ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།

སྤེལ་དུས 2022-08-17 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་8ཚེས་15ཉིན་གྱི་ཆུ་ཚོད་14བར། བོད་ལྗོངས་སུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་160དང་རྟགས་མེད་ནད་དུག་འགོས་པ་1326ཡོད་པ་དང་། དེ་གར་ལུས་པའི་ཡུལ་སྐོར་བའི་ཞབས་ཞུ་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། མངའ་རིས་ས་ཁུལ་གྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ནད་ཡམས་རིག་པའི་བརྟག་དཔྱད་ཁུངས་འདེད་ལས་དོན་སྤེལ་བཞིན་ཡོད་པ།
  ཚེས་15ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས། བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཡུལ་སྐོར་བའི་ཞབས་ཞུ་འགན་ལེན་དང་མངའ་རིས་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་14ཉིན་གྱི་ཆུ་ཚོད་0ནས་24བར། བོད་དུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་69(དེའི་ནང་ལྷ་ས་གྲོང་ཁྱེར་ལ་ནད་དཔེ་20དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་11 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་2 ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་23 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་5 མངའ་རིས་ས་ཁུལ་ལ་ནད་དཔེ་8བཅས)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་523(དེའི་ནང་ལྷ་ས་གྲོང་ཁྱེར་ལ་ནད་དཔེ་139དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་316 ལྷོ་ཁ་གྲོང་ཁྱེར་ལ་ནད་དཔེ་19 ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་13 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་10 མངའ་རིས་ས་ཁུལ་ལ་ནད་དཔེ་26བཅས)མང་དུ་ཕྱིན་ཡོད་པ་རེད།
  ཟླ་8ཚེས་15ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་14བར། བོད་དུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་8(དེའི་ནང་གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་7དང་། ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་1)མང་དུ་ཕྱིན་པ་དང་། ཡུལ་དེ་གའི་རྟགས་མེད་ནད་དུག་འགོས་པ་232(དེའི་ནང་ལྷ་ས་གྲོང་ཁྱེར་ལ་ནད་དཔེ་44དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་131 ལྷོ་ཁ་གྲོང་ཁྱེར་ལ་ནད་དཔེ་10 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་13 མངའ་རིས་ས་ཁུལ་ལ་ནད་དཔེ་34)བཅས་མང་དུ་ཕྱིན་ཡོད་པ་རེད།
  ཟླ་8ཚེས་15ཉིན་གྱི་ཆུ་ཚོད་14བར། བོད་དུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་160དང་རྟགས་མེད་ནད་དུག་འགོས་པ་1326ཡོད་པ་དང་། བོད་དུ་ཁྱོན་བསྡོམས་ཉེན་ཁ་ཆེ་བའི་ཁུལ་121དང་ཉེན་ཁ་འབྲིང་བའི་ཁུལ་222ཡོད་པ་རེད།
  “མིག་སྔར། བོད་དུ་རིམས་ནད་མགྱོགས་མྱུར་འཕར་བའི་དུས་ཡིན་པས་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་པོ་ཡོད། ཨའོ་མེ་ཁེ་རུང་གི་རྒྱུད་འགྱུར་སྲིན་BA.2.76རྒྱུད་འགྱུར་སྲིན་གྱི་མི་མངོན་པའི་དུས་ཚོད་ཐུང་བ་དང་། འགོས་ཤུགས་ཆེ་བ། འགོས་ཚད་མགྱོགས་པ་བཅས་ཡོད་པས་མངོན་མེད་རང་བཞིན་གྱི་འགོ་ནད་མཆེད་སླ་བ་དང་། རིམ་པ་མང་པོ་ནས་འགོས་པ། འདུ་འཛོམས་རང་བཞིན་གྱིས་འགོས་ཀྱི་ཡོད། ཉིང་སྐྱུར་བརྟག་དཔྱད་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་གདགས་གཤིས་ཀྱི་ནད་དཔེ་སྙན་སེང་ཞུ་བའི་ཐབས་ཇུས་ལེགས་སྒྲིག་བྱས་པ་བརྒྱུད་མི་ཚོགས་ཁྲོད་མངོན་མེད་དུ་གནས་པའི་ནད་པ་ང་ཚོས་དེ་བས་ཤེས་རྟོགས་མགྱོགས་པོ་དང་དོ་དམ་ཚོད་འཛིན་བྱས་ནས་སྤྱི་ཚོགས་ཐོག་ལ་གཙང་བཟོ་བྱེད་ཀྱི་ཡོད”བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་གཟིགས་པ་ཝང་ཧྲོའུ་པི་ཡིས“རྒྱ་ཆེའི་མང་ཚོགས་དང་གྲོང་མི་གྲོགས་པོ་ཚོས་ང་ཚོ་དང་མཉམ་དུ་རང་རྟོགས་ངང་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ཞུས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དྲ་བ་བརྟན་དུ་གཏོང་རྒྱུའི་རེ་བ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
  བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཅི་གཡོད་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་དུས་ཐོག་ཏུ་དེ་གར་ལུས་པའི་ཡུལ་སྐོར་བ་གཅིག་སྡུད་གཅིག་གྱུར་ངང་ལོགས་འཇོག་དང་ཉིང་སྐྱུར་བརྟག་དཔྱད་སོགས་བྱས་ནས་ཡུལ་སྐོར་བ་བོད་དུ་སྡོད་རིང་གི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་དང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ས་ཁུལ(གྲོང་ཁྱེར)ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ཡུལ་སྐོར་བར་ཉིང་སྐྱུར་བརྟག་དཔྱད་ཀྱི་ཐོགས་མེད་བགྲོད་ལམ་བཏོད་པ། འགྲིམ་འགྲུལ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་འབྲེལ་མཐུད་ཧུར་ཐག་བྱས་ནས་དེ་གར་ལུས་པའི་ཡུལ་སྐོར་བ་བོད་ནས་ཕྱིར་བསྐྱོད་ཀྱི་འདྲེན་བྱེད་ཤུགས་འདང་ངེས་ཡོང་བའི་འགན་ལེན་བྱས་པ། རིམས་ནད་ཀྱི་གནས་ཚུལ་མི་ཐོན་པ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་G317དང་G318སོགས་བགྲོད་ལམ་གཙོ་བོའི་ཡུལ་སྐོར་བ་ལུས་པའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུ་རེད། ཟླ་8ཚེས་14ཉིན་གྱི་ཆུ་ཚོད་24བར་བོད་དུ་ཡུལ་སྐོར་བ་9283དང་ཚོགས་པའི་ཡུལ་སྐོར་བ་591ཡོད་པ་རེད། ཕྱི་རྒྱལ་ཡུལ་སྐོར་བ་ཚང་མ་བོད་ནས་ཁ་བྲལ་ཟིན་ཡོད་ཅེས་བརྗོད་པ་རེད།
  མངའ་རིས་ས་ཨུད་ཀྱི་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲེང་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། སྤུ་ཧྲེང་རྫོང་གི་ཉེན་ཁའི་མི་སྣར་གྲལ་བཤེར་གནད་སྨིན་དང་། དོ་དམ་ཚོད་འཛིན་གནད་སྨིན། ཉིང་སྐྱུར་བརྟག་དཔྱད་གནད་སྨིན་བཅས་བྱས་ནས། ཉེན་ཁའི་གནས་དོ་དམ་ཚོད་འཛིན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ“མི་གཅིག་ལ་ཡིག་ཚགས་གཅིག”གི་བླང་བྱ་ལྟར་རྟགས་མེད་ནད་དུག་འགོས་པར་གསོ་རིག་ལྟ་ཞིབ་ལས་དོན་སྤེལ་ནས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྒྲིག་གཞིར་གཞོགས་འདེགས་ཀྱིས་གཞི་རྒྱུ་ཚད་འཇལ་གོ་རིམ་དང་གཞི་རྒྱུ་དཔྱད་བསྡུར་ལས་དོན་ལེགས་སྒྲུབ་བྱས་པ་རེད། མངའ་རིས་ས་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་ནད་དཔེ་86སྤུ་ཧྲེང་རྫོང་གིས་སྔ་ས་ནས་ཤེས་རྟོགས་བྱུང་བའི་གདགས་གཤིས་ཡིན་པའི་ནད་པ་4ཡི་འགྲོ་ཡུལ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། མིག་སྔར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ནད་ཡམས་རིག་པའི་བརྟག་དཔྱད་ཁུངས་འདེད་ལས་དོན་སྤེལ་བཞིན་ཡོད་པ་དང་། ས་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་གདགས་གཤིས་ཡིན་པའི་ནད་པ་74ལ་ནད་ཡམས་རིག་པའི་བརྟག་དཔྱད་བྱས་པ་དང་། འབྲེལ་འདྲིས་དམ་ཟབ་ཡོད་མཁན་326ལ་ནད་ཡམས་རིག་པའི་བརྟག་དཔྱད་བྱས་པ། དེ་བྱིངས་ཀྱི་མི་སྣའི་ནད་ཡམས་རིག་པའི་བརྟག་དཔྱད་ཀྱང་དུས་ཚོད་དམ་འཛིན་གྱིས་གྲལ་བཤེར་བྱེད་བཞིན་ཡོད་པ་རེད། མངའ་རིས་ས་ཁུལ་གྱི་སྨན་བཅོས་དངོས་རྫས་གྲབས་གསོག་གིས་དགོས་མཁོ་དངོས་སྐོང་ཐུབ་པ་དང་འཚོ་བའི་མཁོ་རྫས་མཁོ་སྤྲོད་བྱེད་པའི་ཐོགས་མེད་བགྲོད་ལམ་ཤར་གཏོང་ཐུབ་པ། རྫོང་ཁག་ཚང་མས་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་དོ་དམ་ཚོད་འཛིན་བྱས་ཏེ་མི་སྣ་འགྲོ་འོང་བྱེད་ཉུང་དུ་བཏང་མོད། འོན་ཀྱང་དམངས་འཚོ་འགན་ལེན་དང་གྲོང་ཁྱེར་གྱི་གཞི་རྩའི་འཁོར་སྐྱོད་ཀྱི་དམིགས་འཛུགས་ཞབས་ཞུའི་རིགས་ཀྱི་ཁེ་ལས་དང་། ཚོང་ར་དང་སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཁེ་ལས། སྨན་ཁང་སོགས་ཚང་མ་རྒྱུན་གཏན་ལྟར་གཉེར་སྐྱོང་བྱེད་ཀྱི་ཡོད་པས་གྲོང་མིའི་གཞི་རྩའི་འཚོ་བར་ཤུགས་རྐྱེན་ཐེབས་མེད་པ་རེད།