ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་འཁུར་ཕོད་པ་གསལ་འགྲེལ་བྱས་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  “ཟོལ་མེད་སྤྱོད་གཙང་དང་འགན་འཁྲི་འཁུར་ཕོད་པའི་ཚོགས་པ་ཞིག་གཏོད་དགོས”ཞེས་པ་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་རྒྱལ་ཁབ་རྩད་ཞིབ་ཧ་སག་སི་ཐན་ཀུང་སིའི་མི་ཤུགས་ཐོན་ཁུངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་པ་ལིའུ་ཤིང་ཅུན་གྱིས་ཧ་སག་སི་ཐན་དུ་ལས་ཀ་བྱེད་སྐབས་ཀྱི་ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་སེམས་རེད། ལོ་བདུན་རིང་། ཁོང་གིས་ཧ་སག་སི་ཐན་གྱི་ངལ་རྩོལ་བཅའ་ཁྲིམས་ནན་ཏན་ངང་བཀླགས་པ་དང་། མཉམ་ལས་རོགས་ཟླར་བཅར་འདྲི་དང་སྣུམ་ཞིང་ཡོད་སར་བསྐྱོད་དེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་མི་ཡོངས་ཀྱི་དགོས་མཁོ་དང་བསམ་བློ་རྒྱུས་ལོན་བྱས་ཏེ“སྤྱོད་ཡོན་གཉིས་ལྡན་དང་། སྤྱོད་བཟང་གོང་བཀུར། ཀྲུང་ཕྱི་འབྲེལ་མཐུད། བཟང་པོ་བཀོལ་སྤྱོད”བཅས་ཀྱི་མི་སྣ་འདེམས་པ་དང་སྤྱོད་པའི་རྩ་དོན་གཏན་འཁེལ་བྱས་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་མི་འཚར་ལོངས་ཡོང་རྒྱུར་ཆ་རྐྱེན་བཏོད་ཡོད།
  “ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཚང་མའི་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་ལས་ཀའི་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེ་རེད”ཅེས་རིམས་འགོག་ལས་དོན་ཡག་པོ་སྒྲུབ་ཆེད་ལིའུ་ཤིང་ཅུན་གྱིས་རྒྱལ་ནང་དུ་འཁོར་ཞག་གི་གོ་སྐབས་རང་འགུལ་ངང་བློས་བཏང་ཞིང་། ཁོང་གིས“སྣུམ་ཞིང་གི་འཐབ་ས་དང་པོར་ལས་མི་2000ཙམ་ཡོད་པ་མ་ཟད་འགྲོ་རྒྱུག་མང་པོ་བྱེད་དགོས་པས། གཟབ་ནན་མ་བྱས་ཚེ་ཚོགས་སྤྱིའི་རང་བཞིན་གྱི་འགོ་ནད་ཁྱབ་པའི་ཉེན་ཁ་འདུག ཀུང་སིའི་དོ་དམ་པ་དང་ཏང་ཡོན་ཞིག་ཡིན་པའི་ངོས་ནས་དམིགས་བསལ་གྱི་དུས་སྐབས་འདིར་ངས་ཚང་མའི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་དགོས་པ་དང་ཆབས་ཅིག་བསམ་བློའི་སློབ་གསོ་མང་ཙམ་བརྒྱབ་སྟེ་ཚང་མ་བློ་བདེ་པོའི་ངང་ལས་གནས་ཐོག་ལས་ཀ་བྱེད་དུ་འཇུག་དགོས”ཞེས་བརྗོད།
  ཧ་སག་སི་ཐན་དུ་རིམས་ནད་ཡང་སེ་ཐོན་པ་དང་ལིའུ་ཤིང་ཅུན་གྱིས་སྣུམ་ཞིང་བཟོ་པ་གཞི་ཁྱོན་ཆེན་པོས་ལས་རེས་བརྗེ་བར་བཀོད་འདོམས་བྱེད་པའི་ལས་འགན་ཐོག་མར་འཁུར། རྣམ་གྲངས་གནས་སའི་ཨ་ཁེ་ཅིའུ་པིང་ཀྲོའུ་ཁོང་གཏོགས་ཀྱི་སྒར་ས་3གྱི་ལས་མི་170ལྷག་ཙམ་གྱིས་ཆུ་ཚོད་48ནང་ལས་རེས་བརྗེ་དགོས་ཀྱི་ཡོད། སྣུམ་ཞིང་དེ་ནི་ཡུལ་དེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“ཉེན་ཁ་ཆེ་བའི་ས་ཁུལ”དུ་གནས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་འཕྱུགས་པ་གཏན་ནས་མི་ཡོང་བ་བྱ་ཆེད། རྣམ་གྲངས་ཀྱི་ལས་ཡུལ་དུ་ལས་རེས་བརྗེ་སྐབས་དམ་བསྒྲགས་ནན་པོ་བྱས་ཏེ་འདུ་འཛོམས་བྱེད་སར་དུག་སེལ་དང་། ཐིག་འཐེན་ནས་ལོགས་དབྱེ། འཁོར་རིགས་ཀྱིས་སྐྱེལ་བསུ། ཞིབ་དཔྱད། མི་སྣ་རྩིས་སྤྲོད་རྩིས་ལེན་སོགས་ལྷུ་ཚིགས་ཚང་མར་ནོར་འཁྲུལ་གཏན་ནས་མི་ཡོང་བ་བྱས་ཡོད། ཉིན་མཚན་གཉིས་བསྟུད་མར་ལིའུ་ཤིང་ཅུན་དང་ལས་རོགས་ཚོས་སྤྱིར་ན་ངལ་གསོ་མ་བརྒྱབ་པར་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོན་གྱིས་འགན་འཁྲི་འཁུར་ཕོད་པ་གསལ་འགྲེལ་བྱས་ཡོད།
  ལས་རེས་བརྗེ་སྐབས་དམ་བསྒྲགས་ནན་པོ་བྱས་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཡུལ་དེའི་རྡོ་སྣུམ་ཀུང་སི་རྒྱུན་གཏན་ལྟར་གཉེར་སྐྱོང་ཐུབ་པའི་མིག་དཔེ་བཏོད་ཡོད། ཨ་ཁེ་ཅིའུ་པིང་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ཁཱ་དབྱི་ལཱ་ཐེ་ཡིས་བྱེད་ཐབས་དེ་རིགས་ནི་རྡོ་སྣུམ་ཀུང་སི་གཞན་དག་གིས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་རེད་ཅེས་བརྗོད།