ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ནས་སྤྱི་ཚོགས་འགན་ནུས་མི་བསྒྲུབ་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐད་མཆན་བཀོད་གལ་ཆེན་གནང་བ།
སྤེལ་དུས 2021-04-03
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ། ཟླ་བ་ཚེ་རིང་།
རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ནས་སྤྱི་ཚོགས་འགན་ནུས་མི་བསྒྲུབ་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དེ་སྤྱི་ཟླ་4པའི་ཚེས་1ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་གལ་ཆེན་གནང་བ་རེད།
མཆན་བཀོད་ནང་། རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ནས་སྤྱི་ཚོགས་འགན་ནུས་མི་བསྒྲུབ་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་པ་དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཉེ་བའི་ལོའི་རིང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག འབྲེལ་ཡོད་གཞུང་ཁོངས་ཁེ་ལས་ཁག་བཅས་ཀྱིས་མུ་མཐུད་དེ་དཀའ་གནད་འགག་སྒྲོལ་བྱས་ནས། ལས་དོན་འདིར་སྐུལ་འདེད་གཏོང་བའི་ཐད་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་འཐོབ་ཡོད་པ་དང་། གཞི་རྩའི་ཆ་ནས་ལོ་མང་རིང་གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་གོང་འཕེལ་ལ་ཚད་བཀག་བཟོས་པའི་དཀའ་གནད་ཐག་གཅོད་ཐུབ་ཡོད། དཀའ་སྤྱད་འབད་སྒྲུབ་གནང་མཁན་གྱི་བློ་མཐུན་ཚོར་ལྷག་བསམ་རྣམ་པར་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་བ། འགན་དཀྲི་སྔར་བས་བརྟན་པོ་བཟོ་བ། ལྷག་འདས་པའི་དཀའ་གནད་གནད་དོན་ཡུལ་བབ་དང་བསྟུན་པ་དང་བབ་བསྟུན་ཐག་གཅོད་ཡག་པོ་བྱེད་པ། འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱོན་ཡོངས་ནས་གཞུང་ཁོངས་ཁེ་ལས་ཀྱིས་སྤྱི་ཚོགས་འགན་ནུས་མི་བསྒྲུབ་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་པའི་མཇུག་བསྡུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་པ། བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་ཚོད་འཛིན་དང་སེལ་བ་བཅས་བྱས་ཏེ། ནུས་ལྡན་གྱི་སྒོ་ནས་གཞུང་ཁོངས་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དང་སྤྱི་ཚོགས་འགན་སྲུང་མ་ལག་དང་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་ཡོད་པ་རེད།
རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་གཞོན་པ་ཝང་ཡུང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད།