ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

༈ ཛམ་ཐང་སྒར་ཁག་གསུམ་ལས་ཆོས་རྗེ་གྲྭ་ཚང༌།

སྤེལ་དུས 2021-12-23 ཡོང་ཁུངས། བོད་ཀྱི་རིག་གནས་ཀུན་འདུས་དྲ་བ། རྩོམ་པ་པོ།
          གནས་མཆོག་འདི་ནི་མདོ་སྨད་ཀྱི་ཆེས་སྔ་ཤོས་ཀྱི་རྒྱལ་བའི་བསྟན་པའི་འབྱུང་གནས་ཆེན་པོ་ཞིག་ཡིན། དྲུང་བ་རིན་པོ་ཆེས་ཇོ་ནང་ཕྱོགས་རྒྱལ་བ་བླ་མར་བསྟེན་ནས་མདོ་དོན་མཐར་ཐུག་དབུ་མ་གཞན་སྟོང་དང་རྒྱུད་ཀྱི་ཡང་སྙིང་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་འཛིན་པའི་ཆོས་སྡེ་མདོ་སྨད་ཀྱི་ཕྱོགས་འདིར་བཞེངས་པའི་ལོ་རྒྱུས་ཇོ་ནང་ཆོས་འབྱུང་དུ་གསལ། རྗེ་འདི་བ་ཇོ་ནང་བའི་སྤྲུལ་སྐུའི་ཐོག་མ་ཡིན་པར་བཤད།
          སྔ་ཕྱི་ལོ་ངོ་དྲུག་བརྒྱ་ཙམ་གྱི་རིང་ལ་དཔལ་རྒྱལ་བ་ཇོ་ནང་བའི་གཉིས་མེད་རྒྱུད་ཐམས་ཅད་ཀྱི་རྒྱལ་བོ་དུས་འཁོར་གྱི་བསྐྱེད་རྫོགས་གཙོ་བོར་གྱུར་བའི་རྒྱུད་སྡེ་བཞིའི་སྒྲུབ་གྲྭར་ཉམས་ལེན་ཐུན་མོང་མ་ཡིན་པ་ཡོད་པས་ཤམ་བྷ་ལ་གཉིས་པར་གྲགས་ཤིང༌། བཤད་གྲྭ་ཐོས་བསམ་གླིང་འདིར། དྲུང་བ་སྐུ་ཕྲེང་དང༌། ཆོས་རྗེ་སྐུ་ཕྲེང༌། སྦྱངས་པ་སྐུ་ཕྲེང་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱིས་མདོ་སྔགས་རིག་གནས་དང་བཅས་པའི་ངེས་དོན་གྱི་བསྟན་པར་ཐོས་བསམ་གྱི་སྒོ་རྒྱ་ཆེར་ཕྱེས། དེང་སྐབས་མཐོང་ཆོས་སུ་ཡོད་པ་ཁང་དམར་དགེ་བཤེས་གྱི་གསུང་པོད་བཅུ་དང༌། སྦྱངས་བ་ཚང་གི་གསུང་པོད་དྲུག དུས་འཁོར་སྒྲུབ་ཐབས་དཔག་བསམ་ལྗོན་བཟང་སོགས་མཇལ་དཀའ་བའི་གསུང་རྟེན་བྱིན་རླབས་ཀྱི་ཚན་ཁ་འབར་བ་མང་བོ་སྐྱེ་དགུའི་རྨོངས་མུན་སེལ་བའི་ཉིན་བྱེད་དུ་བཞུགས་སོ། གཞན་ཡང་གནམ་བསྐོས་གོང་མས་བསྩལ་པའི་ཐོབ་དང་ཐམ་ག་དང༌། བྱིན་རྟེན་རྩ་ཆེའི་རིག་དངོས་རྙེད་པར་དཀའ་བ་རྣམས་མ་ཉམས་པར་ཡོད་ལ། ད་ལྟའི་འཛིན་སྐྱོང་བྱེད་པའི་གཙོ་བོ་ཆོས་རྗེ་སྐུ་ཕྲེང་བཅུ་བ་དང་སྦྱངས་པ་སྤྲུལ་སྐུ་གཙོས་བླ་སྤྲུལ་ཁག་དང་གྲྭ་མང་བསྡོམས་དྲུག་བརྒྱ་ཙམ་བཞུགས་སོ། ལོ་རྒྱུས་རྒྱས་པར་ཤེས་འདོད་ན་ཆོས་འབྱུང་ཟླ་བའི་སྒྲོན་མེར་གསལ་བས་དེར་གཟིགས་ན་འཐུས།