ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > གསར་ཤོས།

བོད་ཀྱི་རྣམ་ཐར་རྟོགས་བརྗོད་རྩོམ་རིག་ནི་དངོས་ཡོད་དང་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་ཟུང་དུ་འབྲེལ་བའི་འབྲས་བུ་ཡིན་ཚུལ་སྐོར་གླེང་བ།

སྤེལ་དུས 2018-11-20 ཡོང་ཁུངས། བོད་ལྗོངས་སློབ་ཆེན་རིག་དེབ། རྩོམ་པ་པོ། བུ་ཚེ་རིང་།
    དང་པོ། སྔོན་འགྲོ་ཡི་གཏམ།
             མིའི་རིགས་ཀྱི་རྩོམ་རིག་འཕེལ་བའི་ལོ་རྒྱུས་ཐོག་ནས་བཤད་ན།   དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ནི། རྩོམ་རིག་སྒྱུ་རྩལ་ཐད་ཀྱི་གཞི་རྐང་དུ་གྱུར་པའི་རྩོམ་རིག་གསར་རྩོམ་གྱི་རྩོམ་ཐབས་མི་འདྲ་བའི་གྲུབ་མཐའ་ཆེན་མོ་གཉིས་ཡིན་ལ། རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་ཁྱབ་ཁོངས་ནང་ཤུགས་རྐྱེན་ཆེན་པོ་ལྡན་ཁར་གསོན་ཤུགས་ཀྱི་དཔལ་འབར་བའི་རྩོམ་ཐབས་རིགས་མི་འདྲ་བ་གཉིས་ཀྱང་ཡིན།  
             རྩོམ་པ་པོས་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་ལ་བཟུང་བའི་ལྟ་བ་མི་འདྲ་བ་འདི་གཉིས་ལ་གསར་རྩོམ་བྱེད་ཐབས་ཐད་སོ་སོའི་དགེ་མཚན་དང་ཞན་ཆ་ཡོད་ལ་ཕན་ཚུན་འབྲེལ་བ་དང་ཁྱད་པར་ཡང་ཡོད་པ་ཞིག་ཡིན། རང་རེ་བོད་ཁ་བ་ཅན་པའི་རྩོམ་རིག་སྒྱུ་རྩལ་གྱི་གཞུང་ལུགས་དང་བསྟན་བཅོས་ནང་གསར་རྩོམ་བྱེད་ཐབས་འདི་གཉིས་དང་འདི་གཉིས་འདྲ་བའི་ཁ་གསལ་གོ་བདེའི་རིག་པའི་གཞུང་ལུགས་ཤིག་མེད་མོད། འོན་ཀྱང་། རང་རེའི་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལག་ལེན་དངོས་ཀྱི་ཁྲོད་གནའ་སྔ་མོའི་དུས་ནས་བཟུང་གསར་རྩོམ་བྱེད་ཐབས་དེ་གཉིས་རྒྱ་ཁྱབ་ཏུ་གནས་ཡོད་ལ། དེ་ནི་བོད་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་གཙོ་ཐིག་ལྟ་བུ་ཞིག་ལའང་གྱུར་ཡོད། མ་གཞི་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཏེ། རྩོམ་རིག་གསར་རྩོམ་གྱི་གྲུབ་མཐའ་ཆེན་མོ་འདི་གཉིས་དར་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་ཞིང་རྩོམ་རིག་གསར་རྩོམ་གྱི་ལྟ་བ་རྩ་བའི་ཆ་ནས་ལྡོག་ཕྱོགས་ཡིན་ཡང་དེ་གཉིས་མཉམ་སྤྱོད་ཀྱིས་རྩོམ་རིག་གསར་རྩོམ་བྱས་ནས་ཐོན་པའི་ཕན་འབྲས་སམ་ནུས་པ་ནི་ཧང་སང་དགོས་པ་ཞིག་རེད། དེ་ནི་རང་རེ་བོད་མི་རིགས་ཀྱི་རྩོམ་རིགས་སྒྱུ་རྩལ་གྱི་བརྩམ་བྱའི་ནང་ནས་ཇི་མ་ཇི་བཞིན་མཚོན་ནུས། ལྷག་པར་དུ།  དམངས་སྒྲུང་དང་རྣམ་ཐར་རྟོགས་བརྗོད། སྙན་ངག་དང་མགུར་གླུ་སོགས་ཀྱི་ནང་ཆ་དེ་གཉིས་མངོན་གསལ་དོད་པོས་འདུས་ནས་མཚོན་ཐུབ་ཀྱི་ཡོད།   
    གཉིས་པ། གཞུང་དོན་དངོས་བཤད་པ་ལ་དོན་རྣམ་པ་གསུམ་སྟེ།
             1.དངོས་ཡོད་རིང་ལུགས་ཀྱི་སྐོར། 2. འཆར་ཡན་རིང་ལུགས་ཀྱི་སྐོར། 3.དེ་གཉིས་ཟུང་འབྲེལ་བྱས་ཏེ་རྟོགས་བརྗོད་རྣམ་ཐར་ནང་ནས་ཇི་ལྟར་མཚོན་ཚུལ་བཤད་པ།
             1.དངོས་ཡོད་རིང་ལུགས་ཀྱི་སྐོར། དངོས་ཡོད་རིང་ལུགས་ཀྱི་ལྟ་བ་གཙོ་བོ་ནི། སྤྱི་ཆོགས་ཀྱི་འཚོ་བ་དངོས་གཙོ་བཟུང་དང་དངོས་ཡོད་འཚོ་བ་ལ་བསྟུན་གང་ཐུབ་ཀྱིས་མཚོན་པ་བྱེད་རྒྱུ་དེ་རེད། ཁོང་ཚོས་རྩོམ་ཡིག་གི་བརྩམ་བྱ་ནི་སྤྱི་ཚོགས་ཀྱི་འཚོ་བ་དེ་རྩོམ་པ་པོའི་སེམས་ལ་ཚུར་སྣང་བའི་ཐོན་དངོས་ཤིག་ཡིན་པར་ངོས་འཛིན་ཅིང་། དེ་ནི་ཕྱི་རོལ་ཡུལ་གྱི་འཇིག་རྟེན་གྱི་འཚོ་བའི་སྣང་ཚུལ་ཞིག་ཡིན་པས། དངོས་ཡོད་ཀྱི་འཚོ་བ་ཡིས་རྨང་གཞི་དང་ས་བོན་བྱས་ཏེ་བརྩམ་དགོས་པར་འདོད། བོད་ཀྱི་རྩོམ་རིག་བརྩམ་བྱ་སྤྱི་དང་ལྷག་པར་དུ་རྣམ་ཐར་རྟོགས་བརྗོད་ཀྱི་རྩོམ་རིག་བརྩམ་བྱ་དག་ནི། བོད་ཀྱི་སྤྱི་ཚོགས་འཚོ་བས་ས་བོན་དང་རྨང་གཞི་བྱས་པ་དང་བོད་ཀྱི་སྤྱི་ཚོགས་འཚོ་བ་དེ་དག་བོད་རིགས་ཀྱི་རྩོམ་པ་པོའི་སེམས་ལ་ཚུར་སྣང་བྱུང་བའི་ཐོན་དངོས་ཤིག་ཡིན་པས། དངོས་ཡོད་རིང་ལུགས་ཀྱི་ཆ་ངེས་ཅན་ཞིག་ལྡན་ཡོད། དངོས་ཡོད་རིང་ལུགས་པས་སྤྱི་ཚོགས་འཚོ་བ་དངོས་ཇི་མ་ཇི་བཞིན་མཚོན་པར་བྱེད་རྒྱུ་དེ་ཨང་དང་པོར་འཇོག་གི་ཡོད་པས། རྩོམ་ཐབས་དེ་ནི་ལོ་རྒྱུས་དང་ལོ་རྒྱུས་ཀྱི་མི་སྣའི་སྟེང་ལ་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་ཏེ། མིའི་རིགས་ཀྱི་རྩོམ་རིག་གར་སྟེགས་སྟེང་ཐོན་ཡོང་གི་ཡོད། ཁོང་ཚོས་རྩོམ་རིག་བརྩམ་བྱ་དང་ལོ་རྒྱུས་ནི་དྲང་པོ་དྲང་བཞག་གིས་འབྲི་དགོས་ཏེ། གལ་ཏེ། དྲང་པོ་དྲང་བཞག་དང་དངོས་ཡོད་བདེན་པས་མ་བྲིས་པར་འཁྱོག་བཤད་རྟོག་བཟོ་ཤུགས་ཆེན་གྱིས།ཕུགས་བསམ་དང་སྟོང་བསམ་ཁོ་ན་མཚོན་ཐབས་བྱས་ན། དེས་མི་རབས་རྗེས་མ་རྣམས་ལ་སློབ་གསོ་དང་བསླབ་བྱ་ཡོང་གི་མ་རེད་ཅེས་ཟེར་ནས།   དངོས་བདེན་དྲང་པོ་ནི་སྒྱུ་རྩལ་གྱི་བླ་སྲོག་དང་རྩོམ་རིག་བརྩམ་བྱའི་སྲོག་རྩ་ཡིན་པའི་ལྟ་བ་མཐའ་འཁྱོངས་བྱེད་ཀྱི་ཡོད་པས། ལྟ་བ་འདི་ནི《མེ་ལོང་མ》ཡི་ནང་ལའང་གསལ་ཡོད་དེ། རང་བཞིན་བརྗོད་པའི་རྒྱན་ལ་རྒྱན་གྱི“རྒྱལ་པོ”འམ“རྒྱལ་སྲིད”ཅེས་པའི་སྙན་པ་བརྗོད་པའང་དོན་དངོས་ཐོག་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་ཀྱི་ལྟ་བ་གསལ་བསྒྲགས་དང་རྩོམ་ཐབས་དེ་ཉིད་ལ་སྙན་པ་བརྗོད་པ་ཞིག་རང་རེད། དྲང་བདེན་གྱི་ཐོག་ནས་དམིགས་བསལ་ཁོར་ཡུག་ཁྲོད་ཀྱི་དམིགས་བསལ་གྱི་བྱ་དངོས་དང་མི་སྣ་རྣམས་འབུར་དུ་ཐོན་པ་བྱས་ཏེ། དངོས་ཡོད་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོ་བོ་ཆོས་ཉིད་སོགས་མཚོན་ཐུབ་པ་བྱུང་ན། དེ་ནི་བརྩམ་བྱ་ཕུལ་དང་རྩེར་སོན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་རྣམ་ཐར་རྟོགས་བརྗོད་རྩོམ་རིག་གི་བརྩམ་བྱ་དག་གི་ཁྲོད་ནས་ལྟ་བ་དེ་རྒྱུན་འཛིན་བྱས་པའི་རྗེས་ཤུལ་གསལ་པོར་མངོན་ཅིང་། རྩོམ་ཐབས་དེའི་རྩ་ཆེའི་དགེ་མཚན་དང་ནུས་པ་ཐོན་ཐུབ་པ་བྱུང་བ་ནི་རྣམ་ཐར་རྟོགས་བརྗོད་ཀྱི་བརྩམ་བྱ་རྣམས་ལ་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད་པས་ཀྱང་ཤེས་ནུབ་སོ། །                  
             2.འཆར་ཡན་རིང་ལུགས་ཀྱི་སྐོར། གཞུང་འདིའི་རྩ་འཛིན་ནི་རྩོམ་པ་པོའི་རང་སྣང་གི་ཕུགས་བསམ་དང་རྟོག་བཟོ་ཤུགས་ཆེན་བསྲེས་ཏེ་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པར་བྱེད་རྒྱུ་དེ་རེད། ངོ་བོའི་ཐོག་ནས་བཤད་ན“ཕུགས་བསམ་རིང་ལུགས་པ”རང་རེད། རྩོམ་ཐབས་འདིས་མིའི་རང་སྣང་ངམ་རང་ངོས་ཀྱི་འཇིག་རྟེན་བཀོད་འབྲི་བྱེད་རྒྱུ་དེ་ཨང་དང་པོར་འཇོག་གི་ཡོད་པས།   མིའི་སེམས་ཁམས་ཀྱི་བཀོད་འབྲི་བྱེད་རྒྱུ་ནས་འགོ་བརྩམས་ཏེ་མ་འོངས་ན་ཐོན་སྲིད་པ་དང་ཕལ་ཆེར་འབྱུང་ངེས་པའམ་ཐོབ་སྲིད་པའི“སྤྱི་ཚོགས་འཚོ་བའི”ཞིང་ཁམས་བདེ་བ་ཅན་ལྟ་བུ་ཞིག་གསར་སྐྲུན་བྱས་ཏེ། ཚིག་སྦྱོར་མཛེས་ལ་འཇུག་པ། གསོན་ཉམས་དོད་ལ་སྙན་འཇེབས་ལྡན་པ་དག་བེད་སྤྱོད་ཀྱིས་ཕུགས་བསམ་དང་རང་གི་སྟོང་བསམ། ཡ་མཚན་ངོ་མཚར་ཅན་དང་འུད་སྒྲོག་སོགས་མཉམ་བསྲེས་ཀྱི་ཐབས་སྤྱད་དེ་སྒྱུ་རྩལ་གྱི་གཟུགས་བརྙན་གསར་པ་མང་པོ་ཞིག་བཞེངས་སྐྲུན་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་རྩོམ་ཐབས་འདི་ནི་སྒྲོ་སྐུར་དང་རྟོག་བཟོ་ལས་སྣོན་བཅས་བྱེད་རྒྱུ་དེ་ལྟེ་གནས་ཤིག་ལ་འཇོག་པའི་རྩོམ་རིག་གི་རྩོམ་ཐབས་ཤིག་རེད། “འཆར་ཡན་རིང་ལུགས”ཞེས་པའི་ཚིག་འདི་ནི། དུས་རབས་དཀྱིལ་མའི་དུས་སུ་ལ་ཏིང་གི་ཡི་གེ་ནས་འཕེལ་རྒྱས་བྱུང་བའི་ཕལ་སྐད་ཅིག་སྟེ“འཆར་ཡན་གྱི་གཏམ་རྒྱུད་ངོ་མཚར་ཅན”ཞེས། གནའ་བོའི་དུས་རབས་བར་མ་སྟེ། བཀས་བཀོད་རྒྱུད་འཇིན་སྤྱི་ཚོགས་ཀྱི་དུས་རབས་སུ་ཧ་ཅང་དར་ཁྱབ་ཆེ་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་དང་རྟ་ཐོག་དཔའ་རྟུལ་གྱི་ངོ་མཚར་ལོ་རྒྱུས་སམ་རྟོགས་བརྗོད། དེ་བཞིན་གདུང་སེམས་མཚོན་པའི་སྙན་ཚིག་བཅས་ལ་གོ་ཡི་ཡོད། དེས་ཐབས་བརྒྱ་ཇུས་སྟོང་གིས་སྒྲོ་སྐུར་རྟོག་བཟོ་སོགས་སྒྱུ་རྩལ་གྱི་ལས་སྣོན་ཐབས་ལམ་ལ་བརྟེན་ནས་དངོས་ཡོད་འཚོ་བ་ཕྱོགས་ཡོངས་ནས་མཚོན་པ་དང་མཚོན་ཐབས་བྱེད་ཀྱི་ཡོད། ཁོང་ཚོས་རྩོམ་རིག་ནི་དངོས་ཡོད་འཚོ་བར་དཔེ་ལེན་པར་རྒྱག་བྱེད་ཚུལ་གྱི་རྩོམ་ཐབས་རྣམ་པ་ལས་བརྒལ་ཏེ། དངོས་ཡོད་ཀྱི་འཚོ་བ་དེ་མཛེས་སྡུག་ལྡན་པའི་ཕུགས་བསམ་གྱི་ཕྱོགས་ལ་མཐོ་འདེགས་བྱེད་པ་དང་ཕུགས་བསམ་གྱི་མཚོན་ཚུལ་ཞིག་ལ་གྱུར་པ་བྱས་ཡོད། དེར་བརྟེན། རྩོམ་ཐབས་དེ་ནི་དོན་དངོས་ཐོག་ནང་སེམས་ཀྱི་འཇིག་རྟེན་མཚོན་པ་བྱེད་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ལ་འཇོག་པའི་རྩོམ་རིག་གསར་རྩོམ་གྱི་རྩོམ་ཐབས་ཤིག་རེད། ཁོང་ཚོས་ད་དུང་སྒྱུ་རྩལ་ནི་དངོས་ཡོད་ཀྱི་འཚོ་བ་མཚོན་པ་བྱེད་རྒྱུ་དེ་མ་ཡིན་པར་ཕུགས་བསམ་འཚོལ་ཞིབ་བྱེད་རྒྱུ་དེ་རེད་ཅེས་པའི་ལྟ་བ་གསལ་སྟོན་དང་བརྒྱུད་བསྒྲགས་བྱས་ཏེ། གསར་རྩོམ་གྱི་རང་དབང་དང་བརྩེ་གདུང་ལ་མཐོང་ཆེན། རྟོག་བཟོ་ནི་སྒྱུ་རྩལ་ལམ་རྩོམ་རིག་སྒྱུ་རྩལ་གྱི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་དང་། རང་བྱུང་ཁམས་དང་དེའི་དྭངས་གཙང་མཛེས་སྡུག་ལ་བསྟོད་པ་དང་འཇིག་རྟེན་པའི་ཤེས་རིག་དང་འཚོ་བར་སྨད་ར་བྱེད་ཀྱི་ཡོད་དེ། ལུའུ་སོ་ཡིས“རང་བྱུང་ཁམས་ལ་ལོག་འགྲོ”ཞེས་པའི་འབོད་ཚིག་གི་ཤུགས་རྐྱེན་འོག རང་བྱུང་ཁམས་ཀྱི་བཀོད་པ་མཚོན་པར་བྱེད་རྒྱུ་དང་། རང་བྱུང་ཁམས་ལ་བཅངས་པའི་བརྩེ་སེམས་མཚོན་པ་བྱས་ཏེ། རང་བྱུང་ཁམས་ཀྱི་བླ་མེད་མཛེས་པ་དང་འཇིག་རྟེན་པའི་སྐྱུག་བྲོ་བའི་བྱ་སྤྱོད་མཐའ་དག་གཤིབ་བསྡུར་གྱིས་མཐའ་གཅིག་ཏུ་བློ་ཁ་རང་བྱུང་ཁམས་ཀྱི་རང་དབང་མཛེས་སྡུག་སོགས་ལ་ཕྱོགས་པ་སྟེ། དངོས་ཡོད་འཇིག་རྟེན་འཚོ་བར་ཞེན་ལོག་ཡིད་འབྱུང་སྐྱོ་ཤས་དྲག་པོ་སྐྱེས་ཏེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ངེས་འབྱུང་དང་ཐར་ཐབས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། བསམ་བློ་དེ་ནི་སྤྱིར་བོད་ཀྱི་བླ་སྤྲུལ་མཁན་པོ་དགེ་བཤེས་རྣམས་ཀྱི་རྣམ་ཐར་དང་སྒོས་སུ་བོད་ཀྱི་རྩོམ་རིག་བརྩམ་བྱའི་ཐད་ལེགས་སྐྱེས་ཆེ་ཙམ་ཡོད་པའི་བཀའ་བརྒྱུད་པའི་བླ་མ་རྣལ་འབྱོར་པ་རྣམས་ཏེ།    རྗེ་མི་ལ་དང་ཞབས་དཀར་བ། ཤར་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་རྣམ་མགུར་ནང་དེ་བས་གསལ་པོ་ཡོད་པས། ལྟ་བ་དེ་ནི་བོད་ཀྱི་རྩོམ་རིག་བརྩམ་བྱ་སྤྱི་དང་བྱེ་བྲག་རྟོགས་བརྗོད་རྣམ་ཐར་རྩོམ་རིག་གི་ཐོག་མཐའ་བར་གསུམ་དུ་མཐོང་རྒྱུ་ཡོད་པ་མ་ཟད། ཆོས་ལུགས་རྨོངས་དད་ཀྱི་ཚོས་གཞི་འགོས་ཤིང་ཤུགས་རྐྱེན་ཆེན་པོ་ཐེབས་ནས་ཡོད་དེ། དཔལ་དོན་གྲུབ་རྒྱལ་གྱིས“འཆར་ཡན་རིང་ལུགས་ལའང་ཆོས་ལུགས་རྨོངས་དད་ཀྱི་དྲི་མ་མཐུག་པོས་གོས་ཡོད་པ་རེད”ཅེས་གསུངས། མདོར་ན། དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་གཉིས་ལའང་དགེ་མཚན་ཡོད་པའི་ཆ་གཅིག་དང་དགེ་མཚན་མེད་པའི་ཆ་གཅིག་ཡོད་པ་ལས། བོད་ཀྱི་རྩོམ་རིག་སྤྱི་དང་བྱེ་བྲག་རྣམ་ཐར་རྟོགས་བརྗོད་ཀྱི་རྩོམ་རིག་བརྩམ་བྱ་དག་གང་གི་ཁོངས་སུ་འདུ་མིན་ཁ་ཚོན་གཅོད་དཀའ་ཡང་། རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་བསུབ་ཏུ་མེད་པའི་བྱས་འབྲས་བཞག་ཡོད་པ་ནི་དོན་དངོས་བསྒྱུར་ཏུ་མེད་པ་ཞིག་རེད།   
             3.དེ་གཉིས་ཟུང་འབྲེལ་བྱས་པ་རྟོགས་བརྗོད་རྣམ་ཐར་ནང་ནས་ཇི་ལྟར་མཚོན་ཚུལ་གྱི་སྐོར་རྒྱས་པར་བཤད་པ།   
             རིག་པའི་གཞུང་ལུགས་གང་འདྲ་ཞིག་ཡིན་རུང་ཐམས་ཅད་ལག་ལེན་དངོས་ལ་ཕྱོགས་བསྡོམས་དང་ལག་ལེན་དངོས་ཀྱི་ཁྲོད་ནས་བྱུང་བ་ཤ་སྟག་ཡིན་ལ། རིག་པའི་གཞུང་ལུགས་དེ་དོན་དངོས་ཀྱི་དཔྱད་པ་བཟོད་ཐུབ་མིན་དང་བདེན་ཁུངས་ཡོད་མེད་ཀྱང་ལག་ལེན་དངོས་ལ་གཏུགས་ཏེ་དབྱེ་ཞིབ་དང་དཔྱད་བརྗོད་བྱེད་དགོས་ཀྱི་ཡོད་པས། ང་ཚོས་རྩོམ་རིག་གསར་རྩོམ་གྱི་གྲུབ་མཐའ་ཆེན་མོ་འདི་གཉིས་བོད་ཀྱི་རྣམ་ཐར་རྟོགས་བརྗོད་རྩོམ་རིག་ཁྲོད་ནས་ཇི་ལྟར་མཚོན་ཚུལ་ལ་དཔྱད་པ་ཞིག་བྱས་ན་དེ་བས་ཁ་གསལ་གོ་བདེར་འགྲོ་རྒྱུ་རེད། མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱི་ཤེས་རིག་སྤྱི་དང་སྒོས་སུ་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རྒྱས་ལོ་རྒྱུས་ལ་བལྟས་ན། འཛམ་གླིང་མི་རིགས་སུ་འདྲ་ཞིག་གི་ཡང་རྗེས་སུ་ལུས་མེད་ལ་སུ་འདྲ་ཞིག་ལའང་ཡིད་སྨོན་བྱེད་མི་དགོས་པ་ཞིག་ཡོད། དམངས་ཁྲོད་ཀྱི་རྩོམ་རིག་ཡིནའང་འདྲ། རྩོམ་པ་པོའི་རྩོམ་རིག་ཡིནའང་འདྲ། གང་ལྟར་གྲངས་ཚད་དང་སྤུས་ཚད་གང་གི་སྟེང་ནས་ཀྱང་ངོམས་སུ་ཆོག་པ་ཞིག་ཡོད། ལྷག་པར་དུ་ནང་བསྟན་ཆོས་ལུགས་བོད་ལ་ཡོངས་ཁྱབ་ཏུ་དར་བ་ནས་བཟུང་རྟོགས་བརྗོད་རྣམ་ཐར་གྱི་རྩོམ་རིག་དེ་སྐས་རིམ་གསར་པ་ཞིག་དང་ལེའུ་གསར་པ་ཞིག་ལ་སླེབས་ཐུབ་པ་བྱུང་ཡོད། ཆོས་ལུགས་གྲུབ་མཐའ་མི་གཅིག་པའི་བླ་མ་སྤྲུལ་སྐུ་དགེ་བཤེས་ཚོ་དང་ས་བཅད་རང་སྲུང་བྱེད་པའི་མི་དཔོན་སྐུ་དྲག་རྣམས་ཀྱི་མཛད་པ་བྱས་རྗེས་མཚོན་པའི་ལོ་རྒྱུས་ཀྱི་རྩོམ་རིག་སྟེ། རྣམ་ཐར་རྟོགས་བརྗོད་གཉིས་ནི་ཆ་ཤུལ་གྱི་མྱུ་གུ་ཇི་བཞིན་འབུར་དུ་ཐོན་ནས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གྲངས་ཚད་དང་སྤུས་ཚད་གཉིས་ཀ་མདུན་གྲལ་ལ་སླེབས་པ་ཞིག་བྱུང་ཡོད་པ་ནི། མ་མཐར་ཡང་བླ་མ་རེ་ལ་རྣམ་ཐར་རེ་དང་མི་དཔོན་རེ་ལ་རྟོགས་བརྗོད་རེ་ཐོན་ཡོད་པ་ལས་རྟོགས་ཐུབ། དེ་དག་ཐོན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དམིགས་ཡུལ། དགོས་པ་སོགས་མི་འདྲ་བ་རེ་ཡོད་ཀྱང་ཚང་མ་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་གཉིས་ཟུང་འབྲེལ་གྱི་ཐོག་ནས་བརྩམས་པ་ནི། ཐུན་མོང་གི་ཁྱད་ཆོས་གཙོ་བོ་ཞིག་ཆགས་ཡོད།   
             འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པ་དང་ཕ་ཡུལ་བདུད་ཀྱི་བཙོན་རྭ་ཡིན་པ། ཕ་མ་ཉེ་དུས་བཟའ་ཟླ་སོགས་ནི་བཙོན་སྲུང་མེལ་ཚེ་མཁན་དང་བུ་ཕྲུག་ཚ་བོ་རྣམས་ནི། རང་ཉིད་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་སྲོག་རྩ་གཅོད་པའི་སྟ་རེ་དང་འཆིང་ཐག་ཡིན་པའི་ངོས་འཛིན་གྱིས། འཇིག་རྟེན་འཚོ་བར་སྙིང་པོ་མེད་པ་དང་ཚང་མ་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པ། ཕན་ཚུན་དགའ་འཛོམ་འགྲོ་འོང་དང་དྲིན་སྐྱོང་དྲིན་གཟོ་སོགས་ནི་ཁྲལ་ལ་ངོས་འཛིན་པ་སྟེ“བསྐལ་པ་བཟང་པོའི་ཇ་ཆང་དེ། དུས་རབས་ངན་པའི་ཁྲལ་ལ་གྱུར”ཞེས་པ་ལྟར་དང་། འགོ་ཁྲིད་དང་བཅའ་ཁྲིམས་ཡུལ་གོམས་གཤིས་ལུགས་སོགས་ནི། མིའི་རང་དབང་དང་རང་གཤིས་ཀྱི་གཤོག་སྒྲོ་འདོམ་མཁན་གྱི་བྱེད་གཏེ་ཞིག་ཡིན་པར་ངོས་འཛིན་བྱས་ཏེ། ངོ་རྒོལ་དང་རྒྱབ་གཏོད་ཁ་གཏད་ཀྱིས་རང་ཉིད་ཀྱི་ནང་བསམ་བློའི་ངོས་ཆེས་རང་དབང་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཇིག་རྟེན་གསར་པ་ཞིག་བཞེངས་བསྐྲུན་བྱེད་པ་དང་མི་སྒེར་གྱི་རང་སྣང་འཇིག་རྟེན་དང་རང་སྣང་ཕུགས་བསམ་གཉིས་ས་བོན་བྱས་ཏེ། རྩོམ་རིག་གསར་རྩོམ་བྱེད་པ་ནི། རྣམ་ཐར་རྟོགས་བརྗོད་ཚང་མའི་བརྗོད་དོན་གཙོ་བོ་དང་ལྟེ་བར་གྱུར་པའི་བརྗོད་བྱ་ཞིག་ཡིན་པས། དེ་དག་ནི་འཆར་ཡན་རིང་ལུགས་པའི་རྩོམ་རིག་གསར་རྩོམ་བྱེད་པའི་ལྟ་བ་དང་ཡོངས་སུ་མཚུངས་པ་ཞིག་རེད། དཔེར་ན། རྗེ་བཙུན་མི་ལས་རང་གི་ཨ་ནེ་ལ་གླུ་འདི་འདྲ་ཞིག་བླངས་གནང་ཡོད་དེ“རྗེ་བླ་མའི་བཀྲིན་རི་ཁྲོད་འགྲིམ། སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། འཇིག་རྟེན་འཁོར་བ་ལས་ཀྱིས་དུབ། འབགས་ན་ཐར་པའི་སྲོག་རྩ་གཅོད། སྐྱེ་བོའི་སོ་ནམ་སྡིག་པའི་ལས། སྤྱད་ན་ངན་སོང་སྡུག་བསྔལ་མྱོང་། ཉེ་དུའི་གདུང་སེམས་བདུད་ཀྱི་མཁར། བརྩིགས་ན་མེ་འོབས་ནང་དུ་ཚུད། ཟས་ནོར་གྱི་གསོག་འཇོག་མི་ཡི་ནོར། བསགས་ཚད་དགྲ་བོའི་རྒྱགས་ཕྱེ་ཡིན། སྐྱིད་འདོད་ཀྱི་ཇ་ཆང་བཙན་དུག་གི་ཆུ། འཐུངས་ན་ཐར་པའི་སྲོག་རྩ་གཅོད། ཨ་ནེའི་ཞིང་རིན་སེར་སྣའི་རྫས། ཟོས་ན་ཡི་དྭགས་ཀྱི་གནས་སུ་སྐྱེ།   ཨ་ནེའི་ཁ་ཏ་ཞེ་སྡང་གི་ཚིག ་་་་། སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས”ཞེས་པས་གོང་གི་གཞུང་ལུགས་དག་ལ་འགྲེལ་པ་ཁ་གསལ་ཞིག་བྱས་པ་དང་ཡོངས་སུ་མཚུངས་སོ། །རྩོམ་པ་པོའི་བསམ་བློའི་ནང་གསར་སྐྲུན་བྱས་པའི“བདེ་བ་ཅན་གྱི་ཞིང་ཁམས”སམ“འོག་མིན་གྱི་གནས”དེ་དག་མ་གཞི་མཐོང་ཐོས་མྱོང་རེག་བྱེད་དུ་མེད་ཀྱང་དོན་དངོས་འཚོ་བས་རང་གི་འདོད་བློ་དང་དགོས་མཁོ་སྐོང་མ་ཐུབ་པར་སྐྱོ་ཤས་དྲག་པོ་སྐྱེས་ཤིང་། དོན་དངོས་འཚོ་བའི་ནང་དྲང་བདེན་མ་བྱུང་བར་ཡིད་ཆད་དང་བློ་ཕམ་ཆེན་པོ་བྱུང་བའི་མི་རྣམས་ཀྱི་ངོས་ནས་བཤད་ན། འཆར་ཡན་རིང་ལུགས་པའི་རྩོམ་ཐབས་དེར་བློ་འགུག་ཡིད་འདྲེན་གྱི་ནུས་པ་ཆེན་པོ་ཡོད་པ་དང་། མ་མཐོང་ཕྱིར་ན་མེད་པས་མ་ཁྱབ་པའི་གཏན་ཚིགས་རིག་པའི་ལྟ་བའི་ཤུགས་རྐྱེན་འོག“ཞིང་ཁམས”དེ་ནི་བརྟོལ་དཀའ་བའི་གསང་རྒྱ་ཆེན་མོ་ཞིག་ལ་གྱུར་པས། སུས་ཀྱང་ཡོད་མེད་ཡིན་མིན་དང་བདེན་རྫུན་གང་ཡིན་གྱི་ཁ་ཚོན་གཅོད་ཐབས་བྲལ་བས་ཡིད་ཆེས་མ་བྱས་ན་ཡོད་ན་སྙམ། ཡིད་ཆེས་བྱས་ཚེ་མེད་ན་སྙམ་པ་སྟེ། དགེ་འདུན་ཆོས་འཕེལ་གྱིས“དཔྱད་པ་འདི་ལ་ཐུག་པས་མེད་དམ་སྙམ། ལག་པ་ཁབ་ལ་འཕྲད་པས་ཡོད་དམ་སྙམ། མྱོང་བ་མངོན་སུམ་ལགས་པས་ཡིན་ནམ་སྙམ། སྣང་བ་འཁྲུལ་བ་སྲིད་པས་མིན་ནམ་སྙམ”ཞེས་པ་ལྟར་བརྡར་ཤ་གཅོད་མ་ཐུབ་པས་གཞུང་ལུགས་དེའི་རྗེས་འབྲངས་དང་། དེ་ལ་བརྩོན་ཞིབ་དད་གུས་བྱེད་མཁན་ཇེ་མང་དུ་སོང་བ་དང་ཆབས་ཅིག་རྩོམ་རིག་གསར་རྩོམ་གྱི་ཐད་ལའང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།  དཔེར་ན། རྟོགས་བརྗོད་རྣམ་ཐར་ནང་གི་གཙོ་བོའི་མི་སྣ་དག་སྐབས་རེ་ལྷ་དང་། སྐབས་རེ་མི། སྐབས་རེ་ལྷ་ཕྱེད་མི་ཕྱེད་དང་། དེ་བཞིན་མི་ཕྱེད་འདྲེ་ཕྱེད་ཀྱི་གཟུགས་བརྙན་དུ་བཀོད་པ་དང་། སྐབས་རེ་སངས་རྒྱས་བྱང་སེམས་དང་། སྐབས་རེ་སྡིག་ཅན་དང་འཇིག་རྟེན་ཕལ་པ་བའི་གཟུགས་སུ་ཐོན་ཞིང་མི་སྣ་དེ་དག་འཚོ་བའི་ཁོར་ཡུག་ཀྱང་སྐབས་རེ“བདེ་བ་ཅན་གྱི་ཞིང་ཁམས”དང་སྐབས་རེ“ལྷ་ཡུལ”སྐབས་རེ་མི་ཡུལ། སྐབས་རེ“དམྱལ་བ”སོགས་ཀྱི་ཚུལ་དུ་བཀོད་དེ་དངོས་ཡོད་འཚོ་བའི་ནང་གི་མི་སྣ་དང་སྤྱི་ཚོགས་ལ་ངོ་མཚར་ཡ་མཚན་ཅན་གྱི་སེང་རས་མཛེས་སྡུག་ཡིད་དབང་འཕྲོག་པས་བཏུམས་ནས།   རྩོམ་རིག་གསར་རྩོམ་གྱི་ཐད་ཀུན་ཡིད་འཕྲོག་ཅིང་བློ་འགུག་ཐུབ་པའི་ཕན་འབྲས་བཟང་པོ་ཞིག་ཐོན་རྐྱེན། འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་དེ་ལ་གསོན་ཤུགས་གསར་པ་སྤྲད་པ་དང་། སྒྱུ་རྩལ་གྱི་ཚད་གཞི་དེ་སྐས་རིམ་གསར་པ་ཞིག་ལ་སླེབས་ཐུབ་པ་བྱུང་ཡོད། རིག་པའི་གཞུང་ལུགས་མཐའ་དག་ནི་ལག་ལེན་དངོས་ལ་ཕྱོགས་བསྡོམས་བྱས་ཏེ་བྱུང་བ་དང་ཕྱིས་དེས་ལག་ལེན་དངོས་ལ་སྣེ་ཁྲིད་བཀོད་འདོམས་དང་ལམ་སྟོན་བྱས་ཏེ། ལག་ལེན་དངོས་ལ་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱོར་གྱི་ཡོད་ཀྱང་། རང་རེ་བོད་ཁ་བ་ཅན་པའི་མི་རིགས་འདིས་མི་ལོ་སྟོང་ཕྲག་གི་སྔོན་ནས་རྩོམ་རིག་གསར་རྩོམ་གྱི་ཐབས་ཤེས་དེ་གཉིས་བེད་སྤྱོད་བྱས་ཏེ། བརྩམ་བྱ་ཕུལ་དུ་བྱུང་བ་མང་པོ་སྤེལ་ཡོད་ཀྱང་དེ་དག་ལ་ཕྱོགས་བསྡོམས་ཀྱིས་རིག་པའི་གཞུང་ལུགས་ཤིག་ཆགས་ཐུབ་མེད་པ་ནི་ཅུང་ཟད་ཡིད་ཕམ་དགོས་ལ། ཕྱིས་འབྱུང་གི་མི་ཚོས་འདང་རྒྱག་བྱེད་འོས་པ་ཞིག་ཀྱང་རེད། ལག་ལེན་དངོས་ནི་རྒྱུའམ་ས་བོན་དང་རིག་པའི་གཞུང་ལུགས་ནི་འབྲས་བུ་ཞིག་ལགས་པས། རང་རེའི་མི་རིགས་ལ་དེ་འདྲའི་རྒྱུའམ་ས་བོན་ནི་གནའ་སྔ་མོའི་དུས་ནས་ཡོད་པ་ཞིག་ཡིན། དཔེར་ན། སྤུར་རྒྱལ་བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་བྱོན་ཚུལ་ནས་བྱས་ཏེ་བཅིངས་འགྲོལ་མ་བཏང་བར་གྱི་བོད་མི་རིགས་ཀྱི་རིག་གནས་ལོ་རྒྱུས་དང་བསམ་བློ་ཐོན་སྐྱེད། ངལ་རྩོལ། ཁྱིམ་གཞི་འཛུགས་སྐྲུན་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་མཁན་གྱི་གྲགས་ཅན་མི་སྣའི་ལོ་རྒྱུས་དང་རྣམ་ཐར་རྟོགས་བརྗོད་སོགས་དང་། བོད་མིའི་བྱུང་ཚུལ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་སོགས་ཀྱི་བར། དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཟུང་འབྲེལ་གྱི་ཐོག་ནས་མ་བཤད་པ་རྩ་བའི་ཆ་ནས་མཐོང་རྒྱུ་མེད་པས།   རྩོམ་རིག་གསར་རྩོམ་གྱི་རྩོམ་ཐབས་དེ་གཉིས་ཀྱི་ཆུ་རྒྱུན་ནི་ཡར་ཀླུང་གཙང་པོའི་རྒྱུན་བཞིན་ཆད་མྱོང་བ་ཞིག་མ་རེད། །སྔར་ཡོད་ཀྱི་རྩོམ་ཐབས་དེ་གཉིས་ཀྱི་རྨང་གཞིའི་སྟེང་ནང་པ་སངས་རྒྱས་པའི་ཆོས་ལུགས་བོད་ལ་དར་བས།   རྩོམ་ཐབས་དེ་གཉིས་སླར་ཡང་ཚད་གཞི་གསར་པ་ཞིག་ལ་འཕུར་མཆོངས་ཀྱིས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གར་སྟེགས་ཐོག་ལེའུ་གསར་པ་ཞིག་འཁྲབ་འགོ་ཚུགས་པ་སྟེ། ང་ཚོས་དཔེ་འགའ་ཞིག་དྲངས་ཏེ་གསལ་བཤད་ཅིག་ཞུས་ན་གནད་དོན་དེ་ཆུ་དྭངས་ཉ་གསལ་གྱི་ཚུལ་དུ་འགྲོ་རྒྱུ་རེད། དཔེར་ན། 《རྗེ་བཙུན་ཏི་ལོ་པའི་རྣམ་ཐར》ནང་ཁོང་ཡུམ་གྱི་ལྷུམས་ནས་འཁྲུངས་སྐབས་ཀྱི་གནས་ཚུལ་འདི་ལྟར་བཀོད་ཡོད“ས་ཕོ་བྱི་བའི་ལོ་གསར་རྒྱལ་གྱི་ཟླ་བའི་ཚེས་གཉིས་ཀྱི་ཐོ་རངས་ཀྱི་ཆ་ལ་སྐུ་འཁྲུངས་སོ”ཞེས་དང་ཡང་“ངོ་མཚར་མཆོག་ཏུ་གྱུར་པའི་ལྟས་འབུར་དུ་དོད་པ་ལ། མིའི་འཇིག་རྟེན་འོག་མིན་མན་ཆད་ཀྱི་ས་ཐམས་ཅད་རབ་ཏུ་གཡོས། འཇིག་རྟེན་ཀུན་ཏུ་མེ་ཏོག་གི་ཆར་བབས། སྟེང་གི་ནམ་མཁའ་ལ་འཇའ་འོད་ཀྱི་གུར་ཕུབ་པ། གདུགས། རྒྱལ་མཚན། བ་དན་ལ་སོགས་པ་མདུན་གྱི་ནམ་མཁའ་ལ་མངོན་སུམ་དུ་འཕྱར་བ་སྐྱེ་བོ་ཕལ་གྱི་མིག་ཡུལ་དུ་གྱུར་པ་ལས”ཞེས་སོགས་བཀོད་ཡོད། ང་ཚོས་སྔ་རྗེས་ཀྱི་ཚིག་དུམ་གཉིས་པོ་དེ་ལས་།སྔ་མ་ནི། དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་དེ་བྲིས་པ་ཞིག་དང་ཕྱི་མ་ནི་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་ཐོག་ནས་བྲིས་པ་མཐོང་ཐུབ་སྟེ། སྔ་མས་རྗེ་བཙུན་ཏི་ལོ་པ་ཉིད་འཁྲུངས་བའི་ལོ་ཟླ་ཚེས་དང་དུས་ཀྱི་སྔ་ཕྱི་སོགས་ཇི་བཞིན་བསྟན་པ་དང་ཕྱི་མས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ཆོས་ཉིད་ལས་འདས་པའི་སྣང་ཚུལ་མང་པོ་ཞིག     རང་སྣང་གི་ཕུགས་བསམ་ཐོག་ནས་བཀོད་ཡོད། དེ་བཞིན《དཔལ་ནཱ་རོ་བའི་རྣམ་ཐར》དུ་ཁོང་ཉིད་སྐུ་འཁྲུངས་སྐབས“ཟླ་བ་དགུ་ངོ་བཅུ་ལྷུམས་སུ་བཞུགས་ནས་མེ་ཕོ་འབྲུག་ལོ་ཧོར་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་བར་སྣང་དུ་འབྲུག་གི་སྒྲ་སྒྲོག་པ་འོག་གི་ས་གཡོ་བ། འོད་འཕྲོ་བ་དང་བཅས་ཏེ། ངོ་མཚར་བའི་ལྟས། དབུ་གདུགས་འདྲ་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་རིང་བ། ཤངས་གཟེངས་མཐོ་བ། ཕྱག་ཞབས་འཁོར་ལོས་མཚན་པ་གཅིག་འཁྲུངས་ནས།   བྱང་གི་ཕྱོགས་སུ་ཞལ་བསྟན་ནས་དབུ་གུག་གུག་པ་ལན་གསུམ་མཛད་དེ། དེ་ནི་བྱང་ཕྱོགས་ཁ་བ་ཅན་གྱི་སེམས་ཅན་རྣམས་གདུལ་བྱ་ཡིན་པའི་བརྡ་རུ་གོ”ཞེས་སོགས་དང་། ཁོང་སྐུ་ཞིང་ལ་ཕེབས་སྐབས“ལྷའི་རོལ་མོའི་སྒྲ་དང་འོད་ཟེར་ཁ་དོག་ལྔའི་འཕྲོ་འདུ་དང་། འཇའ་ཚོན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་ནས། འཇའ་ལུས་བརྙེས་པའི་སྐུ་དེ་ཡང་ཇེ་ཆུང་དང་ཇེ་ཕྲ་ལ་སོང་སྟེ། མཐར་མཁའ་ལ་འཇལ་ལྟར་ཡལ་ནས། ཨཱ་ཞེས་པའི་གསུང་སྐད་ཅིག་གི་རང་ངོར་རྫོགས་སོགས”ཞེས་དང་། ཡང་《འབྲུག་པ་ཀུན་ལེགས་ཀྱི་རང་རྣམ》དུ་རང་ཉིད་ཀྱི་འཁྲུངས་ཡུལ་འཁྲུངས་ཚུལ་འཁྲུངས་དུས་སོགས་ཀྱི་སྐབས་ཡུལ་གཙང་རོང་གཉིས་ཀྱི་ཅོད་པཎ“ས་གཞི་ཤིན་ཏུ་གྲང་ཞིང་དབྱར་ཡིན་ན་ཉམས་དགའ་ལ། དགུན་ཡིན་ན་ཡིད་མུག་པ། མི་རྣམས་རྡོ་རྗེ་འཆང་དང་སྐུ་མདོག་གཅིག་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཧ་བོ་གང་བ་བཟང་པོས་བསྐྱངས་པས། བཟའ་བ་དང་བཏུང་བས་ཉོན་མོངས་པའི་འབྲོག་སྡེ་ཆེན་པོ་ཞིག་གི་ཁྲོད་ན། ཁྱད་པར་དུ་གྱུར་པའི་འབྲོག་པ་རང་བཞིན་གྱིས་ཆོས་ལ་དཀར་བ་སྡིག་སྟོབས་ཆུང་བའི་རྒྱ་ཟུར་པོ་ཚབ་པེ་དང་ཡུམ་མ་ས་དར་སྐྱིད་ཀྱི་སྲས་སུ་སྐུ་འཁྲུངས”ཞེས་དང་། 《རྗེ་བཙུན་མི་ལའི་རྣམ་ཐར》ནང་རྗེ་བཙུན་སྐུ་བལྟམས་སྐབས“དེ་ནས་སྐབས་ཤིག་གི་ཚེ་མྱང་ཚ་དཀར་རྒྱན་སྦྲུམ་དང་ལྡན་པར་གྱུར་ནས། མི་ལ་ཤེས་རབ་རྒྱལ་མཚན་ལྷོ་རྫས་མང་པོ་ཁྱེརཏེ། བྱང་སྟག་རྩེའི་ཕྱོགས་སུ་ཚོང་ལ་སོང་ནས་ཡུན་རིང་འགོར་བའི་ཚེ།   ཆུ་ཕོ་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉེར་ལྔ་སྐར་མ་རྒྱལ་བ་ལ་བབ་པའི་ཉིན། ཨ་མ་ལ་ང་སྐྱེས་པས་ཡབ་ཀྱི་སར་བང་ཆེན་བརྫངས་ཏེ། འདིར་སྟོན་ལས་ཀྱང་ཐུག       ང་ལ་བུ་ཞིག་ཀྱང་སྐྱེས་པས། ང་ལ་མིང་འདོགས་པ་དང་མིང་སྟོན་བྱེད་པ་ལ་མྱུར་དུ་ཤོག་བ་བའི་ཡི་གེ་བསྐུར་བ་བང་ཆེན་པས་ཀྱང་ཡབ་ལ་སྤྲད”ཅེས་བཀོད་ཡོད། དེ་དག་ལས་ང་ཚོས་མཐོང་ཐུབ་པ་ནི། ཐབས་མཁས་ཀྱི་སྒོ་ནས་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཟུང་འབྲེལ་བྱས་པའི་དགེ་མཚན་དེ་དག་རེད། ཏི་ལོ་པ་དང་ནཱ་རོ་པ། འབྲུག་པ་ཀུན་ལེགས། རྗེ་བཙུན་མི་ལ་རས་པ་སོགས་འཁྲུངས་དུས་འཁྲུངས་ལོ་འཁྲུངས་ཡུལ་དང་ཡབ་ཡུམ་རིགས་རུས་སོགས་ཀྱི་ཐད་སྒྲོ་སྐུར་གྱི་དྲི་མ་ཅུང་ཟད་ཙམ་ཡང་མེད་པར་དེ་ལས་ལྡོག་སྟེ།     བོད་ལྗོངས་ས་མཐོའི་སྟེང་གི་ཐུན་མོང་མ་ཡིན་པའི་འཚོ་བའི་དྲི་མ་སྟེ། ལྕི་བ་མེ་ལ་བསྲེག་པའི་དུ་དྲི་དང་མར་དྲི་རྩམ་དྲི་གསུམ་འཐུལ་ཡོང་བ་ནི། བོད་ཀྱི་ཚོགས་ཀྱི་འཚོ་བ་དངོས་ལ་བསྟུན་ནས་བྲིས་པ་ཤེས་ཐུབ། དེ་ཡང་། དཔེར་ན།   འབྲུག་པ་ཀུན་ལེགས་ནི་ཡུལ་ས་མཐོ་གྲང་ངར་ཆེ་ཞིང་འཚོ་བ་ཞན་རྐྱེན། ལུས་ཤ་སྐམ་ལ་རིད་པ་ཉི་ཟེར་རླུང་རྣམས་འཐབ་ནས་ཡུལ་དེའི་མི་རྣམས་ཀྱི་གདོང་མདོག་སྔོ་ནག་ཡིན་པ་སོགས་ནི། ས་མཐོའི་ཡུལ་དུ་འཚོ་བའི་མི་རྣམས་ཀྱི་གནས་ལུགས་ངོ་མ་ཡིན་པ་དང་། ཡང་རྗེ་བཙུན་ནི་ཕ་ཁྱིམ་དུ་མེད་ཅིང་སྟོན་བསྡུའི་ལས་བྲེལ་ཆེ་བའི་སྒང་ཞིག་ལ་འཁྲུངས་པར་བཀོད་པ་ནི། ལས་ལ་བརྩོན་པའི་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་པས། དེ་ལས་དངོས་ཡོད་རིང་ལུགས་ཀྱི་ཆ་མང་པོ་ཞིག་མཐོང་ཐུབ་ལ། ཡང་ཏི་ལོ་དང་ནཱ་རོ་གཉིས་ཀྱི་འཁྲུངས་འདས་ཀྱི་སྐབས་ས་གཡོས་ཤིང་མེ་ཏོག་གི་ཆར་བབས་པ་འཇའ་གུར་ཕུབ་ཅིང་ལྷ་དང་ལྷ་མོས་རོལ་མོ་དཀྲོལ་བ་སྐུ་འཇའ་ལུས་སུ་གྱུར་ཏེ་མཐའ་མ་ཕུང་པོ་ལྷག་མ་མེད་པར་གྱུར་བ་སོགས་ནི། ང་ཚོ་འཇིག་རྟེན་པའམ་འཇིག་རྟེན་ཕལ་པ་བའི་བསམ་ཚོད་ཀྱི་ཡུལ་ལས་བརྒལ་བ་དང་འཚོ་བའི་ཆོས་ཉིད་དངོས་ལས་རིང་དུ་གྱུར་ནས་བློར་ཆུབ་དཀའ་བ་སྟེ། འཚོ་བ་དངོས་ལ་རང་སྣང་དང་ཕུགས་བསམ་གྱི་རྟོག་བཟོ་མང་པོ་ཞིག་བྱས་ཏེ་མཚོན་པར་བྱས་པ་ལས། ང་ཚོས་འཆར་ཡན་རིང་ལུགས་ཀྱི་ཆ་ངེས་ཅན་ལྡན་པ་ཞིག་མཐོང་ཐུབ། དེ་དག་ནི་ང་ཚོའི་ངོས་ནས་བཤད་ན་ཕུགས་བསམ་ཙམ་དང་སྟོང་བསམ་ཙམ་ཞིག་ཀྱང་རེད། འོན་ཀྱང་དེ་འདྲའི་རྩོམ་ཐབས་དེས་ང་ཚོར་སྤྱད་ན་རྫོགས་མཐའ་མེད་པའི་བསམ་བློའི་ལོངས་སྤྱོད་ཆེན་པོ་ཞིག་དངོས་ཤུགས་ཅི་རིགས་ནས་སྤྲད་ཡོད་པས། དོན་དངོས་ཐོག་དེ་ནི་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཟུང་འབྲེལ་བྱས་པའི་རྩོམ་ཐབས་ཀྱི་ངོ་མཚར་དགེ་མཚན་མངོན་པ་ཞིག་རང་རེད།  
    གསུམ་པ། མཇུག་བསྡུའི་གཏམ།   
             རང་རེའི་བོད་ཀྱི་རྣམ་ཐར་རྟོགས་བརྗོད་འཕེལ་རྒྱས་ལོ་རྒྱུས་ལ་ཕྱི་མིག་དང་རྒྱང་བལྟ་ཞིག་བྱས་ན་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་པ་དང་དེ་གཉིས་ཀྱི་བསམ་བློ་ལྡན་པའི་བརྩམ་བྱ་ཤ་སྟག་ཡིན་ཏེ། བཙན་པོ་རིམ་བྱོན་དང་བླ་མ། སྤྲུལ་སྐུ། མཁན་པོ། དགེ་བཤེས།མི་དཔོན་སྐུ་དྲག་སུ་འདྲ་ཞིག་གི་ལོ་རྒྱུས་ཡིན་རུང་ཚང་མ་སོ་སོ་བྱོན་པའི་དུས་རབས་མི་འདྲ་བ་སོ་སོའི་བོད་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་གཞིར་བཞག་ནས། འཆར་ཡན་རིང་ལུགས་ཀྱི་ངོ་མཚར་ཉམས་འདོན་ལུགས་འདོན་ཚུལ་དག་ལ་བརྟེན་ནས་གསར་རྩོམ་བྱས་པ་ཤ་སྟག་རེད། དེ་འདྲའི་ངོ་མཚར་ཅན་གྱི་གསར་རྩོམ་གྱི་ཐབས་ཤེས་འདི་ལ་རླབས་པོ་ཆེའི་སྒྱུ་རྩལ་གྱི་ཕན་འབྲས་ཐོན་ཡོད་པའང་ང་ཚོ་ཀུན་གྱི་མཐོང་ཆོས་མྱོང་དུ་ཡོད་པ་ཞིག་རེད། འོ་ན་གསར་རྩོམ་གྱི་བྱེད་ཐབས་དེ་འདྲ་ཞིག་ལྷུན་གྱིས་གྲུབ་པ་རེད་དམ་ཞེ་ན། དེ་ཡང་མིན་ལ། དུས་ཡུན་ཐུང་ཐུང་ཞིག་གི་ནང་སྐྱེ་བོ་ཕུལ་དུ་བྱུང་བ་བློ་གྲོས་ཀྱི་འཇུག་པ་ཡངས་བ་ཞིག་གིས་གཏན་འཁེལ་གསར་གཏོད་བྱས་པ་ཞིག་ཀྱང་དེ་བས་མིན།  གསར་རྩོམ་གྱི་བྱེད་ཐབས་ཤིག་སྔར་མེད་གསར་བྱུང་དང་ཕྱིས་སུ་ཕུན་སུམ་ཇེ་ཚོགས་ལ་གྱུར་བ་དང་ཆ་ཡོངས་ནས་འཕེལ་རྒྱས་འགྲོ་བ་ནི། རྩོམ་རིག་ལག་ལེན་གྱི་ཉམས་མྱོང་ཐམས་ཅད་ལ་དུས་ཡུན་རིང་པོར་སྤྱི་བསྡོམས་བྱེད་དགོས་པ་དང་། སྒྱུ་རྩལ་མཁན་དང་རྩོམ་པ་པོ། མི་དམངས་ཐུན་མོང་གི་བློ་གྲོས་སོགས་བགྲང་ལས་འདས་པའི་ཕུལ་བྱུང་སྐྱེ་བོའི་ཧུར་བརྩོན་ཆེན་པོའི་ངལ་བ་ལ་བརྟེན་དགོས་པ་མ་ཟད། ད་དུང་མི་རིགས་དེ་གའི་སྲོལ་རྒྱུན་གྱི་རིག་གནས་དང་ཡུལ་གོམས་གཤིས་ལུགས་བསམ་བློའི་འདུ་ཤེས་དང་འཁྱེར་སོ་སོགས། འཇིག་རྟེན་གྱི་ལྟ་བ་དང་མཛེས་དཔྱོད། རིན་ཐང་། མི་ཚེ་སོགས་ཀྱི་ལྟ་བ་དེ་བཞིན་སྲོལ་རྒྱུན་གྱི་རྩོམ་རིག་དང་རྩོམ་པ་པོས་སྒྱུ་རྩལ་གྱི་ཆུ་ཚད་སོགས་ཕྱོགས་གང་ས་ཅི་ཐད་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད། མདོར་ན་གསར་རྩོམ་གྱི་བྱེད་ཐབས་གསར་པ་ཤིག་ཆགས་པ་བྱེད་དགོས་ན། མི་རབས་ནས་མི་རབས་བར་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པ་ཞིག་རེད། ང་ཚོའི་བོད་ཀྱི་རྣམ་ཐར་རྟོགས་བརྗོད་ཀྱང་། རྩོམ་རིག་སྒྱུ་རྩལ་གྱི་ཚད་གཞི་ཐོན་པོ་དེ་ཙམ་ལ་སླེབས་ཐུབ་པ་བྱུང་བ་ཡང་གཙང་སྨྱོན་དང་མདོ་མཁར་བ་སོགས་མི་ག་གེ་མོ་ཞིག་ཁོ་ནའི་བློ་གྲོས་ཙམ་མ་ཡིན་པར། མི་ལོ་སྟོང་ཕྲག་བཞི་ལྔའི་སྔོན་ནས། ཞིང་ས་གཤིན་པོ་སློག་པ་དང་ས་བོན་དྲི་མ་མེད་པ་བཏབ་པ། དེ་ལའང་དུས་རབས་མི་འདྲ་བའི་སྐྱེ་བུ་མང་པོའི་བློ་གྲོས་ཀྱི་ཆུ་ལུད་སྦྱར་བ་དང་ཕྱི་ནང་གི་མཐུན་རྐྱེན་ཚང་འཛོམས་བྱུང་རྗེས། ད་གཟོད་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པའི་རྣམ་ཐར་རྟོགས་བརྗོད་ཀྱི་བརྩམ་བྱ་ཕུལ་དུ་བྱུང་བ་གྲངས་ལས་འདས་པ་དེ་དག་གི་འབྲས་བུ་ཡོངས་སུ་སྨིན་ཐུབ་པ་བྱུང་བ་རེད།   
             དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་གཉིས་ལ་བྱེ་བྲག་གི་དབྱེ་བ། དགེ་མཚན་ཡོད་མེད་སྟེང་ནས་ཕྱེ་སྟེ་འདྲེན་སྲོལ་ཡོད་ཀྱང་བོད་ཀྱི་རྟོགས་བརྗོད་རྣམ་ཐར་ནི་དེ་འདྲའི་གུ་དོག་པའི་རྐང་ལམ་ཕྲ་མོའི་སྟེང་རིག་འདེད་བྱས་ཏེ་རྩོམ་རིག་གསར་རྩོམ་གྱི་རོང་ས་ཞིག་ལ་སྐྱེལབའི་དགོས་པ་མ་མཐོང་བས། དེ་གཉིས་གང་གི་ཁོངས་སུ་འདུ་མིན་ལ་རེ་ཞིག་དཔྱད་པ་མ་བཏང་བས་དེའི་དབང་གིས་སྐྱོན་ཆ་ཐོན་ཚེ་གཟུར་གནས་བློ་ལྡན་རྣམས་ནས་རིན་བྲལ་དགོངས་འཆར་ཁ་བབས་རྣམ་བཞིའི་རྒྱུན་བཞིན་སྤེལ་གནང་མཁྱེན་ཞུའོ། །
དཔྱད་གཞིའི་ཡིག་ཆ།
             1.རུས་པའི་རྒྱན་ཅན། 《མི་ལ་རས་པའི་རྣམ་མགུར།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981.4
             2.རིན་ཆེན་རྣམ་རྒྱལ་དང་གུ་རུ་ཧོ་ཙྪ 《རྗེ་བཙུན་ཏི་ལོ་པའི་རྣམ་མགུར་དང་དཔལ་ནཱ་རོ་པའི་རྣམ་ཐར་བསྡུས་པ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992.10
             3.《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1992. 11  
             4.《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།》(པོད་གསུམ་པ)མི་རིགས་དཔེ་སྐྲུན་ཁང་།1997. 11
             5.《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
             6.ལྷག་པ་ཆོས་འཕེལ། 《བོད་ཀྱི་རྩོམ་རིག་ལོ་རྒྱུས།》(གནའ་རབ་སྡེ་ཚན)བོད་ལྗོངས་སློབ་གྲྭ་ཆེན་མོ།
             7.སྟོབས་རྒྱལ། 《བོད་ཀྱི་རྩོམ་རིག་སྤྱི་འཇུག་རིག་པ།》བོད་ལྗོངས་སློབ་གྲྭ་ཆེན་མོ།
             8.ཀུན་དགས་བསྒྱུར་བའི་《ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ།》(སྟོད་སྨད་གཉིས)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2000.2
             9.《བོད་ལྗོངས་ཞིབ་འཇུག》1990.4པར་བསོད་བློས་བརྩམས་པའི《མི་ལ་རས་པའི་རྣམ་ཐར་》དང་《ཞབས་དཀར་བའི་རྣམ་ཐར་》གཉིས་བསྡུར་ནས་རགས་ཙམ་དཔྱད་པ།