང་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་བཏོན་ཡོད་པའི་རྗེས་སུ་རི་བོང་ཅལ་འདྲོག་བྱེད་མི་ཡང་ཅུང་ཟད་མང་བས་རྒྱ་ཆེའི་སློབ་གྲྭ་བ་རྣམས་དང་དེ་མིན་བོད་ཀྱི་ཆོས་ལུགས་ཞིབ་འཇུག་གནང་མཁན་ཚོར་ཡང་ཅུང་ཟད་ཕན་དུ་རེ་བ་དང་། མི་རིགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་གྱི་རྒྱུར་དམིགས་ནས་གྲུབ་མཐའ་ཁག་གིས་ཐུན་མོང་དུ་ཁས་ལེན་པའི་ལྟ་གྲུབ་འགལ་མེད་རྣམས་གུང་བསྒྲིགས་ཏེ་ལྷག་བསམ་གྱིས་དཔྱད་ཁུལ་བྱས་པ་ཡིན་ལགས་སོ།
          ཆེད་རྩོམ་འདིའི་དཔྱད་གཞིའི་ཟུར་ལྟའི་ཡིག་ཆ། 
          དབུ་མ་རིགས་ཚོགས་དྲུག  རྩ་ཤེས་འགྲེལ་པ། དབུ་མ་འཇུག་པ་རྩ་འགྲེལ། ཀློང་ཆེན་མཛོད་བདུན། ་མངོན་རྟོགས་རྒྱན། ཡོན་ཏན་མཛོད་རྩ་འགྲེལ། ཆོས་ཀྱི་རྣམ་གྲངས། རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ། བོད་པ་སྤྲུལ་སྐུའི་ལྟ་གྲུབ་ཤན་འབྱེད། ཤེས་བྱ་ཀུན་ཁྱབ་པོད་གསུམ། ལྕང་སྐྱའི་ཨ་མ་ལྟ་མགུར།  ཐུའུ་བཀྭན་གྲུབ་མཐའ། ལྕང་སྐྱའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། འཇུ་མི་ཕམ་པའི་གསུང་འབུམ་ནང་གི་དབུ་མའི་སྐོར་གང་ཡོད། མར་ནང་སྐུ་གཞོགས་འཇིགས་མེད་བསམ་གཏན་ཚང་གི་མགུར་རྩོམ་ཁག  དགེ་འདུན་ཆོས་འཕེལ་མཆོག་གི་གསུང་རྩོམ་པོད་གསུམ་སོགས་ཡིན།