ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

རྨ་ཆུའི་མགོ་ཁུངས་ཏེ་རྨ་སྟོད།

སྤེལ་དུས 2022-06-20 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ས་རྒྱ་ཆེ་ཞིང་འཚོ་སྡོད་མི་གྲངས་ཉུང་བའི་རྨ་ཆུའི་མགོ་ཁུངས།
          རྨ་སྟོད་ཅེས་པའི་དོན་ནི་རྨ་ཆུའི་མགོ་ཁུངས་ཞེས་པ་ཡིན་ལ། དེ་ནི་རང་ཞིང་གི་ལྷོ་རྒྱུད་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་ཡོད་ཅིང་། མཚོ་འཕགས་མཐོ་བའི་ཀླུང་ཐང་ས་ཆར་གཏོགས། རྨ་སྟོད་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.53ཡོད་ཅིང་། མགོ་ལོག་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་གསུམ་ཆའི་གཅིག་ཟིན་པ་དང་། རང་ཞིང་གི་སྤྱིའི་རྒྱ་ཁྱོན་གྱི3.5%ཟིན་ཡོད། རྫོང་ཁོངས་ཀྱི་སྤྱིའི་མི་གྲངས་ལ14400ཡོད་ཅིང་། འཚོ་སྡོད་གནས་ཚུལ་ནི་སྤྱི་ལེ་གྲུ་བཞི་མ་གཉིས་ཀྱི་ས་ཆ་ན་མི་གཅིག་རེ་མ་གཏོགས་མེད་སྟབས། རང་ཞིང་གི་མི་གྲངས་ཆེས་ཉུང་བའི་རྫོང་ཞིག་ཡིན།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ས་ཆ།
          རྨ་སྟོད་རྫོང་ནི་རང་ཞིང་གི་མཚོ་འཕགས་ཆེས་མཐོ་བའི་རྫོང་ཞིག་ཡིན་པ་དང་། རྫོང་ཁོངས་ཀྱི་ཆ་སྙོམས་མཚོ་འཕགས་སྨི4500ཡི་ཡན་ཡིན་ཞིང་། ལོའི་ཆ་སྙོམས་དྲོད་ཚད-4℃ཡིན་པ་དང་། དུས་ཚིགས་བཞི་པོའི་ཁྱད་པར་མེད་པར་གཙོ་བོ་ནི་དྲོད་དུས་དང་འཁྱགས་དུས་གཉིས་ཡིན་སྟབས། རྒྱལ་ནང་གི་མིའི་རིགས་འཚོ་སྡོད་ཀྱི་ཁོར་ཡུག་ཆེས་ཞན་པའི་ས་ཁུལ་ཞིག་ཡིན། འོན་ཀྱང་། སྐྱེ་ཁམས་གོ་གནས་ཧ་ཅང་མཐོ་བ་སྟེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ས་ཆ་ན་ཡོད་ཅིང་། མདོ་དབུས་མཐོ་སྒང་གི་གལ་ཆེ་བའི་སྐྱེ་ཁམས་སྲུང་ཡོལ་དང་རྨ་ཆུའི་བར་རྒྱུད་དང་སྨད་རྒྱུད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐྱེ་ཁམས་བྱེད་ནུས་ཀྱི་དོ་སྙོམས་ཁུལ་གལ་ཆེན་ཞིག་ཡིན།

མཚེའུ་མང་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཀྲུང་ཧྭའི་ཆུ་གཏེར།
          ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ་རྨ་ཆུ་ནི་ཡུལ་འདི་ནས་བྱུང་བ་དང་། རྫོང་ཁོངས་སུ་བཞུར་ཆུ་མང་ཞིང་མཚེའུ་ཆེ་ཆུང4077ཙམ་ཡོད་སྟབས། མིང་ལའང“རྨ་ཆུའི་འབྱུང་ཡུལ”དང“མཚེའུ་སྟོང་གི་རྫོང” “ཀྲུང་ཧྭའི་ཆུ་གཏེར”བཅས་ཐོགས་ཡོད། དེའི་ནང་གི་སྐད་གྲགས་ཆེ་བ་ནི་མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཡིན་ཞིང་། 2005ལོར། མཉམ་འབྲེལ་རྒྱལ་ཚོགས《བརླན་སའི་སྤྱི་ཆིངས》ཀྱིས་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་ཐོའི་ནང་དུ་བཅུག རྫོང་ཁོངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་སུ་རྐྱང་དང་གནའ་བ། ཁྲུང་ཁྲུང་དཀར་མོ་སོགས50ལྷག་ཡོད། སྨན་སྤྱོད་རིན་ཐང་ལྡན་པའི་རྩི་ཤིང་གི་རིགས120ལྷག་ཡོད་པ་དང་། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་ཚན་རིག་རྟོག་ཞིབ་བྱེད་པའི་གནས་མཆོག་ཅིག་ཡིན། 2011ལོར། རྨ་ཆུའི་མགོ་ཁུངས་ཀྱི་ཆུ་བེད་མཛེས་ལྗོངས་ཁུལ་གྱིས“རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ”ཞེས་པའི་མིང་དང་ལེན་བྱས།

རྨ་ཆུའི་མགོ་ཁུངས་ཀྱི་མི་རྣམས་ཀྱིས་རང་མོས་ངང་གནས་སྤོར་བྱས་ཏེ་མ་ཡུམ་ཆུ་བོ་བསྲུངས།
          དུས་རབས21པའི་དུས་མགོར། རྒྱལ་ཁབ་ཀྱིས“གཙང་གསུམ་འབྱུང་ཡུལ”སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་བྱས་པ་དང་བསྟུན་ནས། ཁྱིམ་ཚང585ཡི་མི2334ཡིས་རྒྱལ་ཁབ་ཀྱི“སྐྱེ་ཁམས་སྲུང་སྐྱོབ་དང་མི་ཕྱུགས་ཉུང་གཏོང་། ཕྱུགས་བསྐྱུར་རྩྭ་གསོ”ཡི་འབོད་སྐུལ་ལ་རོགས་འདེགས་བྱས་ཏེ་རང་མོས་ངང་མི་རབས་ནས་མི་རབས་ལ་འཚོ་བ་རོལ་བའི་ས་ཆ་ནས་གནས་སྤར་བ་ལས་མ་ཡུལ་ཆུ་བོ་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་དོ་སྙོམས་ལ་སྲུང་སྐྱོབ་བྱས་ནས་རྨ་ཆུའི་བར་རྒྱུད་དང་སྨད་རྒྱུད། ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་བློས་གཏོང་ཆེན་པོ་བྱས། ད་ལྟར་རྨ་སྟོད་རྫོང་ནི་རྒྱལ་ཁབ་རིམ་པའི་དབུལ་སྐྱོར་གསར་སྤེལ་བྱ་བའི་གཙོ་གནད་རྫོང་དུ་གྱུར་ཡོད།

          ཉེ་བའི་ལོ་ནས་བཟུང་། རྨ་སྟོད་རྫོང་གིས་ཁྱད་ཆོས་ལྡན་པའི་འགྲིམ་འགྲུལ་གནས་བབ་ཀྱི་ལེགས་ཆ་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་ལ་གཞིགས་ཏེ་མཐོ་སྒང་སྐྱེ་ཁམས་ཕྱུགས་གཉེར་ལས་རིགས་དང་མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་ལས་རིགས། ཉོ་འཚོང་ཞབས་ཕྱིའི་ལས་རིགས་བཅས་ཀྱི་གསོ་སྐྱོང་ལ་ཤུགས་སྣོན་བྱས་ཏེ་ཐོད་རྒལ་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས། གཅིག་གྱུར་འཕེལ་རྒྱས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་བྱས་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།