ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས།
སྤེལ་དུས 2018-06-05
ཡོང་ཁུངས། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་།
རྩོམ་པ་པོ། རྡོ་རྗེས་བསྒྲིགས།
ཟླ6པའི་ཚེས2ཉིན། རྒྱལ་སྤྱིའི་མཆོང་རྒྱུག་འགྲན་སྡུར་སི་ཕེན་གྱི་ལ་ཁི་ལུའུ་ཉིས་ཡཱ་ནས་ཚོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཆོས་དབྱིངས་སྐྱིད་ཀྱིས་སྤྱི་ལེ20ཡི་འགྲན་སྡུར་ཁྲོད། མི་སྒེར་གྱི་སྐར་འབྲས་ཆེས་བཟང་བ་སྟེ། ཆུ་ཚོད1སྐར26སྐར་ཆ28ཀྱིས་ཨང་དང་པོ་བླངས།
ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཆོད་སེམས་རབ་ཏུ་བརྟན་པའི་ཆོས་དབྱིངས་སྐྱིད་ཀྱིས་འགྲན་སྡུར་མགོ་བརྩམས་མ་ཐག་ནས་རང་ཉིད་ཀྱི་ཁྱད་ཆོས་ངོམས་ཏེ། འགྲན་ཡ་གཞན་གྱི་རྙོག་ཟིང་ལས་ཐར་ཤིང་། གཅིག་པུས་སྔུན་བཅད། ཆོས་དབྱིངས་སྐྱིད་ཀྱིས་ཐོག་མའི་སྤྱི་ལེ་ལྔ་སྐར21དང་སྐར་ཆ36གིས་རྒྱུག་པ་ན། ཨང་གཉིས་པ་ལས་སྐར་ཆ46གིས་སྔོན་བླངས་ཡོད་པས། རྒྱལ་སྤྱིའི་མཆོང་རྒྱུག་གི་གཞུང་དྲ་ཡིས་ཆོས་དབྱིངས་སྐྱིད་ནི་སུར་ཙེ་ཡི་དུས་ཚོད་བཞིན་འཕྱུག་འདའ་མེད་པ་ཞིག་རེད་ཅེས་བསྟོད་བསྔགས་བྱས།
མཇུག་མཐར་མོས་ཆུ་ཚོད1སྐར26སྐར་ཆ28ཀྱི་སྐར་འབྲས་ཀྱིས་ཨང་དང་པོ་བླངས་ཤིང་། ད་ལོའི་མི་སྒེར་གྱི་ཆེས་མཐོ་བའི་སྐར་འབྲས་བླངས། འདི་ཡང་ཀྲུང་གོའི་བུད་མེད་ཀྱིས་སྲོལ་རྒྱུན་གྱི་འགྲན་སྡུར་འདིའི་སྟེང་ནས་བླངས་པའི་ཐེངས་ལྔ་བའི་ཨང་དང་པོ་རེད། 2015ལོར་ཆོས་དབྱིངས་སྐྱིད་འགྲན་སྡུར་འདི་ལས་ཨང་གཉིས་པ་བླངས།
འགྲན་སྡུར་མཇུག་གྲིལ་རྗེས། མོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ་བཤད་རྒྱུར། བདག་གིས་རང་ཉིད་ལ་དམིགས་འབེན་བཞག་ཡོད་པ་ནི་ཆུ་ཚོད1སྐར27ནང་རྒྱུག་ཚར་རྒྱུ་དེ་ཡིན་ལ། འགྲན་སྡུར་ཁྲོད་སྤྱི་ལེ་གཉིས་ཀྱི་རྗེས་རྒྱུག་ཚད་ཇེ་མགྱོགས་སུ་གཏོང་བར་ཚོད་ལྟ་བྱས་པ་ཡིན། འགྲན་སྡུར་འདིའི་རྗེས་ནས་ཟླ8པར་ཡཱ་ཅ་ཏ་ཡ་གླིང་འགྲན་ཚོགས་ཀྱི་འགྲན་སྡུར་ལ་གྲ་སྒྲིག་བྱས་ཏེ་སྐར་འབྲས་ལེགས་པོ་ཞིག་འཐོབ་རྒྱུར་ཧུར་ཐག་བྱེད་རྒྱུ་ཡིན་ཟེར།
སྤྱི་ལོ2012ལོར་ལོན་ཏུན་ཨོ་ལིན་འགྲན་ཚོགས་ནས་དངུལ་གྱི་རྟགས་མ་བླངས་རྗེས། ཧ་ཅང་ལེགས་པའི་འགྲན་སྡུར་གྱི་ངང་ཚུལ་རྒྱུན་འཁྱོངས་བྱས་ཤིང་། ད་ལོའི་ཟླ3པའི་ཚེས3ཉིན། རྒྱལ་ཡོངས་འདུར་རྒྱུག་འགྲན་ཚོགས་སམ་རྒྱལ་སྤྱིའི་རྒྱུག་འགྲན་འཛམ་གླིང་འདུར་རྒྱུག་ཐུན་མོང་འགྲན་སྡུར་གྱི་བདམས་གསེས་འགྲན་སྡུར་ཨན་ཧོས་ནས་ཚོགས་པ་དང་། ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད1སྐར27སྐར་ཆ36གིས་ཨང་དང་པོ་བླངས་ལ། ཟླ4པའི་ཚེས7ཉིན། མོས་ཆུ་ཚོད1སྐར28སྐར་ཆ04ཡི་སྐར་འབྲས་ཀྱིས་2018ལོའི་རྒྱལ་སྤྱིའི་རྒྱུག་འགྲན་འགྲན་སྡུར་ལས་ཕོར་ཐུ་ཀེ་ས་ཚིགས་ལས་སྐྱེས་མའི་སྤྱི་ལེ20ཡི་ཨང་དང་པོ་བླངས། ཟླ5པའི་ཚེས5ཉིན། 2018ལོའི་འཛམ་གླིང་འདུར་རྒྱུག་ཐུན་མོང་འགྲན་སྡུར་ཁྲོད། ཆོས་དབྱིངས་སྐྱིད་ཀྱིས་ཀྲུང་གོའི་སྐྱེས་མའི་ཚབ་བྱས་ཏེ་སྐྱེས་མའི་སྤྱི་ལེ20ཡི་ཐུན་མོང་འགྲན་སྡུར་གྱི་ཨང་དང་པོ་བླངས་པ་རེད།