དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དགུ་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།

སྤེལ་དུས 2021-03-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་3ཚེས་15ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དགུ་པ་གཙོ་སྐྱོང་གནང་ནས། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་གནད་དོན་ལ་སྐུལ་འདེད་དང་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་གཞི་རྩའི་བསམ་ཕྱོགས་དང་བྱེད་ཐབས་གཙོ་བོར་ཞིབ་འཇུག་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་རང་རྒྱལ་གྱི་ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ཕུགས་ལ་དམིགས་པ་དང་། མིག་སྔར་ཕན་ཚུན་ལྟ་རྟོག ཞན་ཆ་སེལ་བ། ཉམས་ཞན་རྣམ་གྲངས་སྟོབས་ཆེར་གཏོང་བ། གསར་གཏོད་ཀྱི་ཁོར་ཡུག་གཏོད་པ། མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བཅས་བྱས་ཏེ་ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བརྒྱུད་རིམ་རང་བཞིན་གྱི་རྒྱ་ཆེ་ལ་གཏིང་ཟབ་པའི་འགྱུར་ལྡོག་ཅིག་ཡིན་པས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ཡོང་བ་བྱ་རྒྱུ་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་བཀོད་ཇུས་ནང་བཞག་སྟེ་ལྕགས་ལ་ཤུར་ཁ་ཐོན་པའི་ངར་ཤུགས་ཀྱི་ཐོག་ནས་དུས་བཀག་ལྟར་2030ལོའི་གོང་དུ་ཐཱན་ཚད་མཐོ་ཤོས་དང་2060ལོའི་གོང་དུ་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
       ཚོགས་འདུའི་ཐོག་ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཀྱི་སྙན་སེང་དང་། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། སྐྱེ་ཁམས་ཁོར་ཡུག་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱི་སྤྱིའི་བསམ་ཕྱོགས་དང་བྱེད་ཐབས་གཙོ་བོའི་སྙན་སེང་གསན་པ་རེད།
       ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་སོང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་གནས་བབ་དང་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ལས་སྟེགས་དཔལ་འབྱོར་དེ་སྤྱི་ཚོགས་ཡོངས་ཀྱི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་མཐོ་རུ་གཏོང་བ་དང་། ལག་རྩལ་དང་ཐོན་ལས་གསར་བསྒྱུར་ཆ་འཕྲིན་ཅན་དང་། གྲངས་འཛིན་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་པ་བཅས་ཐད་ཕན་ཐོགས་ཡོད་ལ། རིག་ནུས་ཅན་དང་། ས་ཁོངས་ཧྲིལ་པོ་ཅན། རང་གཤིས་ཅན། ཞིབ་ཚགས་ཅན་བཅས་ཀྱི་རྒྱལ་ཁབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བར་ཡང་ཕན་ཐོགས་ཡོད། རང་རྒྱལ་གྱི་ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་དུས་བབ་བཟང་བ་དང་ནུས་པ་དགེ་མཚན་ལྡན་པ་དང་ཆབས་ཅིག མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཀྱང་ལྷག་ཡོད་ཅིང་། ལས་སྟེགས་ཁེ་ལས་འགའ་ཤིག་གི་འཕེལ་རྒྱས་ཚད་ལྡན་མེད་ལ་ཉེན་ཁ་གནས་པ་དང་། ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་གང་ལེགས་མ་བྱུང་བ་དང་ཞན་ཆ་གནས་པ་མ་ཟད། ལྟ་འདོམས་སྒྲིག་སྲོལ་འཐུས་སྒོ་མི་ཚང་བའི་གནད་དོན་ཡང་མངོན་གསལ་དོད་ཙམ་ཡོད།
       ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འགྲན་རྩོད་ལེགས་ཆ་གསར་པ་གཏོད་པའི་འཐབ་ཇུས་ཀྱི་མཐོ་ཚད་དང་བསྟུན་ནས་འཕེལ་རྒྱས་དང་ཚད་ལྡན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ་དང་། ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ལས་སྟེགས་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་སྲོལ་ཁ་གསལ་བཟོ་བ། མཐའ་ཚད་གསལ་པོ་འབྱེད་པ། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། སྒྲིག་ལམ་ཚད་ལྡན་དུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་དང་རྒྱལ་ནང་དང་རྒྱལ་སྤྱི་དེ་བས་སྤྱི་འདོམས་ཡག་པོ་བྱེད་པ། གཞུང་དྲང་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། སྒེར་སྡོམ་ལ་ངོ་རྒོལ་བཅས་བྱས་ཏེ་གོ་རིམ་མེད་པའི་སྒོ་ནས་མ་རྩ་རྒྱ་སྐྱེད་གཏོང་རྒྱུ་བཀག་འགོག་བྱེད་དགོས། ཚད་ལྡན་དང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་དམངས་ཀྱི་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་བཅོས་སྐྱོང་གི་མཉམ་ཤུགས་ཆགས་པར་བྱེད་དགོས། སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གསོན་ཤུགས་ལྡན་པ་དང་གསར་གཏོད་ཀྱི་ནུས་པ་ལྡན་པའི་ལམ་ལུགས་ཀྱི་ཁོར་ཡུག་བསྐྲུན་ནས་རྒྱལ་སྤྱིའི་ལག་རྩལ་སྤེལ་རེས་དང་ཞིབ་སྤེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ཏེ་ལས་སྟེགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
       ཚོགས་འདུའི་ཐོག་བསྟན་དོན། སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་སྟེགས་དཔལ་འབྱོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་སྲོལ་གྱི་སྟོང་ཆ་སྐོང་བ་དང་ཞན་ཆ་སེལ་བ། གྲངས་གཞིའི་ཐོན་དབང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་སྟེགས་ཁེ་ལས་ཀྱི་གྲངས་གཞིའི་བདེ་འཇགས་འགན་འཁྲིར་ཤུགས་སྣོན་རྒྱག་དགོས། ལྟ་འདོམས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ལྟ་འདོམས་ཀྱི་སྒྲོམ་གཞི་ལེགས་སྒྲིག་བྱེད་པ། བྱ་བ་མ་བསྒྲུབ་གོང་དང་། སྒྲུབ་རིང་། བསྒྲུབས་རྗེས་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་ལྟ་འདོམས་བྱེད་པ། སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་ལྟ་འདོམས་སྟོབས་ཤུགས་ཆེ་རུ་གཏོང་བ། ལྟ་འདོམས་ཀྱི་དབང་གྲགས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་དངུལ་རྩའི་ལས་སྒོ་ཚང་མ་དངུལ་རྩའི་ལྟ་འདོམས་ཁོངས་སུ་འཇོག་དགོས། ལས་སྟེགས་དཔལ་འབྱོར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཀ་ལེགས་པའི་འཚོ་བར་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བ་དང་། བཟོ་ལས་དྲ་སྦྲེལ་གྱི་ལས་སྟེགས་མགྱོགས་མྱུར་སྤྱད་དེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བ། འཛད་སྤྱོད་ཁྱབ་ཁོངས་ཀྱི་ལས་སྟེགས་ཁེ་ལས་ཀྱིས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ལ་རྒྱབ་སྐྱོར་བཅས་བྱས་ནས་སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་མང་དུ་གཏོང་དགོས། ལས་སྟེགས་ཀྱི་ཁྲོམ་རའི་བྱེད་པོ་ཁག་གི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་སྟེགས་ཁེ་ལས་ཀྱིས་ཚོང་ཟོག་གི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་འགན་ལེན་སོགས་ཀྱི་འགན་འཁྲི་འཁུར་རྒྱུར་ལྟ་སྐུལ་བྱེད་པ། སྤྱོད་མཁན་གྱི་གྲངས་གཞིའི་ཁེ་དབང་དང་མི་སྒེར་གྱི་གསང་དོན་དབང་ཆ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་ལས་སྟེགས་ཁེ་ལས་ཀྱི་ངལ་རྩོལ་སྲུང་སྐྱོང་འགན་འཁྲི་ཁ་གསལ་བཟོ་དགོས། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། ལས་སྟེགས་ཁེ་ལས་ཀྱིས་ཞིབ་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་ལག་རྩལ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཚན་རྩལ་ཁེ་ལས་འབྲིང་ཆུང་གི་གསར་གཏོད་ལ་རོགས་སྐྱོར་བཅས་བྱ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།
       ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རང་རྒྱལ་གྱིས་2030ལོའི་གོང་དུ་ཐཱན་ཚད་མཐོ་ཤོས་དང་2060ལོའི་གོང་དུ་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བསམ་བློ་ཞིབ་ཚགས་བཏང་ནས་གཏན་འཁེལ་བྱས་པའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དེ་ཀྲུང་ཧྭ་མི་རིགས་མུ་མཐུད་འཕེལ་རྒྱས་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དང་འབྲེལ་བ་ཡོད། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་འབུད་ཚད་ཉུང་གཏོང་དང་། སྤྱི་ཡོངས་དང་ཆ་ཤས། དུས་ཐུང་དང་དུས་ཡུན་རིང་འབྲིང་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕྱོགས་ཡོངས་ལྗང་མདོག་ཕྱོགས་སྒྱུར་གྱིས་སྣེ་ཁྲིད་བྱེད་པ། ནུས་རྒྱུ་དང་། ལྗང་མདོག ཐཱན་ཉུང་བཅས་འཕེལ་རྒྱས་གཏོང་རྒྱུ་འགག་རྩར་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་གྲུབ་ཆ་དང་། ཐོན་སྐྱེད་བྱེད་ཐབས། འཚོ་བ་སྐྱེལ་སྟངས། བར་མཐོངས་རྣམ་པ་བཅས་མགྱོགས་མྱུར་ཆགས་པར་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། རྒྱལ་ཡོངས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་ནན་ཏུ་གཏོང་བ་བཅས་བྱས་ཏེ་ས་གནས་ཁག་གི་དོན་དངོས་ལ་གཞིགས་ནས་རིགས་དབྱེ་ཇུས་བསྟར་བྱེད་དགོས། ནུས་རྒྱུའི་ཐོན་ཁུངས་གྲོན་ཆུང་བྱ་རྒྱུ་ཨང་དང་པོར་བཞག་སྟེ། ཕྱོགས་ཡོངས་ནས་གྲོན་ཆུང་གི་འཐབ་ཇུས་ལག་བསྟར་བྱས་ནས་གྲོན་ཆུང་ཚད་རན་པོ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས། སྲིད་གཞུང་དང་ཁྲོམ་ར་གཉིས་ཀ་ནས་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རྩལ་དང་ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་ནུས་རྒྱུ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལྕག་སྐུལ་གཅུན་འདོམས་ཀྱི་ལམ་སྲོལ་ནུས་ལྡན་ཆགས་པར་བྱེད་དགོས། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ནུས་རྒྱུ་ཐོན་ཁུངས་སྤྱི་འདོམས་ནུས་ལྡན་བྱེད་དགོས། ཉེན་ཁ་དབྱེ་འབྱེད་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་སྦགས་བཙོག་དང་ཐཱན་ཉུང་གཏོང་དང་ནུས་རྒྱུ་བདེ་འཇགས་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས། འབྲུ་རིགས་ཀྱི་བདེ་འཇགས། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།
       ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅུ་བཞི་པ”ནི་ཐཱན་ཚད་མཐོ་ཤོས་ཀྱི་འགག་རྩའི་དུས་དང་ཞིབ་དཔྱད་བྱེད་པའི་དུས་སྐབས་ཡིན་པས་གཤམ་གསལ་ལས་དོན་ཁག་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས་པ་སྟེ། གཙང་མ་དང་། ཐཱན་ཉུང་། བདེ་འཇགས། ནུས་ཆེ་བཅས་ཀྱི་ནུས་རྒྱུའི་མ་ལག་བསྐྲུན་ཏེ། རྡོ་འགྱུར་ནུས་རྒྱུའི་སྤྱི་འབོར་ལ་ཚོད་འཛིན་བྱེད་པ་དང་། སྤྱོད་པའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ། བསྐྱར་སྐྱེས་ནུས་རྒྱུའི་ཚབ་བྱེད་བྱ་སྤྱོད་ལག་བསྟར་བྱེད་པ། གློག་ཤུགས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ནུས་རྒྱུ་གསར་པ་གཙོ་བོར་བྱས་པའི་གློག་ཤུགས་མ་ལག་གསར་པ་སྐྲུན་དགོས། གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་སྦགས་བཙོག་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། བཟོ་ལས་ཁྱབ་ཁོངས་སུ་ལྗང་མདོག་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ། འཛུགས་སྐྲུན་ཁྱབ་ཁོངས་སུ་ནུས་རྒྱུ་གྲོན་ཆུང་གི་ཚད་གཞི་མཐོ་རུ་གཏོང་བ། འགྲིམ་འགྲུལ་ཁྱབ་ཁོངས་སུ་ལྗང་མདོག་ཐཱན་ཉུང་གི་སྐྱེལ་འདྲེན་བྱེད་ཐབས་མགྱོགས་མྱུར་ཆགས་པ་བཅས་བྱེད་དགོས། ལྗང་མདོག་ཐཱན་ཉུང་ལག་རྩལ་ལ་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་གལ་ཆེན་མངོན་འགྱུར་བྱེད་པ་དང་། ཐཱན་ཉུང་གི་ལག་རྩལ་གསར་ཤོས་ཞིབ་འཇུག་བཀོད་སྒྲིག་བྱ་རྒྱུར་དམ་འཛིན་བྱེད་པ། སྦགས་བཙོག་དང་ཐཱན་ཉུང་གཏོང་གི་ལག་རྩལ་སྤྱོད་རྒྱུ་མགྱོགས་མྱུར་ཁྱབ་གདལ་གཏོང་བ་བཅས་བྱས་ནས་ལྗང་མདོག་ཐཱན་ཉུང་གི་ལག་རྩལ་ལ་ཚོད་སྐོར་དང་། སྤེལ་རེས་མ་ལག ཚན་རྩལ་གསར་གཏོད་བཅས་ཀྱི་ཞབས་ཞུའི་ལས་སྟེགས་གཏོད་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་གི་སྲིད་ཇུས་དང་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུས་རྒྱུའི“ཚོད་འཛིན་གཉིས”ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་ཕན་འདོགས་པའི་ནོར་ཁྲལ་དང་། རིན་གོང་། དངུལ་རྩ། ས་ཆ། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཐཱན་འབུད་དབང་ཆའི་ཉོ་ཚོང་ལ་མགྱོགས་མྱུར་སྐུལ་འདེད་དང་ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ལྗང་མདོག་ཐཱན་ཉུང་གི་འཚོ་བའི་སྲོལ་གཏོད་པ་དང་། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ། ལྗང་མདོག་ཕྱིར་སྐྱོད་ལ་སྐུལ་ལྕག་བཅས་བྱས་ནས་ལྗང་མདོག་ཐཱན་ཉུང་འཚོ་བའི་དར་སྲོལ་གསར་པ་གཏོད་དགོས། སྐྱེ་ཁམས་ཀྱི་ཐཱན་བསྡུའི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་སྤྱོད་རྒྱུར་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ། ནགས་ཚལ་དང་། རྩྭ་ཐང་། འདམ་ར། རྒྱ་མཚོ། ས་རྒྱུ། འཁྱགས་ས་བཅས་ཀྱི་ཐཱན་བརྟན་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་སྐྱེ་ཁམས་མ་ལག་གི་ཐཱན་བསྡུའི་གྲངས་འབོར་མང་དུ་གཏོང་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་ཚད་གཞི་བཟོ་རྒྱུར་སྐུལ་འདེད་བཏང་ནས་ལྗང་མདོག་གི་དར་གོས་ལམ་བུ་གཏོད་དགོས།
       ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་དེ་ནི་དཀའ་ཚེགས་ཆེ་བའི་དམག་འཐབ་ཅིག་ཡིན་ལ། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ནུས་པར་ཚོད་བགམ་ཆེན་པོ་བྱེད་པ་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་ཞིབ་དཔྱད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ཕྲག་ཏུ་ཁུར་ནས་དམིགས་ཚད་ཡོད་པ་དང་། བྱེད་ཐབས་ཡོད་པ། ཞིབ་བཤེར་ཐུབ་པ་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་ཚོས་ཐཱན་འབུད་ཚད་ཀྱི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས།
རྩོམ་སྒྲིག་པ། སངས་སྐྱབས།