ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཀརྨ་ཚེ་བརྟན་གྱིས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་མཁས་ཅན་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2025-12-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཚེས་28ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་མཁས་ཅན་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་དང་2026ལོའི་སྲིད་གཞུང་ལས་དོན་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
  བཞུགས་མོལ་ཚོགས་འདུ་འཚོག་ཡུལ་དུ་དགའ་སྤྲོས་ཁེངས་པ་དང་ཀུའུ་ལི་མའེ་དང་། ཁྲེན་ཕུའུ། ཐུབ་བསྟན་མཁས་གྲུབ། ཝང་ཏ་ཕེང་། དགེ་ལེགས་པ་སངས། ཉེ་ཞུའེ་ཀྲི། བློ་བཟང་དོན་གྲུབ། ཝེ་ཅན་པིན། ཕེང་ཁུན་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་མཁས་ཅན་གྱི་འཐུས་མིས་རང་སོ་སོའི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་རང་ཉིད་ཀྱི་དགེ་མཚན་ལ་གཞིགས་ཏེ་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པ་རེད།
  ཀརྨ་ཚེ་བརྟན་གྱིས་གཏམ་བཤད་ནན་ཏན་གསན་རྗེས། ཚང་མའི་གཏམ་བཤད་ལ་ལྟ་ཚུལ་ཕུན་སུམ་ཚོགས་པ་དང་དམིགས་སའི་རང་བཞིན་ཆེན་པོ་ལྡན་པས། ང་ཚོས་ནན་ཏན་གྱིས་གསེད་བཀྲོལ་ཞིབ་འཇུག་དང་བསྡུ་ལེན་དང་དཔྱད་གཞིར་གང་ལེགས་བཟུང་སྟེ་ཚང་མའི་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བསམ་ཕྱོགས་དང་དངོས་སྒྲུབ་བྱེད་ཐབས་སུ་ཧུར་ཐག་འགྱུར་བ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
  ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་བ་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་རིག་ཇུས་ཚོགས་པ་ཡག་པོ་ཞིག་བྱས་ཏེ་རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་ནུས་པ། མང་ཚོགས་ཀྱི་རེ་སྒུག འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ལ་དམིགས་ནས་རང་སོ་སོའི་ཞིབ་འཇུག་ཁྱབ་ཁོངས་དང་བོད་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཏེ་མིག་སྔའི་གནད་དོན་ཐག་གཅོད་ཐུབ་པ་དང་། འབྱུང་འགྱུར་ལ་ཁྲིད་སྟོན་ཐུབ་པ། སྤྱི་ཡོངས་ལ་སྐུལ་ཁྲིད་ཐུབ་པ་བཅས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་མང་ཙམ་ཇུས་འགོད་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། དམངས་གཙོའི་ཐབས་ཇུས། ཁྲིམས་ལྟར་ཐབས་ཇུས་བཅས་ལ་ཕན་ཡོད་ཀྱི་དཔྱད་གཞི་དེ་བས་མང་བ་འདོན་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ཁེ་ལས་དང་ཁེ་ལས་མཁས་ཅན་ཚོས་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱས་ཏེ། གཙོ་ལས་བརྟན་སྲུང་དང་ཁེ་ལས་སྟོབས་ཆེར་གཏོང་བ་དང་། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་རྒྱུའི་རེ་བ་ཡོད། ང་ཚོས་ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས“ལས་ཆོད་ཆེན་པོས་བྱ་བ་གཅིག་སྒྲུབ་པ”གཞི་རྟེན་དུ་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་གཏོད་པ་དང་། ཁེ་ལས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས། ཞབས་ཞུའི་འགན་སྲུང་སྔར་ལས་ནུས་ལྡན་མཁོ་འདོན་བྱས་ཏེ། ཐོན་སྐྱེད་རྒྱུ་རྐྱེན་སྣ་ཚོགས་ལ་འགོག་རྐྱེན་བཟོ་བའི་འགག་གནད་དང་དཀའ་གནད་བསལ་ནས་ཁེ་ལས་བོད་དུ་བློ་བདེའི་ངང་གཉེར་སྐྱོང་དང་འཕེལ་རྒྱས་གཏོང་ཐུབ་པ་བྱེད་དགོས།