ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་བ།

སྤེལ་དུས 2022-04-24 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2020ལོའི་ཟླ་4པར་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་སྤེལ་འགོ་ཚུགས་པའི་སྐབས་སུ་མཛུབ་སྟོན་གལ་ཆེན་གནང་ནས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་སྤེལ་བར་དོན་སྙིང་ཆེན་པོ་ལྡན་ཡོད། དཔེ་དེབ་བཀླགས་ནས་སློབ་སྦྱོང་བྱེད་པ་བརྒྱུད་ཤེས་རྒྱ་ཆེ་རུ་འགྲོ་བ་དང་། བློ་གྲོས་འཕེལ་བ། འཇོན་ཐང་ཆེ་རུ་འགྲོ་བ་བཅས་བྱུང་ནས་སྲིད་གྲོས་རྟོགས་པ་དང་། གྲོས་མོལ་ཤེས་པ། སྲིད་གླེང་མཁས་པ་བཅས་ཐུབ་པ་བྱེད་པ་ནི་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱིས་རང་འགན་གཙང་སྒྲུབ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས། དཔེ་ཀློག་བྱེད་སྒོའི་གཞི་རྟེན་འདི་བེད་སྤྱོད་ཡག་པོ་བྱས་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་དཔེ་དེབ་མང་ཙམ་བལྟ་བ་དང་། དཔེ་དེབ་ཡག་པོ་བལྟ་བ། དཔེ་དེབ་ཀློག་མཁས་པ་བཅས་ཐུབ་པ་བྱས་ཏེ་བསམ་བློའི་ཆུ་ཚད་དང་ནུས་པའི་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པ་དང་འབྲེལ་ལས་རིགས་ཁག་གི་མང་ཚོགས་ལ་དཔེ་ཀློག་བྱེད་སྒོ་སྤེལ་རྒྱུར་སྐུལ་ཁྲིད་དང་ཤུགས་རྐྱེན་ཐེབས་པ་ཧུར་ཐག་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ལོ་གཉིས་རིང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ཤིང་། ཁྱོན་དཔེ་ཀློག་ཚོགས་པ་96བཙུགས་པ་དང་། རིགས་ཁོངས་34ཡི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2104ཡིས་དྲ་ཐོག་གི“རྒྱལ་ཡོངས་སྲིད་གྲོས་ཀྱི་དཔེ་ཁང”དུ་དཔེ་དེབ་ཀློག་པ་དང་སྤེལ་རེས་བྱས་པ། གཏམ་བཤད་བྱེད་ཚད་ཁྲི་47ལྷག་ཙམ་ཟིན་པ་དང་། ལྟ་ཀློག་བྱེད་མཁན་ཨུ་ཡོན་གྱི་མི་ཐེངས་ཁྲི་262ལྷག་ཙམ་ཟིན་ཡོད་པ་རེད།
         ཚེས་22ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་བའི”བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་སྲིད་གྲོས་ཨུ་ཡོན་ཚོས་དཔེ་དེབ་ཀློག་དགོས་དོན་གང་ཡིན་པ་དང་། སྲིད་གྲོས་རྩ་འཛུགས་ཀྱིས་དཔེ་དེབ་ཇི་ལྟར་ཀློག་དགོས་པ། དཔེ་དེབ་བཀླགས་ནས་ཕན་འབྲས་གང་ཞིག་ཐོན་པ་བྱེད་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པར་བསམ་བློའི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས་ཨུ་ཡོན་ཚོས་དཔེ་དེབ་ཀློག་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། སྒུལ་ཤུགས་ཆེན་པོའང་བསྣན་ཡོད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཨུ་ཡོན་ཚོས་དཔེ་ཀློག་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ། ལས་ཀའི་ཆོས་ཉིད་སྟངས་འཛིན་བྱེད་པ། ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ཝང་དབྱང་གིས། ལོ་གཉིས་རིང་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་འཚོལ་ཞིབ་ཁྲོད་འཕེལ་རྒྱས་ཕྱིན་པ་དང་གསར་གཏོད་ཁྲོད་ཡག་ཏུ་ཕྱིན་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཏེ་སྲིད་གྲོས་ཨུ་ཡོན་ཚོའི་ཤེས་རྒྱ་ཆེ་རུ་གཏོང་བ་དང་། བློ་གྲོས་འཕེལ་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ལ་གྱུར་པ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་དེ་བས་ལེགས་པར་གཅིག་སྡུད་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ལ་གྱུར་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལེགས་ཆ་མངོན་པའི་ལས་ཀའི་སྤུས་རྟགས་གལ་ཆེན་ཞིག་ལ་གྱུར་ཡོད། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། སྲིད་གྲོས་ཀྱི་ཁྱད་ལྡན་ལེགས་ཆ་མངོན་གསལ་དོད་པ། ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ། འགན་སྒྲུབ་ནུས་ཆོད་ཆེ་རུ་གཏོང་རྒྱུར་དམིགས་པ། གྲུབ་འབྲས་གཞན་སྒྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཅས་བྱས་ནས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོའི་གཞི་རྟེན་དེ་ཏན་ཏིག་ངང་ཡག་པོ་སྤྱོད་དགོས། རྩ་འཛུགས་ཀྱི་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་རིག་ནུས་ལས་སྟེགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐབས་མང་མཉམ་སྤྱོད་ཀྱིས་ཨུ་ཡོན་གྱི་ཧུར་བརྩོན་རང་བཞིན་འཕེལ་བར་བྱེད་དགོས་ཞེས་བསྟན་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།