ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“ཞི་བདེའི་བྱ་རྒོད”སླར་ཡང་ རྡོག་ཐོན་བྱས་པ།

སྤེལ་དུས 2021-10-19 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         2019ལོའི་ཟླ་8ཚེས་20ཉིན་གྱི་ཞོགས་པ་ཆར་པ་སིམ་སིམ་ཞིག་བར་མེད་དུ་བབས་ཀྱང་ང་ཚོའི་རྡོག་ཐོན་གྱི་སྤྲོ་སེམས་འགོག་ཐབས་བྲལ། “འཐབ་གོས་སྔོན་པོ་གྱོན་པའི་རྒོད་པོ་ང་ཚོ། འགན་འཁྲི་སྒྲུབ་པར་འཕུར། བདག་འཛིན་གྱི་བློ་རིང་དུ་སྤངས་ནས། མེས་རྒྱལ་ཆེད་དུ་འབད་དོ”ཞེས་པའི་འགྱུར་མེད་དམ་ཚིག་ནམ་མཁའི་དབྱིངས་སུའང་གྲགས། ང་ཚོས་དབྱིར—76རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུར་འཛེགས་ཏེ་སྐྱེལ་མར་ཡོང་བའི་འགོ་ཁྲིད་དང་འཐབ་གྲོགས་དང་ཁ་གྱེས་སྐབས་ཚང་མའི་སེམས་སུ་བྲལ་མི་ཕོད་པའི་སྣང་བ་ཞིག་འདུག སུའུ་ཏན་གྱི་ཏ་ཕུར་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཁག་གསུམ་པ་ནི་ཤོག་སྒྲིག་དཔུང་ཚོགས་82པའི་སྐམ་དམག་དང་མཁའ་དམག་གི་ལུའེ་ཤོག་ཅིག་ནས་འཐེན་ཏེ་གྲུབ་པ་ཤ་སྟག་ཡིན་པ་དང་། དཔོན་དམག་140ཡིས་ཞི་བདེའི་ཆེད་དུ་ངལ་བར་མི་འཛེམ་པར་ས་ཐག་རིང་པོར་བསྐྱོད་ཡོད།
         ལོ་གཉིས་ཀྱི་དུས་ཚོད་ནང་། ང་ཚོས་སྔ་རྗེས་སུ་ཏ་ཕུར་དང་ཨ་ཕུའུ་ཡ་དབྱི་རུ་ཞི་བདེ་སྲུང་སྐྱོང་གི་ལས་འགན་བསྒྲུབས་ཡོད། དེའི་རིང་སུའུ་ཏན་སྲིད་གཞུང་བརྗེ་བསྒྱུར་དང་ཏོག་གསར་གློ་ཚད་རིམས་ནད་མཆེད་པའི་གནས་ཚུལ་བརྒྱུད་པ་དང་། ལས་འགན་སྒྲུབ་ཁུལ་གསར་པའི་ཚོད་བགམ་དང་འགྲན་སློང་ལ་ཁ་གཏད་འཇལ་བས། དཔོན་དམག་ཡོངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟི་བརྗིད་མཚན་སྙན་གྱི་ས་ས་གངས་གས”ཐེངས་གཉིས་ཐོབ་ཡོད།
         “ཞི་བདེ་སྲུང་སྐྱོང་ནི་གཡུལ་སར་སྐྱོད་པ་དང་མཁའ་དབྱིངས་སུ་སྐྱོད་པ་ནི་དམག་འཐབ་བྱེད་པ་ཡིན”ལས་འགན་སྒྲུབ་ཁུལ་གྱི་མཁའ་ཐོག་སྐྱེལ་འདྲེན་དང་རྒྱལ་ནང་དུ་འཕུར་སྐྱོད་སྦྱོང་བརྡར་བྱས་པ་མི་འདྲ་བས་གནམ་གཤིས་དང་། མཐོ་ཚད། ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་བྱེད་དགོས་པ་ཕུད། ད་དུང་དྲག་ཆས་སྟོབས་ཤུགས་ལ་གཡོལ་བ་དང་། གནམ་གཤིས་ངན་པར་ཁ་གཏད་གཅོག་པ། ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱེད་པ་སོགས་ཀྱི་གནད་དོན་འཕྲད་ཀྱི་ཡོད།
         ཏ་ཕུར་དུ་ལས་འགན་སྒྲུབ་རིང་། ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་གིས་སྔ་རྗེས་སུ་ལས་འགན་སྒྲུབ་ཡུལ་19བཏོད་པ་དང་མཁའ་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་3598ཟིན་ནས་མི་སྣ་གལ་ཆེན་ཆེད་གཏོང་གནམ་གྲུས་སྐྱེལ་འདྲེན་དང་། ཛ་དྲག་ངང་སྨན་བཅོས་བྱས་རྗེས་སྐྱེལ་བ། ཆ་རྒྱུས་མེད་པའི་ས་ཁོངས་སུ་རྩད་ཞིབ། འགྲུལ་ཟོག་སྐྱེལ་འདྲེན་སོགས་ཀྱི་ལས་འགན་ཐེངས་90ལྷག་ཙམ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་། མི་ཐེངས་1195དང་དངོས་ཟོག་ཏུན་40ལྷག་ཙམ་སྐྱེལ་འདྲེན་བྱས་པས་ཏར་ཕུར་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཆེད་མངགས་ཚོགས་པའི་ཞི་བདེ་སྲུང་སྐྱོང་གི་ལས་དོན་ཁག་གི“མིག་དཔེའི་ཚོགས་པར”བདམས་པ་དང་། དཔོན་དམག་ཡོངས་ལ་2020ལོའི་ཟླ་10པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟི་བརྗིད་མཚན་སྙན་གྱི་བྱས་རྗེས་གཟེངས་རྟགས”སྤྲད་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2559པར་གཞིགས་ནས། ཏ་ཕུར་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཆེད་མངགས་ཚོགས་པའི་ལས་འགན་2020ལོའི་ཟླ་12ཚེས་31ཉིན་མཇུག་བསྒྲིལ་ཡོད། དེ་བར་ཏ་ཕུར་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཆེད་མངགས་ཚོགས་པས་སུའུ་ཏན་གྱི་ཏ་ཕུར་དུ་ལོ་13རིང་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནུས་ལྡན་ངང་ལེགས་སྒྲུབ་བྱས་ཡོད། སྐབས་དེ་དུས་ང་ཚོར་ཨ་ཕུའུ་ཡ་དབྱིར་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག་ཁག་དང་པོར་ས་ཆ་དེ་རང་དུ་ཚོགས་ཆུང་བཙུགས་ཏེ་འཕྲལ་མར་ལས་འགན་སྒྲུབ་ཡུལ་གསར་པ་གཏོད་དགོས་པའི་བཀའ་རྒྱ་འབྱོར།
         མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོང་སྟོབས་ཤུགས་བཙུགས་པའི་དམིགས་ཡུལ་ནི་ས་གནས་དེ་གར་དམག་དོན་སྟོབས་ཤུགས་འཐབ་འགྲན་བྱེད་མཁན་མི་ཡོང་བའི་ཆེད་དུ་རེད། གནས་ཚུལ་དེ་ཐོས་རྗེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་དམག་འཐབ་ཞུ་ཡིག་ཕུལ་ནས་ལས་འགན་སྒྲུབ་ཡུལ་གསར་པར་ཞི་བདེ་སྲུང་སྐྱོང་གི་ལས་འགན་མུ་མཐུད་བསྒྲུབ་རྒྱུའི་རེ་འདུན་ཞུས་པ་རེད། ངས་ཉིན་དེ་ནམ་ཡང་བརྗེད་མི་སྲིད། དེ་ཉིན་མཛུབ་ཐེལ་བརྒྱབ་པའི་དམག་འཐབ་ཞུ་ཡིག་རེ་རེ་བཞིན་ལག་ཏུ་སྤྲོད་སྐབས། ངའི་མིག་མཆི་མས་རབ་རིབ་ཏུ་གྱུར་སོང་། མདུན་ཕྱོགས་ནི་དམག་འཁྲུག་གི་མེ་ལྕེ་དང་རྒྱབ་ཕྱོགས་ནི་མེས་རྒྱལ་ཡིན་པས། གསར་དུ་བཙུགས་པའི་ལས་འགན་ཡན་ལག་རུ་ཁག་གི་དཔོན་དམག་86གིས་མེས་རྒྱལ་གྱི་གཟི་བརྗིད་བརྩོན་ལེན་བྱེད་པའི་ཆོད་སེམས་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།
         བརྡོག་ཆས་བརྒྱབ་ནས་སླར་ཡང་ཐོན། ལས་འགན་སྒྲུབ་ཁུལ་གསར་པར་བསྐྱོད། ཁོངས་སྒྱུར་བྱེད་རིང་དྲོད་ཚད་མཐོ་བའི་ཆར་དུས་ཡིན་ནའང་། ཚང་མས་སེམས་ཤུགས་ཆེན་པོས་ས་གདན་བཏིང་བ་དང་ལམ་རྒྱགས་བཟས་ནས་ཧྥ་ཤིར་སྒར་ས་བཤིག་པ་རེད། དུས་ཡུན་ཉིན་བརྒྱའི་རིང་ལེ་དབར་སྟོང་ཕྲག་འགའ་ཤས་བསྐྱོད་དེ། བློ་གྲོས་གཅིག་སྡུད་ཀྱིས་འགག་སྒྲོལ་དང་ཉེན་སེལ་དཀའ་སེལ་བྱས་ནས། མཁའ་ཐོག་ནས་དབོར་འདྲེན་དང་། མཁའ་ཐོག་ནས་སྐྱེལ་འདྲེན། སྐམ་ས་ནས་སྐྱེལ་འདྲེན་བཅས་ཀྱི་བྱེད་ཐབས་3བརྒྱུད་མི་86དང་། ཐད་འཕུར་གནམ་གྲུ་2 སྒྲིག་ཆས་40 དོས་སྒམ་86བཅས་ཨ་ཕུའུ་ཡ་དབྱི་རུ་འབྱོར་བ་རེད། ལེགས་སྒྲིག་གང་ཡང་བྱེད་ལོང་མེད་པར་འཕྲལ་དུ་ལས་འགན་སྒྲུབ་ཡུལ་གསར་པའི་འཛུགས་སྐྲུན་ནང་ཞུགས་ཤིང་། ཀྲུང་གུང་ཏང་ཡོན་75ཡིས་ལས་འགན་དང་ལེན་ཧུར་ཐག་བྱས་ཏེ་ཚ་གདུག་དང་དཀའ་ངལ་ལ་མི་སྐྲག་པར་ཁང་པ་རྒྱག་པ་དང་། ལམ་འདིང་བ་དང་། མདོང་ལམ་དང་གློག་སྐུད་ཁྲིད་པ། སྒར་ས་རྒྱག་པ། དམག་གྲབས་བཅས་བྱས་མཐར་སྒྲིག་ཆས་ཞིབ་བཤེར་བྱེད་སྐབས་ཚད་གཞི་མཐོ་པོས་ཐེངས་གཅིག་ལ་ཚད་ལོན་ཡོད། 2021ལོའི་ཟླ་8པར་ཡན་ལག་རུ་ཁག་གི་དཔོན་དམག་རྡོག་ཐོན་བྱས་ནས་ལོ་གཉིས་འཁོར་བའི་སྐབས་དང་ཏག་ཏག་འཁེལ་བས་དཔོན་དམག་ཡོངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟི་བརྗིད་མཚན་སྙན་གྱི་བྱས་རྗེས་གཟེངས་རྟགས”སླར་ཡང་ཐོབ་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།