ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་པ།

སྤེལ་དུས 2022-08-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཚེས་16ཉིན་གྱི་ཆུ་ཚོད་14བར་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ186དང་རྟགས་མེད་ནད་དུག་འགོས་པ་1983ཡོད་པ་དང་། བོད་ལྗོངས་ནས་ཐོན་སའི་འགག་སྒོ་ནན་པོར་སྲུང་བ། བུད་མེད་ཀྱི་སྟོབས་ཤུགས་རིམས་འགོག་ནང་ཧུར་ཐག་ཞུགས་པ། ཉིང་ཁྲི་གྲོང་ཁྱེར་གྱིས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་པ།
  ཚེས་16ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་ནས། བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན། རྒྱ་ཆེའི་བུད་མེད་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ནུས་པ་འདོན་པ། ཉིང་ཁྲི་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་15ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་26(དེའི་ནང་གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་16དང་། ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་1 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་3 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་6བཅས)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་629(དེའི་ནང་ལྷ་ས་གྲོང་ཁྱེར་ལ་ནད་དཔེ་237དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ311 ལྷོ་ཁ་གྲོང་ཁྱེར་ལ་ནད་དཔེ14 ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ4 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་1 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ18 མངའ་རིས་ས་ཁུལ་ལ་ནད་དཔེ44བཅས)མང་དུ་ཕྱིན་ཡོད།
  ཟླ་8ཚེས་16ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་དཔེ་8མང་དུ་ཕྱིན་པ་དེའི་ནང་ལྷ་ས་གྲོང་ཁྱེར་དུ་ནད་དཔེ་5དང་ཆབ་མདོ་གྲོང་ཁྱེར་དུ་ནད་དཔེ་3ཡོད། རྟགས་མེད་ནད་དུག་འགོས་པ264(དེའི་ནང་ལྷ་ས་གྲོང་ཁྱེར་དུ་ནད་པ74དང་། གཞིས་རྩེ་གྲོང་ཁྱེར་དུ་ནད་པ114 ལྷོ་ཁ་གྲོང་ཁྱེར་དུ་ནད་པ36 ཆབ་མདོ་གྲོང་ཁྱེར་དུ་ནད་པ1 ནག་ཆུ་གྲོང་ཁྱེར་དུ་ནད་པ་11 མངའ་རིས་ས་ཁུལ་དུ་ནད་པ28བཅས)མང་དུ་ཕྱིན་ཡོད་པ་རེད།
  ཟླ་8ཚེས་16ཉིན་གྱི་ཆུ་ཚོད་14བར། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་186དང་རྟགས་མེད་ནད་དུག་འགོས་པ1983ཡོད་པ་དང་། ལྗོངས་ཡོངས་སུ་ཁྱོན་བསྡོམས་ཉེན་ཁ་ཆེ་བའི་ཁུལ་104དང་ཉེན་ཁ་འབྲིང་བའི་ཁུལ་215ཡོད་པ་རེད།
  བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས། རིམས་ནད་ཐོན་ཚུན། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་སེམས་ཁུར་དང་། རོགས་རམ། བསམ་ཤེས། རྒྱབ་སྐྱོར་བཅས་གནང་བར་ང་ཚོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིམས་ནད་ཀྱི་དུས་འགོར། བོད་ལྗོངས་སུ་ཨའོ་མེ་ཁེ་རུང་ལ་ཁ་གཏད་གཅོག་པའི་ཉམས་མྱོང་མེད་པའི་དབང་གིས་སྤུན་ཟླའི་ཞིང་ཆེན་ཁག་གཅིག་ལ་རིམས་ནད་མཆེད་པས་ང་ཚོར་གནོང་འགྱོད་ཆེན་པོ་བྱུང་། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཆད་སྐྱོན་སེལ་བ་དང་། བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ལྗོངས་ནང་ཁུལ་གྱི་རིམས་ནད་བཀག་འགོག་ནུས་ལྡན་བྱེད་པ། ཁྱབ་འགྱེད་མི་འགྲོ་བ་དང་ཕྱི་ལ་མི་མཆེད་པའི་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་ཤུགས་ཆེན། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བཅས་གནང་བར་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
  ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཤར་བགྲོད་འགན་ལེན་གྱི་གནས་ཚུལ་སྐོར་ལ། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་ཐིང་ཀྲང་གཞོན་པ་ཀྲན་ཧྲུའེ་ཧྥུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གཞུང་ལམ་ཐད་རིམས་ནད་ཀྱི་འཕེལ་ཕྱོགས་ལ་གཞིགས་ཏེ་ཚེས་13ཉིན་ནས་བཟུང་ཞིང་ཆེན་དབར་དང་གྲོང་ཁྱེར་དབར་གྱི་གཞུང་ལམ་འགྲུལ་སྐྱེལ་ལམ་ཐིག་གནས་སྐབས་མཚམས་འཇོག་བྱས་པ་དང་། མིག་སྔར་གཞུང་ལམ་སྐྱེལ་འདྲེན་གྱི་བགྲོད་ལམ་ཤར་གཏོང་དང་དངོས་ཟོག་སྐྱེལ་འདྲེན་སྤྱིའི་ཆ་ནས་རྒྱུན་གཏན་ཡིན་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཁྱོན་འཕྲལ་སྡོམ་སྐྱེལ་འདྲེན་རླངས་འཁོར་768གྲབས་གསོག་བྱས་པ་དང་། ལྗོངས་ཡོངས་སུ་ཁྱོན་འཕྲལ་སྡོམ་འགྲུལ་སྐྱེལ་རླངས་འཁོར་308བཏང་བ། གཞིས་རྩེ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་གནམ་ཐང་དང་མེ་འཁོར་བབས་ཚུགས་སོགས་ནས་ཁྱོན་འགྲུལ་པ་མི་ཐེངས་5464དབོར་ཡོད། ལྕགས་ལམ་ཐད་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་བབས་ཚུགས་ཁུལ་གྱི་ཚན་པ་ཁག་གིས་འགྲུལ་པ་གོ་རིམ་ལྡན་པའི་ངང་ཕྱིར་ལོག་བྱེད་པར་འཕྲལ་སྡོམ་སྐྱེལ་འདྲེན་འགན་ལེན་དང་ཞབས་ཞུ་ཁག་མཁོ་འདོན་ཧུར་ཐག་བྱས་པ་དང་། མིག་སྔར་ལྕགས་ལམ་སྡེ་ཚན་གྱིས་ཁྱོན་བོད་ནས་འགྲུལ་པ་34937དབོར་ཡོད་པ་རེད། དམངས་སྤྱོད་མཁའ་འགྲུལ་ཐད་རིམས་འགོག་དངོས་ཟོག་དང་། བོད་སྐྱོར་སྨན་བཅོས་རུ་ཁག འགྲུལ་པ་བཅས་བདེ་འཇགས་དང་བདེ་བླག་ངང་སྐྱེལ་འདྲེན་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། ཟླ་8ཚེས་8ཉིན་ནས་བཟུང་། རིམ་རྩིས་བྱས་ན་རྒྱལ་ཡོངས་ས་གནས་ཁག་གི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་མི་ཐེངས་758མགྱོགས་མྱུར་བོད་དུ་ཡོང་བའི་འགན་ལེན་དང་རིམས་འགོག་དངོས་ཟོག་ཏུན་701བོད་ལྗོངས་སུ་འབྱོར་བའི་འགན་ལེན་བྱས་པ་དང་། ཚེས་15ཉིན་བར་ཡུལ་སྐོར་བ་མི་ཐེངས་69173བོད་ནས་ཐོན་པའི་འགན་ལེན་བྱས་པ་རེད། སྦྲག་སྲིད་ཐད་རིམས་ནད་ཐོན་རིང་སྐུར་སྐྱེལ་ཐབས་ལམ་བརྒྱུད་རིམས་ནད་མི་མཆེད་སྔོན་འགོག་ནན་པོ་བྱས་ནས་མཐོ་རྒྱུགས་སློབ་བསྡུའི་བརྡ་ཐོ་དང་དེ་བཞིན་ཡིག་ཆ་གལ་ཆེན་བདེ་འཇགས་དང་། ཡང་དག་པ། དུས་ཐོག་བཅས་ཀྱི་སྒོ་ནས་སྐྱེལ་ཐུབ་པའི་འགན་ལེན་བྱས་ཤིང་། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་མཐོ་རྒྱུགས་སློབ་བསྡུའི་བརྡ་ཐོ་ཚང་མ་བསྐྱལ་ཟིན་པ་རེད།
  ཀྲན་ཧྲུའེ་ཧྥུན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་གློག་རྡུལ་ལམ་ཡིག་མ་ལག་ཟླ་8ཚེས་12ཉིན་སྤྱོད་འགོ་ཚུགས་པ་ནས་ཚེས་16ཉིན་གྱི་ཆུ་ཚོད་12བར“སྐྱེལ་འདྲེན་ལག་ཁྱེར་ཤར་བགྲོད”ཀྱི་APPའཁོར་སྐྱོད་བརྟན་པོ་ཡོད་པ་དང་། རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་མ་ལག་དེ་བརྒྱུད་གློག་རྡུལ་ལམ་ཡིག་5357ཞིབ་དཔྱད་བྱས་ནས་སྤྲད་ཡོད། ཚེས་16ཉིན་གྱི་ཆུ་ཚོད་12ནས་བཟུང་། གཞུང་ལམ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་སྡེ་ཚན་གྱིས་བོད་ནས་ཐོན་མཁན་ཚང་མར“ཉིན་གསུམ་རིང་བརྟག་དཔྱད་ཐེངས་གཉིས”(ཉིན་གསུམ་བསྟུད་མར་བར་ཐག་ཆུ་ཚོད་24ཡི་ནང་ཉིང་སྐྱུར་བརྟག་དཔྱད་ཐེངས་2བྱས་པ)སྲིབས་གཤིས་ཡིན་པའི་ར་སྤྲོད་ཡི་གེ་དང་། བོད་ཤར་བགྲོད་ཀྱི་ལྗང་མདོག་ཨང་རྟགས། ནད་འགོག་གཞི་རྐྱེན་བརྟག་དཔྱད་སྲིབས་གཤིས་ཡིན་པ་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལག་བསྟར་བྱེད་འགོ་ཚུགས་པ་རེད།
  བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་རིམ་པ་དང་པོའི་སྐོར་གཟིགས་པ་ཀྲང་ལི་རུང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་དང་། ཚོགས་པའི་ཚོགས་མི། བུད་མེད་དང་བླངས་པ་བཅས་ཀྱིས“ཏང་གིས་འབོད་སྐུལ་བྱས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱ་སྤྱོད་སྤེལ་རྒྱུ”མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མཉམ་དུ་རིམས་འགོག་བྱས་ཏེ་ཁྱིམ་ཚང་ཆུང་ངུ་བསྲུངས་ནས་མི་ཚང་མའི་ཆེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་ཆེད་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་དམིགས་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྨྱན་སྦྱོར་གསར་པའི་ལས་སྟེགས་ཐོག“12338”ཀྱི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ཐད་སྦྲེལ་ཁ་པར་དང་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འབྲེལ་གཏུག་བྱེད་སྟངས་ཁྱབ་བསྒྲགས་བྱས་པ་དང་། བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་ཀྱི་ཆེད་ལས་ཁྲིམས་རྩོད་པ་7སྒྲིག་འཛུགས་བྱས་ནས་ཁྱིམ་སྡོད་བུད་མེད་དང་བྱིས་པར་དྲ་ཐོག་བཅའ་ཁྲིམས་བློ་འདྲི་དང་གཉེན་སྒྲིག་དང་ཁྱིམ་ཚང་གི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་ཞབས་འདེགས་ཞུས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
  ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཚེ་རིང་འབྲིང་བས། རིམས་ནད་ཐོན་པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡིད་ཆེས་བརྟན་པོ་དང་མགྱོགས་མྱུར་ངང་ཚོད་འཛིན་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཚགས་ཚུད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། ནད་ཡམས་རིག་པའི་བརྟག་དཔྱད་ཁུངས་འདེད་ཡང་དག་བྱས་པ་དང་། ལྗོངས་ནང་ཁུལ་གྱི་ས་ཁུལ་དང་། གྲོང་ཁྱེར། དེ་བཞིན་ལྗོངས་ཕྱིའི་ཁྱིམ་མཚེས་ས་ཁུལ་དང་གྲོང་ཁྱེར་བཅས་6ལ་བརྡ་ཁྱབ་མཐུན་སྦྱོར་ཞིབ་བཤེར་ལམ་སྲོལ་བཙུགས་ནས་ཟླ་8ཚེས་14ཉིན་བར་ཐད་འབྲེལ་པ་637དང་། གཞན་བརྒྱུད་འབྲེལ་འདྲིས་ཡོད་མཁན་2009གྲལ་བཤེར་ཐུབ་པ་དང་འབྲེལ་དེ་མཚུངས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་ཀྱང་དོན་འཁྱོལ་བྱས་ཡོད། དུས་ཐོག་ཏུ་ཉིང་སྐྱུར་བརྟག་དཔྱད་བྱས་ནས་ཉེན་ཁ་ཆེ་བ་དང་འབྲིང་བའི་ཁུལ་དང་ཉེན་ཁ་ཆུང་བའི་ཁུལ་དུ་ཉིང་སྐྱུར་མ་དཔེ་ལེན་མཁན་953བཀོད་སྒྲིག་བྱས་པ་དང་། དང་བླངས་པ་200སྐོང་འཐེན་བྱས་ཏེ་མི་ཚང་མར་ཉིང་སྐྱུར་བརྟག་དཔྱད་བྱས་པ་རེད། བཀག་བསྡོམས་དོ་དམ་ཞིབ་ཚགས་བྱས་ནས་ཉེན་ཁ་ཆེ་བ་དང་འབྲིང་བའི་ཁུལ་དུ་སོར་གནས་དོ་དམ་ལག་བསྟར་དང་བགྲོད་ལམ་གཙོ་བོར་དམ་པོར་དམིགས་ནས། ཟླ་8ཚེས་7ཉིན་ནས་ཚེས་14ཉིན་གྱི་ཆུ་ཚོད་15བར་ཉིང་ཁྲིར་བསྐྱོད་མཁན་51479དང་ཉིང་ཁྲི་ནས་དོན་མཁན་54989ལ་གྲལ་བཤེར་བྱས་པས་ཉིང་ཁྲིར་བསྐྱོད་མཁན་ཉུང་དུ་ཕྱིན་པ་དང་ཉིང་ཁྲི་ནས་དོན་མཁན་མང་དུ་ཕྱིན་ཡོད་པ་རེད། ཁྱོན་ཡོངས་ལ་དུག་སེལ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་བཅད་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་གྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཟླ་8ཚེས་16ཉིན་གྱི་ཆུ་ཚོད་ཀླད་ཀོར་བར་གྲོང་ཁྱེར་ཡོངས་སུ་དུག་སེལ་དང་དོ་དམ་བྱེད་པའི་དུས་ཚོད་དེ་སླར་ཡང་ཟླ་8ཚེས་19ཉིན་གྱི་ཆུ་ཚོད་ཀླད་ཀོར་བར་ཉིན་གསུམ་རིང་དུ་བཏང་ཡོད། གོ་རིམ་ལྡན་པའི་ངང་མི་སྣ་ཁག་བགོས་བྱེད་པ་དང་། ཡུལ་སྐོར་ཞབས་ཞུའི་ཚོགས་ཆུང་ཆེད་མངགས་བཙུགས་ནས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་མི་སྣ་ཁག་བགོས་བྱས་ཏེ་ཟླ་8ཚེས་13ཉིན་ནས་བཟུང་ཉེན་ཁ་ཆེ་བའི་ཁུལ་དུ་ལུས་པའི་གྲོང་ཁུལ་གྱི་ཁྱབ་ཁོངས་ནང་གི་གསོལ་མགྲོན་ཁང་གི་མི་སྣར་རིན་མེད་ངང་ཉལ་ཁང་བཀོད་སྒྲིག་བྱས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དང་མཐུན་པའི་ཉིང་ཁྲི་ནས་ཕྱིར་ལོག་མཁན་ལ་རླངས་འཁོར་བཀོད་སྒྲིག་བྱས་ནས་གནས་ཀྱིས་གནས་ལ་གཞིགས་ཏེ་མེ་འཁོར་བབས་ཚུགས་དང་གནམ་ཐང་དུ་བསྐྱལ་ཡོད། དངོས་ཟོག་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱས་པ་དང་མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་སྨན་བཅོས་དངོས་ཟོག་གྲབས་གསོག་འདང་ངེས་ཡོད་པ་དང་། རིམས་འགོག་ལས་དོན་གྱི་དགོས་མཁོ་སྐོང་ཐུབ་པ། འཚོ་བའི་མཁོ་རྫས་མི་འདང་བ་དང་ཆད་པའི་གནས་ཚུལ་ཐོན་མེད་པ། ཁྲོམ་རའི་འཁོར་སྐྱོད་བརྟན་པོ་བཅས་ཡོད་པས་གྲོང་མིས་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་མང་པོའི་ཐོག་ནས་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཉོས་ཏེ་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།