ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས6.7%འཕར།

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           ཟླ10པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་གསར་འགྱུར་མགྲིན་ཚབ་པ་དབྱི་ཧྥུན་གྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཁྱབ་བསྒྲགས་བྱས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་གཅིག་གྱུར་ཞིབ་རྩིས་མཇུག་འབྲས་ལྟར་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2401.8ལ་སླེབས་ནས། ལོ་སྔོན་མའི་དུས་མཚུངས་ལས6.7%འཕར་ཡོད་པ་དང་། ལོ་གཉིས་ཀྱི་ནང་ཆ་སྙོམས་འཕར་ཚད་ཀྱིས3.9%ཟིན་ཡོད།
           དབྱི་ཧྥུན་གྱིས་ད་ལོ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྲ་བརྟན་གྱི་མགོ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བརྟན་ཐོག་ཡར་བརྩོན་གྱི་བྱ་བའི་གཞི་རྩའི་དགོངས་གཞི་མཐའ་འཁྱོངས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་སླར་གསོ་ཐུབ་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། ཐོན་སྐྱེད་ཀྱི་དགོས་མཁོ་རིམ་བཞིན་སླར་གསོ་ཐུབ་པ། འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་གསོག་ཉར་ཐུབ་པ། དམངས་འཚོ་འགན་ལེན་ནུས་ལྡན་ཐུབ་པ། གྲོང་མིའི་ཡོང་འབབ་བརྟན་འཇགས་ངང་འཕར་བ། སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ཇེ་ལེགས་སུ་འགྲོ་བ་བཅས་བྱུང་ཡོད།
           གཞན་ཡང་ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་བཏང་བ་དང་།ཙོང་ཆུ་ཞིང་ཆེན་ཕྱི་རུ་བཞུར་བའི་མཚམས་ཀྱི་ཆུའི་སྤུས་ཚད་བརྟན་འཇགས་ཀྱིསⅢརིགས་སུ་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད94.7%ཟིན་ཡོད། གླེང་རིན་ཡོད་པ་ཞིག་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དེ་རྒྱལ་ཡོངས་ཀྱི་ཁག་དང་པོར་སླེབས་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་དང་པོར་གྱུར་ཡོད་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོན།