བོད་ལྗོངས་ཀྱི་ཚོགས་འདུ་གཉིས་ཁ་སང་ནས་བཟུང་འགོ་ཚུགས་འདུག
སྤེལ་དུས 2020-01-07
ཡོང་ཁུངས། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་ཚེས་6ཉིན་གནའ་གྲོང་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ།
ཁ་སང་སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དོ་འཁུར་ཆེན་པོ་བྱེད་པའི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ལ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་60འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་བཅས་ཀྱི་དམིགས་གསལ་ལོའི་མཇུག་རྫོགས་མ་ཐག་ཏུ་དོན་སྙིང་ལྡན་པའི་བོད་ཀྱི་ཚོགས་འདུ་གཉིས་འདི་ལྟ་བུ་ཞིག་སྐོང་འཚོགས་བྱས་པར་ཚོགས་ཞུགས་ཨུ་ཡོན་རྣམས་སེམས་ནང་སྤོབས་པ་དང་གཟི་བརྗིད། རེ་བ་བཅས་ཀྱིས་ཁེངས་བཞིན་པར་ཚོགས་འདུར་བཞུགས་བཞིན་པ་རེད།
སྤྱི་ལོ་2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་དང་། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་པས། དུས་ཡུན་ཉིན་ལྔའི་རིང་བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཏན་ཏིག་བསྒྲུབ་རྒྱུ་དང་། ཐབས་དང་ཇུས་ཧུར་ཐག་བཏོན་ནས་བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་ཚད་ལས་འགན་ལ་དམིགས་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་ཡིན་པ་རེད།
ཚོགས་རའི་ཕྱི་ནང་།
རྩོམ་སྒྲིག་པ། རིག་གྲོལ།