ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྐྱེས་པ་འདིས་རླངས་འཁོར་གཏའ་མར་བཞག་རྗེས་སླར་ཡང་ལྐོག་ཏུ་བཏང་བས་་་

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

          ཟླ10པའི་ཚེས2ཉིན་གྱི་ཞོགས་པའི་ཆུ་ཚོད8ཀྱི་སྟེང་དུ་ལྷ་སའི་གྲོང་མི་བློ་ཆེ་གེ་མོས་གསར་དུ་ཉོས་པའི་རླངས་འཁོར་དེ་གཞིས་ཁུལ་ཞིག་གི་སྒོ་འགྲམ་དུ་བཞག་པ་དང་། ཉིན་གུང་ཆུ་ཚོད12ཙམ་ལ་རླངས་འཁོར་ལེན་པར་འགྲོ་སྐབས་རང་ཉིད་ཀྱི་རླངས་འཁོར་མཐོང་རྒྱུ་མེད་པ་ཤེས་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་གི་ཉེས་དོན་གྱོད་སྒྲུབ་རུ་ཁག་ལ་ཉེན་བརྡ་བཏང་ནས་ཉེན་རྟོག་པར་བརྟག་དཔྱད་བྱ་རྒྱུའི་རེ་བ་ཞུས།
          ཉེན་བརྡ་འབྱོར་རྗེས་མྱུལ་ཞིབ་མི་སྣས་འཕྲལ་མར་ས་གནས་ས་ཐོག་ཏུ་རྩད་ཞིབ་བྱེད་པར་བསྐྱོད་དེ་བཅར་འདྲི་དང་བརྟག་དཔྱད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ལི་ཆེ་གེ་མོ་མགྱོགས་མྱུར་ངང་གཏན་འཁེལ་བྱས་པ་དང་། བརྟག་དཔྱད་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་གྱིས་རླངས་འཁོར་བཏང་ནས་ཉིང་ཁྲི་གྲོང་ཁྱེར་དུ་བསྐྱོད་པ་ཤེས་རྟོགས་བྱུང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དབྱེ་ཞིབ་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་མུ་མཐུད་ནས་རྒྱལ་ལམ318ལམ་ཐིག་བརྒྱུད་དེ་ས་ཆ་གཞན་དུ་བྲོས་བྱོལ་བྱེད་སྲིད་པས་འཕྲལ་མར་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གཡུ་ཕུག་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་འབྲེལ་གཏུག་བྱས་ནས་དོགས་ཡོད་ཉེས་ཅན་དང་དེ་བཞིན་རླངས་འཁོར་འགོག་རོགས་བྱས་ཤིང་། ཟླ10པའི་ཚེས3ཉིན་གྱི་ཐོ་རེངས་ཆུ་ཚོད3དང་སྐར་མ30ཡི་སྟེང་དུ་གཡུ་ཕུག་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་དང་རླངས་འཁོར་གཉིས་ལམ་བར་ནས་བདེ་བླག་ངང་བཀག་པ་རེད།
          ཁྲིམས་ལ་སྦྱར་རྗེས་ལི་ཆེ་གེ་མོས་མི་དམངས་ཉེན་རྟོག་པར་རང་ཉིད་ཀྱིས་རྒྱན་འཇོག་བྱས་ནས་བློ་ཆེ་གེ་མོར་སྒོར་ཁྲི9ཆད་པ་དང་སྐྱིན་ཚབ་སྤྲོད་པའི་ནུས་པ་མེད་པར་བརྟེན་རང་ཉིད་ཀྱི་རླངས་འཁོར་བློ་ཆེ་གེ་མོར་གཏའ་མར་བཞག་པ་ཡིན་ལ། དུས་མཚུངས་སུ་རླངས་འཁོར་གྱི་ལྡེ་མིག་དང་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་བློ་ཆེ་གེ་མོར་སྤྲད་པ་དང་འབྲེལ་ཁོང་ལ་རླངས་འཁོར་བཏང་ནས་ཁྱིམ་དུ་ལོག་ཏུ་བཅུག་པ་ཡིན། དེ་རྗེས་བློ་ཆེ་གེ་མོའི་རྗེས་སུ་འབྲངས་ཏེ་གཞིས་ཁུལ་དེའི་སྒོ་འགྲམ་དུ་ཡོང་ནས་ཁོང་ཡུལ་ལ་ལོག་རྗེས། ལི་ཆེ་གེ་མོས་གྲ་སྒྲིག་ལྡེ་མིག་བཟུང་ནས་རླངས་འཁོར་གྱི་སྒོ་ཕྱེས་ཏེ་ཕ་ཡུལ་ཧུའུ་པེ་ལ་འབྲོ་རྩིས་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ལམ་བར་ནས་མི་དམངས་ཉེན་རྟོག་པས་བཀག་ནས་འཛིན་བཟུང་བྱས་པ་ཡིན་ཞེས་སྐྱོན་ངོས་ལེན་བྱས། མིག་སྔར་དོགས་ཡོད་ཉེས་ཅན་དེར་ཉེས་ཆད་བཅད་ཟིན་པ་དང་གྱོད་གཞི་མུ་མཐུད་དུ་ཞིབ་གཅོད་བྱེད་བཞིན་ཡོད།
          མཚམས་སྦྱོར་བྱས་པར་གཞིགས་ན། རླངས་འཁོར་གཏའ་མར་བཞག་ནས་དངུལ་བུན་གཡར་བ་དང་དངུལ་བུན་འཇལ་རྒྱུ་དར་ཁྱབ་ཆེ་བ་དང་བསྟུན་ནས་རླངས་འཁོར་གཏའ་མར་བཞག་པ་ལས་བྱུང་པའི་རྩོད་གཞི་དང་ཁ་བསླུས་བྱུང་ཚད་ཀྱང་ཆེས་ཆེར་འཕར་བཞིན་ཡོད། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་འཁོར་བདག་རྣམས་ཀྱིས་རླངས་འཁོར་གཏའ་མར་མ་བཞག་གོང་ངེས་པར་དུ་གཏའ་མར་འཇོག་པའི་རླངས་འཁོར་གྱི་འབྲེལ་ཡོད་ལག་ཁྱེར་ལ་ཞིབ་བཤེར་ཞིབ་ཕྲ་བྱེད་དགོས་པར་མ་ཟད། རླངས་འཁོར་དོ་དམ་སྡེ་ཚན་ལ་ཞིབ་བསྡུར་བྱེད་དུ་འཇུག་དགོས། དེ་མིན་རླངས་འཁོར་གཏའ་མར་འཇོག་སྐབས་རླངས་འཁོར་གྱི་བདག་པོའི་ས་ནས་རླངས་འཁོར་གྱི་གྲ་སྒྲིག་ལྡེ་མིག་ལེན་རྒྱུ་མ་བརྗེད་པར་བྱ་དགོས་པ་མ་ཟད་དུས་ཐོག་ཏུ་རྒྱུ་བདག་བརྗེ་བའི་འགྲོ་ལུགས་ཀྱང་སྒྲུབ་དགོས། གལ་སྲིད་དེ་སྔའི་འཁོར་བདག་གིས་བསམ་བཞིན་དུ་ལྡེ་མིག་སྤྲོད་པ་དང་འགྲོ་ལུགས་གཉེར་རྒྱུ་ཕྱིར་འགྱངས་བྱེད་པའི་གནས་ཚུལ་ལ་འཕྲད་ཚེ་སྤྱི་བདེ་ལས་ཁུངས་ལ་རོགས་རམ་བྱ་རྒྱུའི་རེ་བ་ཞུས་ཆོག གལ་ཏེ་རླངས་འཁོར་རྐུ་ལ་ཤོར་བ་ཤེས་ཚེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་ཉེན་བརྡ་བཏང་ནས་ཉེན་རྟོག་ཕྱོགས་ཀྱིས་སྔན་ཚུད་ནས་བརྟག་དཔྱད་ནང་ཞུགས་པ་དང་གྱོད་གཞི་རྩད་ཆོད་བྱེད་བདེ་ཡོང་བ་བྱ་དགོས་པའི་གསལ་འདེབས་ཀྱང་བྱས་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།