ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཧྲང་ཧའེ་ཡིས་ཟླ6པའི་ནང་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱ་རྒྱུ་ཡིན་པ།

སྤེལ་དུས 2022-05-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཟླ5པའི་ཚེས16ཉིན་འཚོགས་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཙུང་མིང་གིས་ཁྱབ་བསྒྲགས་བྱས་དོན། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཆུས16ལ་སྤྱི་ཚོགས་ངོས་ཀྱི་ནད་དཔེ་གཙང་སེལ་བྱས་པ་དང་། བཀག་སྡོམ་ཁུལ་གྱི་སྤྱིའི་མི་འབོར་ཁྲི100ནང་ཚུན་དུ་མར་ཆག་ཡོད། ཁ་སང་གསར་དུ་འཕར་བའི་གདགས་གཤིས་ཅན་གྱི་ནད་དཔེའི་ཁ་གྲངས་ཆེས་ཐོག་མར1000ནང་ཚུན་དུ་སླེབས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ངོས་སུ་བསྟུད་མར་ཉིན་གཉིས་ལ་གསར་དུ་འཕར་བའི་གདགས་གཤིས་ཅན་གྱི་ནད་དཔེའི་སྙན་ཞུ་མེད་པས། ཧྲང་ཧའེ་ཡི་རིམས་ནད་ལ་ཚོད་འཛིན་ཐུབ་ནས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་ཅེས་བརྗོད་པ་རེད།
          ཙུང་མིང་གིས་ནན་གྱིས་བརྗོད་དོན། དུས་མཚུངས་སུ་གཅིག་སྡུད་ལོགས་བཀར་ཁུལ་དང་བཀག་སྡོམ་ཁུལ་གྱི་གཞིས་ཁུལ་གསར་རྙིང་ཁ་ཤས་སུ་ད་དུང་གདགས་གཤིས་ཅན་གྱི་ནད་དཔེའི་སྙན་ཞུ་ཡོད་པ་ང་ཚོས་ཀྱང་གསལ་པོར་རྟོགས་ཡོད། རིམས་ནད་བསྐྱར་དུ་ཐོན་པའི་ཉེན་ཁ་སྔར་བཞིན་གནས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་རྨང་གཞི་ད་དུང་བརྟན་པོ་མེད་པས། ང་ཚོས་མུ་མཐུད་དུ་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་དགོས་ལ། རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོས་མུ་མཐུད་རྒྱབ་སྐྱོར་དང་གཞོགས་འདེགས་ཀྱང་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྔར་ལས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ཚེ། ད་གཟོད་གཞི་ནས་གོ་རིམ་ལྡན་པའི་ངང་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་སྲོལ་སླར་གསོ་བྱ་ཐུབ།
          ཙུང་མིང་གིས་ངོ་སྤྲོད་བྱས་དོན། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ལག་བསྟར་བྱས་ནས། ཕྱོགས་བསྡུས་ཆེད་མཁས་པས་ཞིབ་འཇུག་དབྱེ་ཞིབ་བྱས་པར་གཞིགས་ཏེ། ང་ཚོས་གོམ་སྟབས་རྗེས་མའི་སྔོན་འགོག་ཚོད་འཛིན་ལས་དོན་དེ“དུས་རིམ་གསུམ”ལ་བགོས་ཡོད།
          དུས་རིམ་དང་པོ། གཙང་སེལ་འགག་སྒྲོལ་གྱི“བྱ་སྤྱོད་ཆེན་པོ་བཅུ”ཡི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དུས་རིམ། ད་ལྟ་ནས་འགོ་བཙུགས་ཏེ་ཟླ5པའི་ཚེས21ཉིན་བར་གཙོ་བོ་གསར་དུ་འཕར་ཚད་ཇེ་ཉུང་དུ་གཏོང་བ་དང་བསྐྱར་དུ་ཐོན་པ་སྔོན་འགོག་བྱས་ནས། བཀག་སྡོམ་ཚོད་འཛིན་ཁུལ་དང་དོ་དམ་ཚོད་འཛིན་ཁུལ་གྱི་མི་གྲངས་མུ་མཐུད་ཇེ་ཉུང་དུ་བཏང་སྟེ། དོགས་ཟོན་ཁུལ་གོ་རིམ་ལྡན་པའི་ངང་སྒོ་འབྱེད་པ་དང་། འགུལ་སྐྱོད་ལ་ཚོད་འཛིན་ཡོད་པ། དོ་དམ་ཚོད་འཛིན་ནུས་ལྡན་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་སུ་ཆུ་ཚད་དམའ་བའི་སྤྱི་ཚོགས་ཀྱི་བྱེད་སྒོ་རྒྱུན་འཁྱོངས་བྱ་རྒྱུ།
          དུས་རིམ་གཉིས་པ། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གཞན་སྒྱུར་གྱི་དུས་རིམ། ཟླ5པའི་ཚེས22ཉིན་ནས་ཟླ5པའི་ཚེས31ཉིན་བར། ཉིན་རེར་གསར་དུ་འཕར་བའི་ནད་དཔེའི་གྲངས་འབོར་མུ་མཐུད་ཇེ་ཉུང་དུ་བཏང་ནས། བཀག་སྡོམ་ཚོད་འཛིན་ཁུལ་དང་དོ་དམ་ཚོད་འཛིན་ཁུལ་གྱི་ཁྱབ་ཁོངས་ཟམ་མི་ཆད་པར་ཆུང་དུ་བཏང་ནས་མཐར་བཀག་རྒྱ་ལས་གྲོལ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་རྒྱུན་རྣམ་ཅན་གྱི་རིམ་དབྱེ་དང་རིགས་དབྱེའི་དོ་དམ་ལ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ།
          དུས་རིམ་གསུམ་པ། གྲོང་ཁྱེར་ཡོངས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་སྲོལ་ཁྱོན་ཡོངས་ནས་སླར་གསོ་བྱེད་པའི་དུས་རིམ། ཟླ6པའི་ཚེས1ཉིན་ནས་ཟླ6པའི་ཟླ་དཀྱིལ་དང་ཟླ་སྨད་བར། རིམས་ནད་བསྐྱར་འཕར་སྔོན་འགོག་ནན་མོ་བྱེད་པ་དང་ཉེན་ཁ་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་སྲོལ་ཁྱོན་ཡོངས་ནས་སླར་གསོ་བྱ་རྒྱུ།