ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

ནད་དུག་གཞན་འགྱུར་གྱིས་ཉིང་སྐྱུར་བརྟག་འཇལ་གྱི་ཚོར་རྣོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་སམ།

སྤེལ་དུས 2022-06-20 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          གཅིག ནད་དུག་གཞན་འགྱུར་བྱུང་བ་ཡིས་ཉིང་སྐྱུར་བརྟག་འཇལ་གྱི་ཚོར་རྣོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་ཡིན་ནམ།
          ཉིང་སྐྱུར་བརྟག་འཇལ་ནི་ཚང་མས་ཁས་ལེན་བྱེད་ཅིང་རྒྱལ་སྤྱིའི་ཐོག་ནས་རྒྱ་ཁྱབ་ཏུ་སྤྱོད་པའི་ཚོད་ལྟ་ཁང་གི་ནད་བརྟག་བྱེད་ཐབས་ཤིག་ཡིན། ཉིང་སྐྱུར་བརྟག་འཇལ་བྱེད་ཐབས་ཀྱི་ཚོར་རྣོན་རང་བཞིན་མཐོ་ཞིང་། དམིགས་བསལ་ཁྱད་པར་རང་བཞིན་ནི་བྱེད་ཐབས་རིག་པའི་ཐོག་ཏུ་བརྒྱ་ཆའི་བརྒྱ་ཙམ་ཟིན་ཡོད། གོ་སླ་བའི་ངང་བཤད་ན། ཉིང་སྐྱུར་བརྟག་འཇལ་གྱི་གདགས་གཤིས་མཇུག་འབྲས་ནི་ནད་གཞི་གསོ་སྤེལ་གྱི་མཇུག་འབྲས་དང་གཅིག་མཚུངས་ཡིན་སྟབས། ནད་བརྟག་ཀྱི“ཚད་གཞི་ཡང་དག”ཏུ་གྱུར་ཡོད།
          པྲོག་དབྱིབས་ནད་དུག་མ་ཟད། རྒྱུན་མཐོང་གི་ནད་གཞི་སྟེ་མཆིན་པའི་ནད་དུག་ཁ་པ་དང་ཨེ་ཙི་འགོས་ནད་ཀྱི་ནད་དུག་ཚང་མར་ཉིང་སྐྱུར་བརྟག་འཇལ་གྱི་བྱེད་ཐབས་སྤྱད་ནས་ནད་བརྟག་བྱས་ཆོག་པ་དང་། དུས་མཚུངས་སུ་སྨན་བཅོས་ཀྱི་ལྟ་ཞིབ་ཚད་འཇལ་ཡང་བྱས་ཆོག
          པྲོག་དབྱིབས་ནད་དུག་གསར་བར་ཉིང་སྐྱུར་བརྟག་འཇལ་བྱེད་དུས། བེད་སྤྱོད་བྱེད་པའི་ཉིང་སྐྱུར་བརྟག་འཇལ་གྱི་ཚོད་ལྟའི་སྨན་རྫས་ཀྱིས་པྲོག་གསར་གྱི་ཉིས་འབེན་ནམ་ཡང་ན་སུམ་འབེན་གཞི་རྒྱུ་ལ་དམིགས་ཡོད་པ་དང་། ནད་དུག་གཞན་འགྱུར་དེ་གཞི་རྒྱུའི་འབེན་གཉིས་སམ་གསུམ་གྱི་མཉམ་དུ། གཞན་འགྱུར་འབྱུང་བའི་གནས་ཚུལ་གཞི་རྩའི་ཆ་ནས་མེད་པ་ཡིན།  དེར་བརྟེན། ནད་དུག་གཞན་འགྱུར་གྱིས་ཉིང་སྐྱུར་བརྟག་འཇལ་གྱི་ཞིབ་དཔྱད་ནུས་པ་ལ་ཤུགས་རྐྱེན་ཅི་ཡང་ཐེབས་མེད།
          རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གསོ་བཅོས་ཞིབ་དཔྱད་ལྟེ་གནས་ཀྱིས་ཏེལ་ཐ་དང་ཨོ་སྨི་ཁི་རོན་གཞན་འགྱུར་དུག་རྐང་གི་རྒྱལ་ཡོངས་ཁང་ནང་སྤུས་ཚད་གདེང་འཇོག་མཇུག་འབྲས་དང་རྒྱལ་ཡོངས་ས་གནས་ཁག་གི་རིམས་འགོག་དུས་སྐབས་ཀྱི་དོན་དངོས་བེད་སྤྱོད་ལ་གཞིགས་ནས་བལྟས་ན། མིག་སྔར་གྱི་ཉིང་སྐྱུར་བརྟག་འཇལ་ཚང་མས་ཞིབ་དཔྱད་ནུས་ལྡན་བྱས་ཡོད་པ་ལས། ནད་དུག་གཞན་འགྱུར་གྱིས་ཉིང་སྐྱུར་བརྟག་འཇལ་གྱི་ནུས་པ་ལ་ཤུགས་རྐྱེན་ཐེབས་མེད་ཚུལ་ར་སྤྲོད་བྱས་ཡོད།
          གཉིས། གྲེ་ཡེའུ་ཡི་མ་དཔེ་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གང་དག་ཡོད་དམ།
          གྲེ་ཡེའུ་ཡི་ཉིང་སྐྱུར་བརྟག་འཇལ་གྱི་མ་དཔེ་བསྡུ་ལེན་བྱེད་པ་ལ། གྲེ་ཡེའུ་ཡི་མ་དཔེ་བསྡུ་ལེན་གྱི་གཏིང་ཚད་དང་། འབྱར་སྐྱི་ལ་ཐུག་རེག་བྱེད་པའི་དུས་ཡུན། མ་དཔེ་བསྡུ་ལེན་སྐབས་ཀྱི་ལག་ཤེད་ཆེ་ཆུང་། མ་དཔེ་བསྡུ་ལེན་པ་དང་མ་དཔེ་བསྡུ་ལེན་བྱ་ཡུལ་གཉིས་བར་གྱི་གཟུགས་ཆེ་ཆུང་གི་ཁྱད་པར། མ་དཔེ་བསྡུ་ལེན་བྱ་ཡུལ་གྱིས་བསྡུ་ལེན་བྱེད་སྐབས་རོགས་འདེགས་བྱེད་ཚད་བཅས་ཀྱིས་ཤུགས་རྐྱེན་ཐེབས་པ་ཡིན།