འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་དུ་བཏང་སྟེ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་གནང་ཡོད།
གནམ་སའི་བར་གྱི་དཔའ་བོའི་ཉམས་འགྱུར་དེ། བསྐལ་པ་སྟོང་ལ་ཉམས་མེད་བརྟན་དུ་གནས་ཞེས་པ་སྟེ། དྭངས་གསལ་དུས་ཚིགས་སུ་ས་གནས་ཁག་གིས་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དང་། དྲན་གསོ་ཁང་། སྔོན་གཤེགས་དཔའ་བོའི་བང་སོ་ཁང་སོགས་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་ཁྱད་ཆོས་མངོན་གསལ་དོད་པ་དང་རྣམ་པ་སྣ་ཚོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཏེ། ལས་བྱེད་པ་དང་མང་ཚོགས་ཚོར་དཀའ་ཚེགས་ཆེ་བའི་ལོ་རྒྱུས་འཕེལ་རིམ་དང་། འགྱུར་ལྡོག་ཆེན་པོ། འོད་སྟོང་འཕྲོ་བའི་གྲུབ་འབྲས་བཅས་མྱོང་ཚོར་ཐུབ་པ་བྱས་ཡོད།
རང་རེའི་ཏང་གི་ལོ་ངོ་བརྒྱ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བའི་ལོ་ངོ་བརྒྱ་དང་། དཀའ་སྤྱད་ལས་སྒྲུབ་བྱེད་པའི་ལོ་ངོ་བརྒྱ། འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་པའི་ལོ་ངོ་བརྒྱ་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འདས་སོང་གི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་བ་དང་། མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱེད་པར། ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་བསྡོམས་ཡག་པོ་བྱས་ཏེ། ཏང་གི་ལེགས་གྲུབ་ལྡན་པའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་དགོས་ཞེས་བསྟན་གནང་ཡོད། དྭངས་གསལ་དུས་ཚིགས་རིང་། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དྲན་གསོ་ཁང་གིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། བློ་སྟོབས་ཆེར་སྐྱེད་ཀྱིས་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་ཅེས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། དྲན་གསོ་ཁང་གི་འགོ་འཛིན་གཞོན་པ་ཏུང་ལི་ཤིན་གྱིས། ལྗར་འགོག་དམག་འཁྲུག་སྐབས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་། ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། མི་རྣམས་ལ་སྔོན་གཤེགས་དཔའ་བོ་རྣམས་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ་དང་ཁོང་ཚོས་དཔའ་ངར་ཆེན་པོས་འབད་འཐབ་གནང་བའི་སྙིང་སྟོབས་སློབ་སྦྱོང་བྱེད་པ་དང་། རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་གྱི་གསར་བརྗེའི་ཕུགས་འདུན་རྒྱུན་འཛིན་བྱེད་དགོས་པའི་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ཞི་པའེ་ཕོའི་དྲན་གསོ་ཁང་དུ་སྤྱི་ཚེས་4ཉིན་ལྟད་མོ་བའི་མི་གྲངས་ད་ལོ་དྲན་གསོ་ཁང་སྒོ་ཕྱེ་ཚུན་གྱི་མང་ཤོས་ཡིན་པ་རེད། དྲན་གསོ་ཁང་ཞིབ་འཇུག་པུའི་རིག་གནས་དངོས་མང་སྟོན་ཚོགས་ཁང་གི་ལས་དོན་པ་ནན་ཡང་གིས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ནས་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་བྱེད་པའི་རླབས་ཆེའི་ལོ་རྒྱུས་བསྐྱར་དྲན་མང་ཙམ་བྱས་ནས་སེམས་ནང་དྲང་ནུས་སྣོན་རྒྱུར་རོགས་འདེགས་བྱ་རྒྱུ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཟུང་འབྲེལ་བྱས་ཐོག དེ་ཉིད་རང་རེའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁྲོད་དང་ང་ཚོའི་ཞི་པའེ་ཕོའི་སྙིང་སྟོབས་སྔོག་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་བེད་སྤྱོད་བྱས་ནས། ང་ཚོའི་ཞིབ་འཇུག་ལ་བསམ་བློའི་གཏིང་ཚད་དང་། ཆབ་སྲིད་ཀྱི་མཐོ་ཚད། དུས་རབས་ཀྱི་རིན་ཐང་བཅས་དེ་བས་ཆེ་བ་ལྡན་པར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ལོ་རྒྱུས་ཀྱིས་ར་སྤྲོད་གང་ལེགས་ཐུབ་པར། རྒྱལ་སྲིད་ནི་མི་དམངས་ལ་བརྟེན་པ་དང་། མི་དམངས་ནི་རྒྱལ་སྲིད་ཀྱི་རྩ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རེའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བའི་ལོ་རྒྱུས་ཤིག་དང་། ཏང་དང་མི་དམངས་གཅིག་སེམས་གཅིག་སྒྲིལ་དང་། དབུགས་མཉམ་གཏོང་། སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་ལོ་རྒྱུས་ཤིག་རེད་ཅེས་བསྟན་གནང་ཡོད། ཏུའུ་ཅང་གཡུལ་འགྱེད་དྲན་གསོ་ཁང་གི་འགོ་འཛིན་གཞོན་པ་ཀེ་ཀང་གིས། ཏུའུ་ཅང་གཡུལ་འགྱེད་ཀྱི་རྒྱལ་ཁ་ནི་མང་ཚོགས་ཀྱིས་གྲུ་ཆུང་ལ་བརྟེན་ནས་བླངས་པ་ཞིག་ཡིན་ཞེས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་དང་ནང་གནས་གཏན་ཚིགས་འདི་ཡག་པོ་བཤད་ནས། ལོ་རྒྱུས་སློབ་སྦྱོང་བྱས་ནས་དད་བཀུར་ཤེས་པ་དང་། ལོ་རྒྱུས་སློབ་སྦྱོང་བྱས་ནས་སེམས་ཤུགས་འཕེལ་བ། ལོ་རྒྱུས་སློབ་སྦྱོང་བྱས་ནས་སྤྱོད་བཟང་ལ་བཀུར་བ། ལོ་རྒྱུས་སློབ་སྦྱོང་བྱས་ནས་ལག་ལེན་ཐོག་འཁྱོལ་བ་བྱེད་པ་བཅས་ཀྱི་ཁྲོད་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིག་དངོས་བསྡུ་རུབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་རྒྱུས་ཀྱི་དཔྱད་ཡིག་གསར་པ་སྔོག་འདོན་ཤུགས་ཆེན་བྱེད་པ། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོའི་སློབ་ཚན་གསར་སྤེལ་བཅས་བྱས་ནས། ཏུའུ་ཅང་གཡུལ་འགྱེད་དྲན་གསོ་ཁང་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ས་གནས་ས་ཐོག་གི་སློབ་ཁང་ཆེན་པོ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་གི་བློ་མཐུན་ཅའོ་ཡུས་ལུའུ་ཡི་དྲན་གསོ་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་འགོ་འཛིན་གཞོན་པ་ཏུང་ཡ་ན་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྡོམ་གནང་བའི་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལྔ་སྟེ། དམངས་ལ་གཅེས་ཞིང་དམངས་ལ་དགའ་བ། དཀའ་སྤྱད་འབད་འཐབ་བྱེད་པ། ཚན་རིག་དང་མཐུན་པའི་ངང་བདེན་འཚོལ་བྱེད་པ། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱིས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ཀྱི་སྙིང་བཅུད་ལེགས་པར་མཚོན་ཡོད་པ་དང་། དེས་ད་དུང་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད་ཅེས་གསུངས་པ་རེད།
ཏང་ཡོངས་སུ་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་མང་ཚོགས་ཀྱི་ཁྲོད་དུ་གཏིང་ཟབ་སྤེལ་བ་དང་། གཞི་རིམ་དུ་གཏིང་ཟབ་སྤེལ་བ། མི་སེམས་ལ་ཟུག་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། སི་ཕིང་གཡུལ་འགྱེད་དྲན་གསོ་ཁང་གི་འགོ་འཛིན་ལི་ཤིའུ་ཧྥེང་གིས། ང་ཚོས་གསར་བརྗེའི་སྔོན་བྱོན་པ་ཚོས་ཀྲུང་གོའི་གསར་བརྗེའི་བྱ་གཞག་ཆེད་ཁྲག་དྲོན་དང་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་བ་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་པ་དང་། ཀྲུང་གོ་གསར་པ་ལས་སླ་པོར་བྱུང་བ་ཞིག་མིན་པ་བློ་ལ་བརྟན་པོར་ངེས་དགོས། ང་ཚོས་མི་སྣ་སྒྲིག་འཛུགས་བྱས་ཏེ་སི་ཕིང་གི་གཡུལ་འགྱེད་ཐེངས་བཞིར་གཞིགས་ནས་གསར་བརྗེའི་གཏམ་རྒྱུད་ཕྱོགས་བསྒྲིགས་དང་། མུ་འབྲེལ་རི་མོ། གསར་བརྗེའི་གླུ་དབྱངས་ཕྱོགས་བསྒྲིགས་བཅས་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། ང་ཚོའི་དྲན་གསོ་ཁང་གི་ཐུན་མོང་མ་ཡིན་པའི་གསར་བརྗེའི་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུར་དྲིལ་བསྒྲགས་ཀྱི་སྟེགས་བུ་དེ་བས་ལེགས་པ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཧྥུ་ཧྲུན་གྲོང་ཁྱེར་ལེ་ཧྥེང་དྲན་གསོ་ཁང་གི་འགོ་འཛིན་རེན་ཀོང་ཡིའུ་ཡིས། མི་དེ་བས་མང་བས་འདི་གར་ལེ་ཧྥེང་གི་བྱས་རྗེས་ཤེས་རྟོགས་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དར་སྤེལ་གཏོང་ཐུབ་པ་དང་། རང་རེའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུ་ཡིན། ལེ་ཧྥེང་དང་འདྲ་བར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་མཁན་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་མཁན་ཞིག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཡུན་ནན་ཁུན་མིང་དུ། གྲོང་མི་ཚོས་རང་འགུལ་ངང་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་གནས་ས་རྙིང་པར་གནས་པའི་ཟླ་བཅུ་གཉིས་པའི་ཚེས་གཅིག་གི་ལས་འགུལ་གྱི་སྔོན་གཤེགས་དཔའ་བོ་བཞིའི་བང་སོའི་མདུན་དུ་ཡོང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཡོད། ཡུན་ནན་དགེ་འོས་སློབ་ཆེན་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་ལི་ཧུང་དབྱིང་གིས། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱིས་ལྗར་འགོག་དམག་འཁྲུག་གི་ལོ་ཟླའི་ནང་ལྗར་འགོག་དམག་འཁྲུག་གི་ལོ་རྒྱུས་དང་། སློབ་གསོའི་ལོ་རྒྱུས། གསར་བརྗེའི་ལོ་རྒྱུས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཡོད། ང་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་རིགས་ངེས་པར་དུ་ལྟད་མོ་བ་ཚང་མའི་སེམས་ནང་གཏིང་ཟབ་ཟུག་པར་བྱས་ནས། ཚང་མས་རྒྱལ་ཁབ་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་འཕེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།