ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རིམས་འགོག་ཁྲོད་ཀྱི་ལྡོག་སྐྱོད་པར་དྲོ་སྐྱིད་ཚོར་བར་བྱས།

སྤེལ་དུས 2022-08-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཆབ་མདོའི་བཅིངས་འགྲོལ་ཐང་ཆེན་གྱི་སྐབས་འཕྲལ་ཉིང་སྐྱུར་དཔེ་ལེན་ས་ཚིགས་སུ་གསར་འགོད་པས“གཅེས་སེམས་མཚོན་པའི་ཆུ”དང་མཉམ་སྤྱོད་གློག་གསོག་འབོ་སོགས་མཁོ་ཆས་མང་པོ་སྒྲིག་ཡོད་པ་མཐོང་བ་དང་། དེ་དག་ཚང་མ“སྒ་ཆབ་མདོའི་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣས”འཐབ་ས་དང་པོའི་ལས་དོན་མི་སྣར་གྲ་སྒྲིག་བྱས་པ་ཤ་སྟག་ཡིན་པ་ཤེས་རྟོགས་བྱུང་།
  འབྲེལ་གཏུག་ཐེངས་མང་བྱས་པ་བརྒྱུད་གསར་འགོད་པས་སྤྱི་ཚོགས་དང་བླངས་ཚོགས་པ་དེའི་སྒྲིག་འཛུགས་པ་ཝང་ཆིང་དང་འབྲེལ་བ་བྱེད་ཐུབ་པ་དང་། ཁོང་གི་མཛུབ་ཁྲིད་འོག་གཅེས་སེམས་དངོས་ཟོག་སྐབས་འཕྲལ་གསོག་ཉར་མཛོད་ཁང་དུ་ཁོང་དང་ཐུག་པའི་ཁོམ་པ་བྱུང་།
  ང་ཚོ་ཐོག་མར་ཐུག་སྐབས་ཝང་ཆིང་གིས་མཛོད་འཇུག་དངོས་ཟོག་ལ་ཐོ་འགོད་བཞིན་འདུག ང་ཚོས་གཅེས་སེམས་དངོས་ཟོག་གི་སྐབས་འཕྲལ་གསོག་འཇོག་མཛོད་ཁང་དུ་གཏེར་ཆུ་དང་། འོ་མ། སྟབས་བདེའི་ཐུག་པ། མེན་པའོ། དུག་སེལ་ཤོག་བུ་རློན་པ་སོགས་དངོས་ཟོག་མང་པོ་སྤུངས་ཡོད་པ་མཐོང་བྱུང་།
  ཚེས་12ཉིན། ཆབ་མདོ་གྲོང་ཁྱེར་དུ་རིམས་ནད་ཐོན་རྗེས། ཝང་ཆིང་གིས“སྒ་ཆབ་མདོའི་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣའི”སྐད་འཕྲིན་ཚོགས་པ་བཙུགས་ནས་སྨན་དོན་མི་སྣ་དང་དང་བླངས་པ་ཚོར་རིན་མེད་ལྟོ་ཆས་དང་། འཐུང་བྱ། དེ་བཞིན་དགོས་ངེས་ཀྱི་འཚོ་བའི་དངོས་ཟོག་སོགས་མཁོ་འདོན་བྱས་པས་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣའི་དོ་སྣང་བྱུང་ནས་ཚང་མ་དེའི་ནང་ཞུགས་ཏེ་ཁག་གཅིག་གིས་ནུས་ཤུགས་འདོན་པ་དང་། ཁག་གཅིག་གིས་མ་དངུལ་འདོན་པ། ཁག་གཅིག་གིས་དངོས་ཟོག་མཁོ་འདོན་བཅས་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།
  ཞལ་འདེབས་དངོས་པོ་ཅུང་མང་བའི་དབང་གིས་ཁོང་གིས་བཟའ་ཟླར་རང་ཉིད་ཀྱིས་གཡར་བའི་མཛོད་ཁང་སྤྱོད་དུ་བཅུག་པ་རེད། “དང་ཐོག་ཚོགས་པ་དེའི་ནང་ཞུགས་མཁན་གྲོགས་པོ་ཁ་ཤས་ལས་མེད་པ་དང་ཚང་མས་སྤྱི་ཚོགས་ལ་ཕན་ཐོགས་པའི་བྱ་བ་ཞིག་སྒྲུབ་འདོད་བྱེད་ཀྱི་ཡོད། རྗེས་སུ་ཚོང་པ་དང་གཅེས་སེམས་མི་སྣ་མང་པོ་དེའི་ནང་ཞུགས་པས་མིག་སྔར་ཚོགས་པར་མི་100ལྷག་ཙམ་ཡོད”ཅེས་ཝང་ཆིང་གིས་ངོ་སྤྲོད་བྱེད་ཀྱིན་དུ་གསར་འགོད་པར་སྐད་འཕྲིན་གྱི་ཚོགས་པ་བསྟན།
  ཝང་ཆིང་གིས་ད་དུང་གསར་འགོད་པར་ཉིན་ལྟར་གཅེས་སེམས་མི་སྣས་སྐད་འཕྲིན་ཚོགས་པར་རང་ཉིད་ཀྱི་ཞལ་འདེབས་དངོས་ཟོག་གསལ་བསྒྲགས་བྱེད་པ་དང་། གཅེས་སེམས་ཁ་ལོ་བས་དམིགས་འཛུགས་ས་ཚིགས་ནས་དངོས་ཟོག་རྣམས་བསྡུ་རུབ་བྱས་ཏེ་སྐབས་འཕྲལ་མཛོད་ཁང་དུ་དབོར་བ་དང་། དེ་ནས་སླར་ཡང་དགོས་མཁོ་དངོས་ལ་གཞིགས་ནས་གྲོང་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཁག་གི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་ལས་དོན་མི་སྣར་སྤྲོད་ཀྱི་ཡོད་ཅེས་བརྗོད།
  མའོ་ཐེན་ལན་ནི་སྐད་འཕྲིན་ཚོགས་པར་ཞུགས་མཁན་ཐོག་མ་དེ་ཡིན་པ་དང་། ཁོང་གིས་མ་གཞི་ཟ་ཁང་ཞིག་གཉེར་སྐྱོང་བྱེད་ཀྱི་ཡོད་རུང་། ཆབ་མདོར་རིམས་ནད་ཐོན་རྗེས་རིམས་ནད་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་ཆེད། ཁོང་གིས་འཕྲལ་མར་རང་འགུལ་ངང་ཟ་ཁང་གི་ཚོང་མཚམས་བཞག་ནས་ཉིན་ལྟར་འཐབ་ས་དང་པོའི་ལས་དོན་མི་སྣར་ཁ་ལག་རིན་མེད་ངང་མཁོ་འདོན་བྱེད་ཀྱི་ཡོད། ཉིན་འདི་དག་རིང་ཁོང་གིས་གྲོང་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཚང་མར་བསྐྱོད་པ་མ་ཟད། ད་དུང་ཁ་རུབ་ཆུས་རི་དུང་ཤང་དང་། བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ། རི་བོ་ཆེ་རྫོང་སོགས་སུ་འཚོ་བའི་དངོས་ཟོག་སྣ་ཚོགས་ཀྱང་བསྐྱལ་ཡོད།
  “ང་རང་ཆབ་མདོར་སླེབས་ནས་དུས་ཚོད་རིང་པོ་སོང་བས་ས་ཆ་དེར་བརྩེ་བ་ཆེན་པོ་ཡོད། ད་ཆ་ཆབ་མདོར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ནས། སྨན་དོན་མི་སྣ་དང་སྡེ་ཁུལ་གྱི་ལས་དོན་མི་སྣས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ཆེད་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་དཀའ་ངལ་ཆེན་པོ་ཡོད་པ་མཐོང་བས་ང་ཚོས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་མུ་མཐུད་འཁུར་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རམ་འདེགས་བྱ་རྒྱུ་ཡིན”ཞེས་མའོ་ཐེན་ལན་གྱིས་བརྗོད།
  དམངས་འཚོའི་དངོས་ཟོག་ཞལ་འདེབས་བརྒྱབ་པ་ཕུད། གཅེས་སེམས་མི་སྣ་དེ་དག་གིས་སྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་མེད། ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཀྱི་རྟགས་བཤེར་ལས་དོན་མི་སྣའི་ལག་ཐོགས་ཁ་པར་གྱི་གློག་རྫོགས་པའི་གནད་དོན་ལ་དམིགས་ནས་ཁོང་ཚོས་གློག་གསོག་འབོ་ཡི་བོགས་གཏོང་ཀུང་སིར་འབྲེལ་བ་བྱས་ཏེ། ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཚང་མར་མཉམ་སྤྱོད་གློག་གསོག་འབོ་མཁོ་འདོན་བྱས་ནས་ལས་དོན་མི་སྣས་ལག་ཐོགས་ཁ་པར་གྱི་གློག་དུས་ཐོག་ཏུ་གསོག་རྒྱུར་སྟབས་བདེ་བསྐྲུན་ཡོད།
  སྐབས་འཕྲལ་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཁག་ལ་བཅར་འདྲི་བྱེད་རིང་གསར་འགོད་པས་སྣང་བ་དེ་ཙམ་མེད་པའི་ཀྲང་ཅན་གྱི་གཟུགས་བརྙན་ཡང་ཡང་མཐོང་། ཉིན་ཤས་བསྟུད་མར་ཁོང་གིས་རང་ཉིད་ཀྱི་འཇིབ་ཆུང་རླངས་འཁོར་བཏང་ནས་མཛོད་ཁང་དང་། ཉིང་སྐྱུར་བརྟག་དཔྱད་ས་ཚིགས། གཅེས་སེམས་ཚོང་ཁང་བཅས་སུ་བསྐྱོད་ནས་དངོས་ཟོག་དབོར་འདྲེན་བྱེད་ཀྱི་ཡོད།
  “བརྟག་དཔྱད་ས་ཚིགས་གང་ཞིག་ལ་ཆུ་དང་། སྟབས་བདེའི་ཐུག་པ། སྟབས་བདེའི་ཟས་བཅས་མཁོ་ཚེ་ངས་རླངས་འཁོར་བཏང་ནས་དེ་དག་སྐྱེལ་བ་དང་། གཅེས་སེམས་ཚོང་པ་ཁག་གཅིག་གིས་དངོས་ཟོག་ཞལ་འདེབས་བརྒྱབ་རྗེས་ང་ཚོས་རླངས་འཁོར་བཏང་ནས་དེ་དག་གཅིག་གྱུར་ཐོག་མཛོད་ཁང་ནང་སྐྱེལ་གྱི་ཡོད། མཚམས་རེ་ཉིན་གཅིག་ནང་མཛོད་ཁང་དང་། ཚོང་ཁང་། ཉིང་སྐྱུར་བརྟག་དཔྱད་ས་ཚིགས་བཅས་སུ་ཡར་རྒྱུག་མར་རྒྱུག་ཐེངས་བཅུ་གྲངས་བྱེད་དགོས་ཀྱི་ཡོད”ཅེས་ཀྲང་ཅན་གྱིས་གསར་འགོད་པར་བརྗོད།
  དངོས་ཟོག་རེ་རེ་དང་བྱེད་ཐབས་རེ་རེ་ལས་གཅེས་སེམས་མཚོན་ཏེ་དེ་དག་ལས་རིམས་འགོག་གི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་ལ་སེམས་འགུལ་ཚད་མེད་ཐེབས་ཡོད་པ་རེད།