ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

འཛམ་གླིང་དངུལ་ཁང་གིས་ཉེན་བརྡ་ཞིག་བཏང་འདུག

སྤེལ་དུས 2022-09-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    སྤྱི་ཚེས་15ཉིན། འཛམ་གླིང་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་ཅིག་ལས་མངོན་པར། གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོའི་ཀྲུང་དབྱང་དངུལ་ཁང་གིས་དུས་གཅིག་ཏུ་སྐྱེད་ཀ་སྤར་ནས་དངུལ་ལོར་འགྲེམས་ཐལ་ཤོར་བར་ཁ་གཏད་བཅག་པས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཟོ་ཡོད་པ་མ་ཟད། གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་ལ་དངུལ་རྩའི་ཉམས་ཉེན་འཕྲད་ནས་ཡུན་རིང་གནོད་འཚེ་ཕོག་སྲིད་པ་རེད།
     འཛམ་གླིང་དངུལ་ཁང་གི་ཞིབ་འཇུག་ལས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོའི་ཀྲུང་དབྱང་དངུལ་ཁང་གིས་ད་ལོ་འདས་ཟིན་པའི་ལོ་50ཡི་ནང་མཐོང་མ་མྱོང་བའི་གོམ་སྟབས་གཅིག་མཚུངས་ཀྱི་སྐྱེད་ཀ་སྤོར་རྒྱུ་ཡིན་པ་དང་། འཕེལ་ཕྱོགས་དེ་ཕལ་ཆེར་ཕྱི་ལོའི་བར་རྒྱུན་འཁྱོངས་བྱ་རྒྱུ་རེད་ཅེས་བསྟན་ཡོད། མ་འཇོག་མཁན་གྱིས་སྔོན་དཔག་བྱས་པར་གཞིགས་ན། སྤྱི་ལོ་2023ལོར་བསླེབ་སྐབས་གོ་ལ་ཧྲིལ་པོའི་དངུལ་ལོར་སྲིད་ཇུས་ཀྱི་སྐྱེད་ཚད་ཆ་སྙོམས་ཆུ་ཚད་4%ཙམ་ཟིན་རྒྱུ་དང་སྤྱི་ལོ་2021ལོ་ལས་བརྒྱ་ཆའི་གྲངས་2ཀྱིས་མཐོ་བ་ཡོད་པ་རེད། འོན་ཀྱང་མིག་སྔར་སྔོན་དཔག་བྱས་པའི་སྐྱེད་ཀ་འཕར་བའི་རྗེས་ཤུལ་དང་སྲིད་ཇུས་བྱ་སྤྱོད་གཞན་དག་གིས་གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་དེ་ཏོག་གསར་རིམས་ནད་མ་ཐོན་གོང་གི་ཆུ་ཚད་དུ་ཆག་ཐུབ་ཀྱི་མེད་པ་རེད།
     ཞིབ་འཇུག་ལས་མངོན་པར། དངུལ་ལོར་འགྲེམས་ཐལ་ཤོར་ཚད་དམིགས་འབེན་གྱི་ཆུ་ཚད་དུ་མར་ཆག་དགོས་ན། རྒྱལ་ཁབ་འདི་དག་གི་ཀྲུང་དབྱང་དངུལ་ཁང་གིས་སྐྱེད་ཀའི་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་གཞི་གྲངས་གཉིས་ཇེ་མཐོར་གཏོང་དགོས་ཀྱི་ཡོད། གནས་ཚུལ་དེའི་འོག གལ་ཏེ་དངུལ་རྩའི་ཚོང་རའི་གནོན་ཤུགས་གཅིག་ཐོག་གཅིག་བརྩེགས་བྱས་ན། སྤྱི་ལོ་2023ལོར་གོ་ལ་ཧྲིལ་པོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་0.5%བར་དལ་དུ་འགྲོ་རྒྱུ་དང་། མི་རེར་ཆ་སྙོམས་ཀྱི་རྩིས་བརྒྱབ་ན་0.4%ཆག་རྒྱུ་ཡིན་པས་གོ་ལ་ཧྲིལ་པོའི་ཉམས་རྒུད་ཀྱི་མཚན་ཉིད་དང་མཐུན་གྱི་ཡོད་པ་རེད།
     འཛམ་གླིང་དངུལ་ཁང་གིས། གོ་ལ་ཧྲིལ་པོའི་ཀྲུང་དབྱང་དངུལ་ཁང་གིས་དངུལ་ལོར་འགྲེམས་ཐལ་ཤོར་བར་ཁ་གཏད་གཅོག་པ་དང་ཆབས་ཅིག་གོ་ལ་ཧྲིལ་པོ་ཉམས་རྒུད་དུ་མི་འགྲོ་བ་བྱེད་དགོས་པའི་ངོས་འཛིན་བྱས་པ་མ་ཟད། སྲིད་ཇུས་བཟོ་མཁན་གྱིས་མཐུན་སྦྱོར་བྱ་སྤྱོད་སྤེལ་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱིས་རང་ངོས་ཀྱི་དངུལ་ལོར་སྲིད་ཇུས་ལེགས་སྒྲིག་བྱེད་སྐབས་ཀྱི་ཕྱིའི་ཕན་ནུས་ལ་བསམ་གཞིག་གང་ལེགས་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད།
     འཛམ་གླིང་དངུལ་ཁང་གི་འགོ་འཛིན་མའར་ཕ་སིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཇེ་དལ་དུ་འགྲོ་བཞིན་ཡོད་པ་དང་རྒྱལ་ཁབ་དེ་བས་མང་བ་ཞིག་ཉམས་རྒུད་དུ་འགྲོ་བ་དང་བསྟུན་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་སྔར་བས་ཇེ་དལ་དུ་འགྲོ་སྲིད་པ་དང་། གལ་ཏེ་འཕེལ་ཕྱོགས་འདི་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ན། གསར་དར་ཚོང་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་མང་ཚོགས་ལ་ཡུན་རིང་གི་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་ཅེས་གསུངས་འདུག
རྩོམ་སྒྲིག་པ། བདེ་སྒྲོན།