ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

རང་རྒྱལ་གྱི་སྤྲེལ་འབྲུམ་ནད་སྨན་བཅོས་ཀྱི་ཕྱོགས་སྟོན་ཡོངས་བསྒྲགས་བྱས།

སྤེལ་དུས 2022-06-20 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ད་ལོའི་ཟླ5པ་ནས་བཟུང་། སྤྲེལ་འབྲུམ་ནད་འགོས་ཁྱབ་བྱུང་མེད་པའི་རྒྱལ་ཁབ་མང་པོས་སྤྲེལ་འབྲུམ་ནད་དཔེའི་སྙན་ཞུ་སྤེལ་བར་མ་ཟད། ད་དུང་སྡེ་ཁུལ་ནས་འགོས་ཁྱབ་ཀྱང་བྱུང་བ་རེད། སྔ་མོ་ནས་སྤྲེལ་འབྲུམ་ནད་འདིའི་སྨན་བཅོས་ཁ་གཏོད་ཀྱི་བྱ་བར་གྲ་སྒྲིག་བྱས་ཏེ་དངོས་བཅོས་སྐབས་ཀྱི་སྔ་དུས་ངོས་འཛིན་དང་ཚད་ལྡན་སྨན་བཅོས་ཀྱི་ནུས་པ་ཇེ་མཐོར་གཏོང་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་དང་མཉམ་དུ《སྤྲེལ་འབྲུམ་ནད་སྨན་བཅོས་ཕྱོགས་སྟོན(2022ལོའི་པར་མ)》ཞེས་པ་གཏན་འབེབས་ཡོངས་བསྒྲགས་བྱས་པ་རེད།
          ཕྱོགས་སྟོན་དུ་མཚམས་སྦྱོར་བྱས་པ་ལྟར་ན། སྤྲེལ་འབྲུམ་ནི་སྤྲེལ་འབྲུམ་ནད་དུག་འགོས་པ་ལས་མི་ཕྱུགས་གཉིས་ལ་གནོད་པའི་ནད་དུག་རང་བཞིན་གྱི་ནད་རིགས་ཤིག་ཡིན་པ་དང་། དངོས་བཅོས་སྐབས་ཀྱི་ནད་རྟགས་ལ་ཚ་རྒྱས་པ་དང་པགས་འབྲུམ། རྨེན་གཤེར་སྐྲངས་ནས་ཆེ་རུ་གྱུར་པ་བཅས་ཡོད་ཅིང་། མཆེད་ཁུངས་ནི་སྤྲེལ་འབྲུམ་ནད་དུག་འགོས་པའི་སོ་མི་བརྗེ་བའི་རིགས་ཀྱི་སྲོག་ཆགས་ཡིན། བློ་ལྡན་སྲོག་ཆགས་རིགས་ཏེ་སྤྲེའུ་དང་སྤྲ་ནག མི་སོགས་ལ་སྤྲེལ་འབྲུམ་ནད་དུག་འགོས་རྗེས། དེ་ཚོ་ཡང་ནད་དུག་གི་མཆེད་ཁུངས་སུ་འགྱུར་ཉེན་ཆེ།
          སྤྲེལ་འབྲུམ་ནད་དུག་འདི་ཇི་ལྟར་མཆེད་པ་ཡིན་ནམ།
          ཕྱོགས་སྟོན་དུ་བསྟན་པ་ལྟར་ན། ནད་དུག་ནི་འབྱར་སྐྱི་དང་གནོད་སྐྱོན་བྱུང་བའི་སྐྱི་མོ་བརྒྱུད་ནས་མི་ལུས་ལ་འགོས་པ་དང་། མི་ནི་གཙོ་བོ་སྲོག་ཆགས་ཀྱི་ནད་འགྱུར་ཟགས་དངོས་དང་ཁྲག་ཁུ། གཤེར་གཟུགས་གཞན་པར་ཐུག་རེག་བྱས་པའམ་ཡང་ན་སྤྲེལ་འབྲུམ་ནད་དུག་འགོས་པའི་སྲོག་ཆགས་ཀྱིས་སོ་བཏབ་པ་དང་སྡེར་མོས་རྨས་སྐྱོན་བཟོས་པ་ལས་འགོས་པ་ཡིན། མི་དང་མིའི་བར་དུ། འབྲེལ་འདྲིས་དམ་ཟབ་བྱས་པ་དང་མཆིལ་ཟེགས་མཆེད་པ། ནད་དུག་འགོས་པའི་དངོས་རྫས་ལ་ཐུག་རེག་བྱས་པ། ཕྲུ་གུ་སྐྱེ་བའི་སྐབས་བཅས་སུ་འགོས་པ་ཡིན། འཁྲིག་སྤྱོད་བྱེད་པ་ལས་ནད་དུག་འདི་མི་འགོས་ཞེས་ད་དུང་བཤད་མེད།
          སྤྲེལ་འབྲུམ་ནད་འགོས་རྗེས་ནད་རྟགས་གང་འདྲ་འབྱུང་ངམ།
          ཕྱོགས་སྟོན་ལ་གཞིགས་ན། སྤྲེལ་འབྲུམ་ནད་བྱུང་བའི་སྔ་དུས་སུ། འཁྱག་འདར་བྱེད་པ་དང་ཚ་རྒྱས་པ། ལུས་དྲོད38.5℃ཡི་ཡན་དུ་ཐོན་པ་བཅས་དང་མཉམ་དུ་མགོ་ན་བ་དང་གཉིད་ཡོང་བ། ཤུགས་མེད་པ། རྐེད་པ་ན་བ། གྲུམས་ཤ་ན་བ་སོགས་ཀྱི་ནད་རྟགས་འབྱུང་། ནད་པ་མང་ཤོས་ཀྱི་མཇིང་ཚིགས་དང་མཆན་ཁུང་། གསུས་པ་སོགས་གནས་ཀྱི་རྨེན་གཤེར་སྐྲངས་ནས་ཇེ་ཆེར་འགྲོ་བ་ཡིན། ནད་བྱུང་རྗེས་ཀྱི་ཉིན1ནས3བར་གྱི་ནང་ལ་པགས་འབྲུམ་འབྱུང་བ་དང་། ནད་བྱུང་བ་ནས་རྨ་ཤུན་ཆགས་པའི་བར་དུ། ཕལ་ཆེར་གཟའ་འཁོར2ནས4ཙམ་དགོས། ནད་པ་ཁ་ཤས་ལ་ནད་རྟགས་མང་པོ་སྟེ་གློ་ཡུའི་ཡན་ལག་གློ་ཚད་དང་ཀླད་ཚད། མཐོང་སྐྱི་རེད་པ། རྣག་དུག་ནད་སོགས་མཉམ་དུ་འབྱུང་བ་ཡིན།
          ཕྱོགས་སྟོན་དུ་བསྟན་དོན། སྤྲེལ་འབྲུམ་ནད་ནི་རང་ཚད་རང་བཞིན་གྱི་ནད་རིགས་ཤིག་ཡིན་ཞིང་། མང་ཤོས་ནི་སྨན་བཅོས་བྱས་རྗེས་དྲག་སྐྱེད་བྱུང་བ་རེད། ནད་བབ་ཚབས་ཆེ་བ་ནི་རྒྱུན་ལྡན་དུ་བྱིས་པ་ཆུང་ཆུང་དང་རིམས་འགོག་ནུས་པ་ཞན་པའི་མི་ཚོགས་ལ་འབྱུང་བ་དང་། དེ་ནི་འགོས་པའི་ནད་དུག་གི་ཡན་ལག་དང་། ནད་དུག་གསལ་རྗེན་བྱས་ཚད། སྔར་གྱི་བདེ་ཐང་གནས་ཚུལ། མཉམ་བྱུང་ནད་རྟགས་ཀྱི་ཚབས་ཆེའི་རིམ་པ་སོགས་ལ་འབྲེལ་བ་ཡོད། སྔོན་ཆད། ལྷ་འབྲུམ་གྱི་འགོག་སྨན་བརྒྱབ་པ་ཡིན་ན། སྤྲེལ་འབྲུམ་ནད་དུག་ལ་ཚད་ངེས་ཅན་ཞིག་ནས་འགོག་སྲུང་གི་ནུས་པ་ཐོན་པ་རེད།
          ཕྱོགས་སྟོན་དུ་གསལ་བཤད་བྱས་དོན། དོགས་ཡོད་ནད་པ་དང་གཏན་འཁེལ་བྱུང་བའི་ནད་པ་ནི་ལོགས་བཀར་ནད་ཁང་དུ་བདེ་འཁོད་བྱ་དགོས་པ་དང་། དོགས་ཡོད་ནད་པ་ནི་ཁང་མིག་གཅིག་ཅན་དུ་ལོགས་བཀར་བྱ་དགོས། ནད་པའི་ལུས་དྲོད་རྒྱུན་ལྡན་ཡིན་པ་དང་། དངོས་བཅོས་ནད་རྟགས་ཇེ་ལེགས་སུ་གྱུར་ཏེ་རྨ་ཁ་སོས་པ་ཡིན་ན། སྨན་ཁང་ནས་ཕྱིར་བུད་ཆོག་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།