ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

སྤེལ་དུས 2022-09-23 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་གཟིགས་འོག་བསྐྱངས་དང་སྤྱི་ཡོངས་གཅིག་འདོམས་དང་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཆེན་པོ་ཁོང་དུ་ཆུད་པ་གནང་སྟེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། འཐབ་ཇུས་གསར་པ་བཅས་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཚང་དུ་བཏང་བ་དང་། པེ་ཅིང་དང་། ཐེན་ཅིང་། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོ་ཁུལ་འཛུགས་སྐྲུན། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་གནང་བ། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་། བྱང་ཤར་དར་རྒྱས། དབུས་རྒྱུད་དར་འཕེལ། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།
  ཟླ་9ཚེས་20ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ས་ཁུལ་སིའི་སི་ཀྲང་ཤའོ་ཝུའེ་མིང་གིས། ལོ་བཅུའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པ་བྱས་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྒྲིག་སྲོལ་དང་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ཆགས་རྒྱུར་སྐུལ་འདེད་བཏང་བས། རང་རྒྱལ་གྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
  སྤྱིར་བཏང་མིན་པའི་ལོ་བཅུའི་ནང་རང་རྒྱལ་གྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་བཀྲག་མདངས་འཚེར་ས་མང་པོ་ཐོན་པ།
  ས་ཁོངས་འཕེལ་རྒྱས་ཀྱི་བལྟོས་བཅས་ཧེ་བག་མུ་མཐུད་ཇེ་ཆུང་དུ་སོང་བ། 2021ལོར་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་25དང་སྒོར་དུང་ཕྱུར་ཁྲི་24སོ་སོར་ཟིན་པ་དེ་2012ལོ་ལས་སྒོར་དུང་ཕྱུར་ཁྲི་13.5དང་སྒོར་དུང་ཕྱུར་ཁྲི་13.3འཕར་ནས་རྒྱལ་ཡོངས་ཀྱི་བསྡུར་གྲངས་བཟུང་ཚད་2012ལོའི་21.3%དང་19.6%ནས་2021ལོའི་22%དང་21.1%བར་འཕར་ཡོད། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་ལོ་མང་བསྟུད་མར་ཤར་རྒྱུད་ས་ཁུལ་ལས་མཐོ་བ་ཡོད། ཤར་ནུབ་ཀྱི་ཧེ་བག་རྒྱུན་མཐུད་དེ་ཆུང་དུ་སོང་ནས་ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་རིམ་བཞིན་ཇེ་ཆེར་སོང་ཡོད།
  སྒུལ་ཤུགས་འབྱུང་ཁུངས་ས་ཁུལ་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། 2021ལོར་པེ་ཅིང་དང་། ཐེན་ཅིང་། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀོང་ཏུང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོ་ཁུལ་གྱི་ནང་སའི་གྲོང་ཁྱེར་དང་ས་ཁུལ་9ཡི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་9.6དང་། སྒོར་དུང་ཕྱུར་ཁྲི་27.6 སྒོར་དུང་ཕྱུར་ཁྲི་10.1བཅས་སོ་སོར་ཟིན་ནས་དེའི་བསྡོམས་འབོར་གྱིས་རྒྱལ་ཡོངས་ཀྱི་40%ལྷག་ཙམ་ཟིན་པ་དང་རྒྱལ་ཡོངས་དཔལ་འབྱོར་གྱི་གྲུ་རྡོ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས། སྒྱུར་བཅོས་ཚོད་ལྟའི་ས་ཞིང་བཅས་ཀྱི་ནུས་པ་གལ་ཆེན་བཏོན་ཡོད།
  གཙོ་ནུས་ཐོན་ཁུལ་གྱི་འགག་རྩའི་ནུས་པ་སྔར་བས་མངོན་གསལ་དོད་དུ་སོང་བ། ཧེ་ལུང་ཅང་དང་། ཧོ་ནན། ཧྲན་ཏུང་། ཨན་ཧུའེ། ཅི་ལིན་བཅས་འབྲུ་རིགས་ཐོན་འབབ་ཆེ་བའི་ཞིང་ཆེན་5ཡི་2021ལོའི་ཐོན་འབབ་རྒྱ་མ་དུང་ཕྱུར་5607.8ཟིན་ནས་རྒྱལ་ཡོངས་ཀྱི་40%ལྷག་ཙམ་ཟིན་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་ཡོད། གཙོ་གནད་ས་ཁུལ་དུ་ནུས་རྒྱུ་ཐོན་ཁུངས་ཀྱི་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་རྟེན་གཞི་ཁག་གཅིག་བཙུགས་ནས་རྒྱལ་ནང་གི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད། འབྲི་ཆུ་དང་རྨ་ཆུའི་གཞུང་གི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་ཡོད་པས་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་དང་ཞབས་ཞུ་དེ་བས་མང་པོ་མཁོ་འདོན་བྱས་ཡོད།
  དམིགས་བསལ་རིགས་ཀྱི་ས་ཁུལ་དར་རྒྱས་གོང་འཕེལ་བྱུང་བ། རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་832དང་གྲོང་ཚོ་དབུལ་པོ་ཁྲི་12.8ཚང་མ་དབུལ་ཞྭ་ཕུད་ཐུབ་པ་དང་། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་གི་གཙོ་གནད་གྲོང་ཁྱེར་20ཡི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་6ལས་བརྒལ་བ། ཐོན་ཁུངས་རྣམ་པའི་གྲོང་ཁྱེར་གྱི་ཐོན་ཁུངས་ཐོན་སྐྱེད་བྱེད་ཚད་ཁྱོན་བསྡོམས་36%ལྷག་ཙམ་ཟིན་ཡོད།
  གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། ས་གནས་ཁག་གི་འོས་འགན་སློབ་གསོའི་ཐོན་ཁུངས་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་བ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་སྐབས་བསྟུན་གཙང་བཟོ་བྱུང་བ། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མ་དང་དགེ་རྒན་གྱི་བསྡུར་ཚད་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་ཡོད། གཞི་རྩའི་སྨན་བཅོས་འགན་སྲུང་ཁྱོན་ཡོངས་ལ་ཁྱབ་པ་དང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་མི་སྟོང་རེའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཉལ་ཁྲིའི་གྲངས་འབོར་ཤར་རྒྱུད་ས་ཁུལ་ལས་བརྒལ་ཡོད།
  རྨང་གཞིའི་སྒྲིག་བཀོད་ཤར་གཏོང་ཐུབ་ཚད་སྔར་བས་དོ་སྙོམས་བྱུང་བ། མིག་སྔར་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ལྕགས་ལམ་གཉེར་སྐྱོང་གི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་9ཟིན་པ་དེས་རྒྱལ་ཡོངས་བསྡུར་གྲངས་ཀྱི་60%ཙམ་བཟུང་བ་དང་འགྲིམ་འགྲུལ་སླེབས་འབྱོར་ཐུབ་ཚད་དེ་ཤར་རྒྱུད་དང་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད། མཁའ་འགྲུལ་སྐྱེལ་འདྲེན་ཞབས་ཞུ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ཚན་པ་92%དང་མི་འབོར་88%ལ་ཁྱབ་ཡོད། གློག་མེད་མི་འབོར་མཇུག་ཤོས་ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་ནུབ་རྒྱུད་གྲོང་གསེབ་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཆ་འཕྲིན་དྲ་བ་ཁེབས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།
  མི་དམངས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་གྱི་ཆུ་ཚད་རིམ་བཞིན་དམིགས་ཚད་དང་ཇེ་ཉེར་ཕྱིན་པ། ཤར་རྒྱུད་དང་། བྱང་ཤར། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་གྲངས་2013ལོའི་1.7དང་། 1.29 1.1བཅས་ནས་2021ལོའི་1.63དང་། 1.11 1.07བཅས་བར་སོ་སོར་ཆག་ཡོད། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་མི་རེའི་ཆ་སྙོམས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་འཕར་ཚད་ཤར་རྒྱུད་ས་ཁུལ་ལས་མགྱོགས་པ་དང་། ཤར་རྒྱུད་ཐོན་ལས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་མུ་མཐུད་སྤོ་བསྒྱུར་བྱས་པ། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ལས་ཞུགས་གོ་སྐབས་དང་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ཡོད།