ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

གཞིས་རྩེའི་བུ་འདིར་ཚེ་སྲོག་གཉིས་པ་གནང་མཁན་ཧུའུ་པེ་བ་རེད་འདུག

བརྩེ་བའི་བརྒྱུད་སྤྲོད། རླབས་ཆེའི་སྦྱིན་པ།

སྤེལ་དུས 2021-09-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཁོང་ཚོའི་བར་ན་སྤྱི་ལེ་3200ཡིས་བཅད་ཀྱང་། མཁལ་མ་གཅིག་གིས་གཞོན་ནུ་གཉིས་ཀྱི་ཚེ་སྲོག་སྦྲེལ་མཐུད་བྱས་ཡོད། ལོ་16ཡིན་པའི་ཧུའུ་པེའི་བུ་ཆུང་དེ་ཚེ་ལས་འདས་ཀྱང་ཁོང་གིས་རང་གི་ན་ཟླ་བོད་རིགས་ལོ་ཆུང་ཞིག་བསྐྱབས་ཡོད།

ལོ་16ཡིན་པའི་ལིའང་ལིའང་།
          ད་ལོའི་ཟླ་བདུན་པར། ལོ་16ཡིན་པའི་ན་གཞོན་ལིའང་ལིའང་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་རེད། སྨན་དོན་མི་སྣས་སྨན་བཅོས་བྱེད་ཐབས་མི་འདུག་ཅེས་བརྡར་ཤ་བཅད་མོད་ཕ་མ་གཉིས་ཀྱིས་བློས་གཏོང་མ་འདོད་པར་བུ་ཕྲུག་དྲག་སྐྱེད་ཡོང་རྒྱུར་རེ་སྒུག་བྱེད། ཡིན་འང་ལིའང་ལིའང་གི་ནད་རྟགས་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད།
           ང་ཚོས་བུའི་ཚེ་སྲོག་འདི་རྣམ་པ་གཞན་ཞིག་གི་ཐོག་ནས་འཇིག་རྟེན་ཏུ་འཚོ་ཐུབ་པའི་རེ་བ་ཡོད་དམ་ཞེས་སྡུག་བསྔལ་ནང་ལུས་པའི་ཕ་མ་གཉིས་ཀྱིས་དབང་བོ་ཞལ་འདེབས་འབུལ་ས་དང་འབྲེལ་བ་བྱས། མཐར་རྒྱ་གྲམ་དམར་པོ་ཚོགས་པའི་མིའི་དབང་པོ་ཞལ་འདེབས་འབུལ་སའི་མཐུན་སྦྱོར་བ་རྣམས་ཀྱི་དཔང་པོའི་འོག་བུ་ཆུང་གི་མཆིན་པ་1དང་མཁལ་མ་2ཞལ་འདེབས་སུ་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
 ལོ་16ཡིན་པའི་བསྟན་འཛིན།
          ཧུའུ་པེ་དང་བར་ཐག་སྤྱི་ལེ་3200ཡོད་པའི་གཞིས་རྩེ་གྲོང་ཁྱེར་དུ་ལིའང་ལིའང་དང་ལོ་ན་མཉམ་པའི་བུ་ཆུང་བསྟན་འཛིན་ལ་གཅིན་དུག་ཕོག་ཡོད། འདས་སོང་གི་ལོ་ངོ་6རིང་ནང་མི་ཚོས་ཁོང་ཉིད་ཁྲིད་དེ་ཕྱོགས་བཞིར་སྨན་བཅོས་བྱེད་པར་བསྐྱོད་ཀྱང་གཟུགས་གཞི་དང་འཕྲོད་པའི་མཁལ་མའི་འབྱུང་ཁུངས་གཅིག་ཀྱང་རག་མེད།
          ཟླ་བ་གཅིག་གི་གོང་དུ་ཁོང་ཚོས་ཏུང་ཧྥེང་སྨན་ཁང་གིས་མཁལ་མ་བརྗེ་བའི་གཤགས་བཅོས་བྱེད་ཐུབ་པ་ཤེས་རྗེས་ལམ་སེང་ཧྲི་ཡན་གྲོང་ཁྱེར་དུ་ཡོང་ནས་ཐོ་འགོད་བྱས་ཡོད། ཟླ་7ཚེས་31ཉིན་ད་དུང་ཁྱིམ་དུ་ཡོད་པའི་བསྟན་འཛིན་ལ་ཁ་པར་འབྱོར་ནས་ཁོང་གི་གཟུགས་གཞི་དང་འཕྲོད་པའི་མཁལ་མ་རག་བྱུང་། གང་མགྱོགས་སྨན་ཁང་དུ་ཡོང་ནས་གཤགས་བཅོས་བྱེད་དགོས་པའི་བརྡ་འབྱོར།
          ཟླ་8ཚེས་1ཉིན་གྱི་ཆུ་ཚོད་11ཡས་མས་སུ་བསྟན་འཛིན་གནམ་གྲུ་ནས་བབས་མ་ཐག་ཐད་ཀར་ཏུང་ཧྥེང་སྨན་ཁང་གི་གཤགས་བཅོས་ཁང་དུ་བསྐྱལ་བ་རེད། ཉིན་དེའི་ཉིན་གུང་སྨན་ཁང་གི་དབང་པོ་སྤོར་འཛུགས་ཁོའོ་ཡི་ཀྲུའུ་རེན་ཀའོ་ཞའོ་ཅུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་བསྟན་འཛིན་ལ་མཁལ་མ་བརྗེ་བའི་གཤགས་བཅོས་བྱས་པ་རེད།

          ཀའོ་ཞའོ་ཅུན་གྱིས་ད་ཐེངས་ཀྱི་གཤགས་བཅོས་དཔེ་མི་སྲིད་པར་ལེགས་འགྲུབ་བྱུང་སོང་། གཤགས་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་ཡོང་གིན་འདུག ལིའང་ལིའང་གི་རླབས་ཆེའི་བྱ་སྤྱོད་འདིས་བོད་རིགས་བུ་ཆུང་བསྟན་འཛིན་གྱི་ལས་དབང་བསྒྱུར་སོང་། འདི་ནི་དངོས་གནས་དགའ་འོས་པ་ཞིག་རེད་ཅེས་གསུངས་འདུག
          བཀའ་དྲིན་ཞུ་ཆེད་བསྟན་འཛིན་གྱི་གཅེན་པོས་བོད་ལྗོངས་ནས་ཁ་བཏགས་20མངགས་ཉོ་བྱས་ཡོད་པ་དང་། སྨན་ཁང་ནས་དོན་པའི་ཉིན་དེར་ཁོང་གིས་གཅུང་པོ་འཁྲིད་དེ་ཚན་ཁག་ཡོངས་ཀྱི་སྨན་དོན་མི་སྣར་མཇལ་དར་དཀར་པོ་ཕུལ་པ་དང་། བསྟན་འཛིན་གྱིས་ངས་མཁལ་མ་ཞལ་འདེབས་འབུལ་མཁན་ལིའང་ལིའང་དང་ཁོང་གི་ཁྱིམ་མི་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱེད་ཚོས་ངར་ཚེ་སྲོག་གཉིས་པ་གནང་བ་ངས་བརྗེད་མི་སྲིད། དེ་བཞིན་སྨན་དོན་མི་སྣ་ཚོས་ཐུགས་ཁུར་དང་ལྟ་རྟོག་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ལག་པ་གཉིས་ཀ་སྙིང་དུ་སྦྱར་ནས་བཤད་འདུག
རྩོམ་སྒྲིག་པ། བདེ་སྒྲོལ།