ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཚའོ་སུའོ་ཆིན་གྱིས་བརྗོད་དོན།“ངའི་པཱ་ལགས་དང་ཁོང་རྣམ་ཚོ་དངོས་གནས་རླབས་ཆེན་པོ་རེད”

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཚའོ་སུའོ་ཆིན་དང་བཟའ་ཟླ་ཁྲེང་ཧྲེང་ལི་ཡིན་པ། 
        ཚའོ་སུའོ་ཆིན་གྱི་ཡིག་ཚགས།
        ཕ་ཡུལ་ཧྲན་ཤིས་ཏ་ཐུང་ནས་ཡིན་པ་དང་། 1958ལོའི་ཟླ་7པར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝེ་ལི་རྫོང་དུ་སྐྱེས། བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་ལེན་ཀྲང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཞིང་ལས་འཛུགས་སྐྲུན་ཧྲི་ཤོག་གཉིས་པའི་ཐོན་ཤོག་35པའི་དེ་སྔའི་ཐོན་ཀྲང་གཞོན་པ་ཚའོ་ཧའེ་ལིན་གྱི་བུ་མོ་གསུམ་པ་ཡིན། 1977ལོའི་ཟླ་7པར་ཐོན་ཤོག་35པའི་སློབ་འབྲིང་ནས་སློབ་གྲྭ་ཐོན་རྗེས་ཞིང་ལས་འཛུགས་སྐྲུན་ཧྲི་ཤོག་གཉིས་པའི་ཐོན་ཤོག་35པར་ལས་བགོས་བརྒྱབ། 1977ལོ་ནས་1984ལོ་བར་ཐོན་ཤོག་35པའི་ལས་རེས་ལེན་ཤོག་ཏུ་ཕའེ་ཀྲང་གཞོན་པ་དང་རྩིས་པ་སོགས་ཀྱི་ལས་ཀ་བྱས། 1980ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1984ལོའི་ཟླ་3པར་ཐོན་ཤོག་35པའི་སྨན་ཁང་དུ་ལས་སྒྱུར་བྱས་པ་དང་། སྔ་རྗེས་སུ་རྩིས་པ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དོ་དམ་པ། བཟོ་ཚོགས་ཀྱི་ཀྲུའུ་ཞི་སོགས་བྱས། 1998ལོའི་ཟླ་7པར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་སྲིད་འཛིན་དོ་དམ་ཆེད་ལས་ནས་ཐོན་ཏེ་ཆེད་ཚན་གྱི་སློབ་རྒྱུས་རག 2002ལོའི་ཟླ་4པར་ཐོན་ཤོག་35པའི་ཆུ་དྲོད་གློག་ཁང་དུ་བཀོད་འདོམས་པ་བྱེད་པར་བཏང་། 2013ལོར་རྒན་ཡོལ་ཞུས། ལས་ཀ་བྱེད་རིང་ཧུར་བརྩོན་ཆེ་བས་སྔོན་ཐོན་ལས་དོན་པ་དང་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ལ་ཐེངས་མང་བདམས་མྱོང་ཡོད།
ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་མངའ་རིས་ནས་ཐོན་ཏེ་ལམ་བར་དུ་ལ་མཐོ་པོ་བཅུ་གྲངས་འགའ་ཤས་བརྒྱབ་རྗེས“ལི་གྲོང”ཞེས་པའི་མཚན་སྙན་ལྡན་པའི་ཁུར་ལེ་གྲོང་ཁྱེར་དུ་འབྱོར། འདི་གར་ང་ཚོར་ལོ་དྲུག་ཅུ་ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཚའོ་སུའོ་ཆིན་འཕྲད་ཅིང་། ཁོང་ནི་བོད་སྐྱོད་        སྔོན་སྐྱོད་ལེན་ཤོག་གི་ལེན་ཀྲང་ཚའོ་ཧའེ་ལིན་གྱི་བུ་མོ་རེད།
        འདི་ནི་ཚའོ་ཧའེ་ལིན་གྱི་རྗེས་རབས་པས་སྨྱན་སྦྱོར་གྱི་བཅར་འདྲི་བྱེད་ཐེངས་དང་པོ་རེད།
        ལོ་7གྱི་གོང་ཚའོ་སུའོ་ཆིན་དང་བཟའ་ཟླ་ཁྲེང་ཧྲེང་ལི་སྔ་རྗེས་སུ་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཞིང་ལས་འཛུགས་སྐྲུན་ཧྲི་ཤོག་གཉིས་པའི་ཐོན་ཤོག་35པ་ནས་རྒན་ཡོལ་ཞུས་པ་དང་། ད་ཆ་བཟའ་ཚང་གཉིས་པོ་བུ་མོའི་ཕྲུ་གུ་ལྟ་སྐྱོང་བྱེད་བཞིན་བསྡད་ཡོད། ང་ཚོ་དེ་གར་ཡོང་གི་ཡོད་པ་གོ་རྗེས་ཁོང་གཉིས་ཧ་ཅང་དགའ་པོ་བྱུང་འདུག
        ཚའོ་སུའོ་ཆིན་གྱིས་ཁྱིམ་དུ་གསར་འགོད་པ་དང་གླེང་མོལ་བྱེད་དུས་སླར་ཡང་པཱ་ལགས་དང་འབྲེལ་བ་ཡོད་པའི་དྲན་འཆར་དག་ཡིད་ལ་ཝ་ལེར་གསལ་ཞིང་། སྔར་སོང་གི་འདས་དོན་མང་པོ་ཞིག་རིམ་བཞིན་རི་མོའི་ཚུལ་གྱིས་ཁོང་གི་མིག་ལམ་དུ་དལ་བུར་འཆར།
        1950ལོའི་ལོ་འགོར། ཏང་ཀྲུང་དབྱང་གིས་ལྷོ་ནུབ་དང་ནུབ་བྱང་བྱེས་འཐབ་དམག་གི་སི་ལིང་པུའུ་ལ་བཀའ་རྒྱ་བཏང་སྟེ་མི་དམངས་བཅིངས་འགྲོལ་དམག་ལ་ལམ་མང་པོ་ནས་བོད་དུ་དཔུང་སྐྱོད་བྱས་ནས་བོད་ལ་བཅིངས་འགྲོལ་གཏོང་དགོས་པའི་བླང་བྱ་བཏོན། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བཅངས་ཏེ་ཤིན་ཅང་དམག་ཁུལ་གྱི་རང་ཚུགས་རྟ་དམག་ཧྲི་ཤོག་གིས་དམག་མི་ཡོངས་ཀྱི་ཁྲོད་ནས་རྒྱ་རིགས་དང་། སོག་རིགས། ཧུད་རིགས། བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཞི་པོ་རིགས་བཅས་མི་རིགས་7གྱི་འཐབ་འཛིང་པ་136སྐོང་འཐེན་བྱས་ཏེ་ཐོན་ཤོག་དང་པོའི་ལེན་ཤོག་དང་པོ་བཙུགས་ནས། རྗེས་མཐུད་དཔུང་སྡེར“མྱུལ་ཞིབ་དང་། འགྲོ་ལམ་དང་སྒྲིག་ཆས་རྩད་གཅོད”སོགས་ཀྱི་ལས་འགན་འཁུར་དུ་བཅུག ཕྱིས་སུ“བོད་སྐྱོད་སྔོན་སྐྱོད་ཀྱི་དཔའ་བོའི་ལེན་ཤོག”ཅེས་སུ་འབོད་པའི་ལེན་ཀྲང་ནི་ཚའོ་ཧའེ་ལིན་རེད།
        འགྲོ་ལམ་དང་ལམ་སྣེ་འཁྲིད་མཁན་མེད་པའི་གནས་ཚུལ་འོག དཔུང་སྡེ་དེས་ས་བཀྲ་སྦར་མཐིལ་ཙམ་དང་ཕྱོགས་སྟོན་འཁོར་ལོར་བརྟེན་ཏེ་ཤིན་ཅང་གི་ཡུས་ཐེན་རྫོང་ཕུའུ་ལུའུ་གྲོང་ཚོ་ནས་ཐོན་ཏེ“རྒྱང་སྐྱོད་ལས་དཀའ་ཚེགས་ཆུང་བ་མེད་པའི”བོད་སྐྱོད་ལམ་བུའི་ཐོག་དཔའ་ངར་ཞུམ་མེད་ངང་བསྐྱོད། སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པས་ལ་དུག་ཕོག་པ་དང་། ཚྭ་དང་ཟ་འབྲུ་དཀོན་པ། མིག་ལ་གངས་འཕྱིད་ཐེབས་པ་སོགས་བསམ་ཚོད་བྱེད་དཀའ་བའི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་མཐར་སྐར་ལྔའི་དར་དམར་སྒར་ཐོག་ཏུ་བཙུགས།
        ཧ་ལམ་1974ལོའི་ཟླ་6པ་དང་7པའི་སྔ་དྲོ་ཞིག་ལ། ཐོན་ཤོག་35པའི་སློབ་འབྲིང་དུ་སློབ་ཕྲུག་དང་། ལས་བྱེད་པ། བཟོ་པ། མང་ཚོགས་བཅས་ཡིན་པའི་མི་མང་པོ་ཞིག་འཛོམས། མི་ཚོགས་ཀྱིས་གྲོས་བསྡུར་དང་གཏམ་གླེང་གི་སྐད་སྒྲ་ཧ་ཅང་ཆེ། ཐོན་ཀྲང་གཞོན་པ་ཚའོ་ཧའེ་ལིན་ཀྲུའུ་ཞི་སྡིངས་ཆའི་ཐོག་སླེབས་རྗེས་གཞི་ནས་ཁུ་སིམ་མེར་གྱུར། མི་སེམས་གཅིག་སྒྲིལ་དང་ཐོན་སྐྱེད་འཕེལ་རྒྱས་གཏོང་ཆེད། ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་ཆེ་བའི་ཐོན་ཀྲང་གཞོན་པ་ཚའོ་ལགས་ཀྱིས་ཐོན་ཤོག་གི་ཐང་ཆེན་དུ་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོའི་ཚོགས་ཆེན་འཚོགས། ཚོཌ་ཆེན་ཉིན་3འཚོགས་པ་དང་ཚའོ་ཧའེ་ལིན་གྱིས་གཏམ་བཤད་ཉིན་3ཏག་ཏག་བྱས་ཤིང་། ཚོགས་ར་ཡོངས་སུ་མིས་ཁེངས་ཡོད།
        ཚའོ་སུའོ་ཆིན་གྱིས། པཱ་ལགས་ཀྱིས་གཏམ་བཤད་གནང་སྐབས་བོད་དུ་དཔུང་སྐྱོད་བྱེད་སྐབས་ཀྱི་དཀའ་ཚེགས་ཆེ་བའི་ལོ་ཟླའི་སྐོར་གླེང་གནང་སོང་། “འོན་ཀྱང་ཁོང་གིས་རགས་ཙམ་ལས་གསལ་པོ་དེ་ཙམ་གསུངས་ཀྱི་མི་འདུག་པས་ད་ཆ་དྲན་གྱི་མི་འདུག”ཅེས་བརྗོད།
        ཚའོ་སུའོ་ཆིན་གྱིས་གསར་འགོད་པར་ཡབ་ཀྱིས་གཟུགས་པོ་ཡག་པོ་མེད་ཀྱང་ཐོན་ཤོག་གི་འཐབ་འཛིང་པ་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་གནང་གི་ཡོད། ན་གཞོན་འཐབ་འཛིང་པ་ཚོ་གཟུགས་པོ་སྐྱོ་བ་དང་ལས་ཀར་འཚེར་སྣང་བྱས་ཏེ་ལྗིད་ཚད་ལ་སྤྱི་རྒྱ་100ཡོད་པའི་རས་ཕད་ཐེག་མི་ཐུབ་པ་གཟིགས་རྗེས། ཁོང་གིས་མིག་དཔེ་བསྟན་ཏེ་འབྲུ་རིགས་རས་ཕད་གང་ཕྲག་ཏུ་བཏེགས་ནས་འདུར་མ་རྒྱུག་ཏུ་རླངས་འཁོར་ནང་བླུགས་ཀྱི་ཡོད་ཅེས་བརྗོད། ཚའོ་སུའོ་ཆིན་གྱིས་དངོས་གནས་བྱས་ན་དེ་དུས་པཱ་ལགས་ལ་སྙིང་ནད་ཕོག་ཡོད། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་གཟུགས་པོ་སྣང་མེད་དུ་བཏང་སྟེ་སྨན་པ་མ་བསྟེན་པར་རྟག་ཏུ་སྡུག་རུས་གནང་གི་ཡོད་ཅེས་བརྗོད།
        ཕྱིས་སུ་ཚའོ་ཧའེ་ལིན་གཤམ་སྐྱོད་བྱེད་སྐབས། ལམ་ཟུར་དུ་འགྱེལ་བ་དང་དེ་ནས་བཟུང་དྲན་པ་མ་གསོས་པར་ཁོང་གི་དཔའ་བོའི་བླ་སྲོག་ནམ་ཡང་ནན་ཅང་ས་གཞི་ཆེ་མོ་དང་མཉམ་དུ་གནས་ཤིང་། སྐབས་དེ་དུས་ཁོང་ལོ་61ཡིན་པ་རེད།
        ཚའོ་སུའོ་ཆིན་གྱི་ཁྱིམ་དུ་ད་ལྟའང《བོད་བྱང་ཐང་གི་རྒྱལ་ཁའི་གླུ་དབྱངས》ཞེས་པའི་དོན་དངོས་བཀོད་པའི་བརྩམས་སྒྲུང་རིང་མོ་ཞིག་ཉར་ཚགས་བྱས་ཡོད་ཅིང་། དེ་ནི་1979ལོར་དཔེ་སྐྲུན་བྱས་པའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པ་དང་། ཤིན་ཅང་གི་དམག་དཔུང་གི་རྩོམ་པ་པོ་ཡན་ཁེ་ཆིང་གིས་སྔོན་སྐྱོད་ལེན་ཤོག་གི་གཏམ་རྒྱུད་གཞིར་བཟུང་བསྐྱར་སྒྲིག་བྱས་རྗེས་གྲུབ་པ་ཞིག་རེད། དེབ་དེའི་ནང་མངོན་སུམ་འདྲ་བའི་སུག་འབྲི་མང་པོ་བགྱིས་པ་དེ་དག་གིས་ཚའོ་སུའོ་ཆིན་གྱི་ཡིད་དབང་རྦད་དེ་འཕྲོག་པ་དང་། ཁོང་གིས་པཱ་ལགས་ཀྱི་དེ་སྔའི་མྱོང་བར་རྒྱུས་ལོན་གཏིང་ཟབ་བྱུང་ཡོད་ལ། པཱ་ལགས་ལའང་དེ་བས་བསམ་ཤེས་ཐུབ་ཡོད།
        ཚའོ་སུའོ་ཆིན་གྱིས་པཱ་ལགས་ལ་དྲན་གསོ་བྱེད་རིམ་བཞིན་རྟག་ཏུ་ཚོར་བ་ཟབ་མོས“ངའི་པཱ་ལགས་ཁོང་རྣམ་ཚོ་དངོས་གནས་རླབས་ཆེན་པོ་རེད”ཅེས་བརྗོད་ཀྱི་ཡོད། ཚའོ་སུའོ་ཆིན་བརྒྱུད་ནས་ང་ཚོས་ཚའོ་ཧའེ་ལིན་གྱི་ཕྱིས་ཀྱི་མི་ཚེར་རྒྱུས་ལོན་བྱུང་ལ། སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པ་ཚོའི“ཏང་དང་། མི་དམངས། མཉམ་སྡེབ། མི་སྒེར་བཅས་ལ་འགན་འཁུར་བའི”“འགན་འཁུར་བཞི”ཡི་སྙིང་སྟོབས་མུ་མཐུད་ནས་དར་བཞིན་ཡོད་པའང་མངོན་སུམ་དུ་མཐོང་བྱུང་།
རྩོམ་སྒྲིག་པ། སངས་སྐྱབས།