ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ཀྱི་མཐོ་འབྲིང་དཀྱུས་མའི་འཛིན་གྲྭའི་སློབ་མ་མང་བའི་བསྡུར་ཚད་4.81%བར་ཆག་པ།

སྤེལ་དུས 2022-09-23 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་56དང་དེ་ཡན་གྱི་འཛིན་གྲྭའི་སློབ་མ་མང་བའི་བསྡུར་ཚད་4.81%བར་ཆག་པ་དེ་2012ལོའི་47.8%ལས་བརྒྱ་ཆའི་གྲངས་43ཆག་པ་དང་། ཞིང་ཆེན་24ཡི་འཛིན་གྲྭའི་མི་གྲངས་མང་བའི་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད་ཅིང་། སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས“མཐོ་རིམ་སློབ་འབྲིང་དཀྱུས་མའི་འཛིན་གྲྭའི་མི་གྲངས་མང་བའི་བསྡུར་ཚད་ཤུགས་ཆེན་ཆག་ནས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ཏེ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཚན་སྒྱུར་བཅོས་དང་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བརྗོད།
  མཐོ་རིམ་སློབ་འབྲིང་དཀྱུས་མའི་འཛིན་གྲྭའི་མི་གྲངས་ཤུགས་ཆེན་ཆག་པའི་རྒྱབ་ཕྱོགས་འོག་སློབ་གྲྭའི་རྨང་གཞིའི་སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། 2011ལོ་ཚུན་དུ་རྒྱལ་ཁབ་ཀྱིས་སློབ་གསོའི་རྨང་གཞི་ཞན་པའི་རྫོང་གི་མཐོ་རིམ་སློབ་འབྲིང་དཀྱུས་མའི་འཛུགས་སྐྲུན་རྣམ་གྲངས་དང་མཐོ་རིམ་སློབ་འབྲིང་དཀྱུས་མ་སྒྱུར་བཀོད་འཆར་གཞིའི་འདུ་འགོད་རྣམ་གྲངས་གལ་ཆེན་གཉིས་བསྟུད་མར་ལག་བསྟར་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་711.86བཏང་སྟེ་དབུས་ནུབ་ས་ཁུལ་ལ་ཉམས་ཞན་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་སློབ་གྲྭའི་ཁང་པའི་ཐོན་ཁུངས་རྒྱ་ཆེར་བཏང་ཡོད། ལོ་བཅུའི་རིང་། རྒྱལ་ཡོངས་ཀྱིས་རིམ་རྩིས་ལྟར་ན་མཐོ་རིམ་སློབ་འབྲིང་དཀྱུས་མ་ཁག་4570གསར་སྐྲུན་དང་། རྒྱས་སྐྲུན། བསྐྱར་སྐྲུན་བཅས་བྱས་པ་དང་། 2021ལོར་རྒྱལ་ཡོངས་སུ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭའི་ཁང་པའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་དུང་ཕྱུར་6.4ཟིན་པ་དེ་2012ལོ་ལས་སྨི་ངོས་གྲུ་དུང་ཕྱུར་2.2འཕར་ཡོད་པ་རེད།
  མཐོ་རིམ་སློབ་འབྲིང་དཀྱུས་མའི་འཛིན་གྲྭའི་མི་གྲངས་མང་བའི་བསྡུར་ཚད་ཤུགས་ཆེན་ཆག་པའི་རྒྱབ་ཕྱོགས་འོག་དགེ་རྒན་ཁ་སྣོན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མའི་ཆེད་འགན་འཛིན་མཁན་དགེ་རྒན་གྱི་བསྡོམས་འབོར་2012ལོའི་མི་གྲངས་ཁྲི་159.5ནས་མིག་སྔའི་མི་གྲངས་ཁྲི་202.83བར་འཕར་ཏེ་27.17%འཕར་བ་དང་། དགེ་སློབ་ཀྱི་བསྡུར་ཚད་2012ལོའི་15.47:1ནས་མིག་སྔའི་12.84:1བར་ལེགས་སྒྲིག་ཐུབ་ནས་དགེ་རྒན་མི་འདང་བའི་གནད་དོན་ཞི་ལྷོད་ནུས་ལྡན་ཐུབ་ཡོད། དགེ་རྒན་གྱི་སློབ་རྒྱུས་གྲུབ་ཆ་ཡང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་ཆེད་འགན་འཛིན་མཁན་དགེ་རྒན་རབ་འབྱམས་པ་དང་དེ་ཡན་གྱི་སློབ་རྒྱུས་ཀྱི་བསྡུར་ཚད་བཟུང་ཚད་2012ལོའི་5%ནས་12.4%བར་མཐོ་རུ་ཕྱིན་ཡོད་པ་རེད།
  མཐོ་རིམ་སློབ་འབྲིང་དཀྱུས་མའི་འཛིན་གྲྭའི་མི་གྲངས་མང་བའི་བསྡུར་ཚད་ཤུགས་ཆེན་ཆག་པའི་རྒྱབ་ཕྱོགས་འོག་སློབ་ཁྲིད་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད། 2021ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭར་དྲ་སྦྲེལ་ཐུབ་ཚད་100%ཟིན་པ་དང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་རེའི་ཆ་སྙོམས་དཔྱད་ཆས་སྒྲིག་ཆས་རིན་ཐང་སྒོར་4968ཟིན་ནས་ལུས་རྩལ་ཡོ་བྱད་བཀོད་སྒྲིག་ཚད་ལོན་སློབ་གྲྭའི་བསྡུར་ཚད་96%ཟིན་པ་དང་། རོལ་དབྱངས་དང་མཛེས་རྩལ་གྱི་ཡོ་བྱད་བཀོད་སྒྲིག་ཚད་ལོན་སློབ་གྲྭའི་བསྡུར་ཚད་95%ལྷག་ཙམ་ཟིན་པ། རང་བྱུང་ཚན་ཁག་གི་ཚོད་ལྟའི་ཡོ་བྱད་ཚད་ལོན་སློབ་གྲྭའི་བསྡུར་ཚད་95.6%ཟིན་པ་བཅས་བྱུང་ནས་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བར་རམ་འདེགས་ནུས་ལྡན་ཐུབ་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།