ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཁྲོམ་གཞུང་གི་ཕྱིའི་རྣམ་པ་མཛེས་ཤིང་འཛུགས་སྐྲུན་གྱི་དོན་སྙིང་ཟབ་པ།

སྤེལ་དུས 2021-08-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          གྲོང་མིའི་ཁུལ་ཆུང་ནི་གྲོང་ཁྱེར་སྡེ་ཁུལ་གྱི་ཆ་ཤས་ཆུང་ངུ་ཞིག་ཡིན་པས་ཁུལ་ཆུང་གི་ཤེས་དཔལ་ལས་གྲོང་ཁྱེར་ཞིག་གི་ཤེས་དཔལ་མངོན་ཐུབ་པ་དང་། ཤེས་དཔལ་ལྡན་པའི་ཁུལ་ཆུང་ཞིག་འཛུགས་གཏོད་བྱས་པའི་གྲུབ་འབྲས་ནི་ཁྲོམ་གཞུང་སྲང་ལམ་གྱི་ཕྱིའི་རྣམ་པ་མཛེས་སུ་གཏོང་བ་ཙམ་མ་ཟད་གྲོང་ཁྱེར་འཛུགས་སྐྲུན་གྱི་དོན་སྙིང་ཟབ་ཏུ་བཏང་བ་ཞིག་ཀྱང་རེད།
          ཉིན་ཤས་གོང་། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ཁུལ་ཆུང་མང་པོར་བཅར་འདྲིར་བསྐྱོད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་སྐུལ་འདེད་འོག་ཁུལ་ཆུང་མང་ཆེ་བས་རླངས་འཁོར་གོ་རིམ་ལྡན་པའི་ངང་བཞག་པ་དང་དུས་བཀག་དང་གནས་གཏན་འཁེལ་གྱིས་གད་སྙིགས་བསྡུ་ཡི་ཡོད། རྒྱ་ཆེའི་གྲོང་མིས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་བརྒྱུད་རིམ་ནང་དངོས་པོ་དང་བསམ་པའི་ཕན་ཡོན་དངོས་དངོས་རྗེན་རྗེན་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་ལྷ་ས་གྲོང་ཁྱེར་གྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ཕན་འབྲས་ལའང་མི་སེར་གྱི་ཁས་ལེན་ཆེན་པོ་བྱས་ཡོད།
          ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ཁོར་ཡུག་གི་རྣམ་པ་མཛེས་སུ་ཕྱིན་པ་དང་། ལམ་རྒྱ་ཆེ་རུ་ཕྱིན་པ། ཡུལ་ལྗོངས་མཛེས་སུ་ཕྱིན་པ། རླངས་འཁོར་གོ་རིམ་ལྡན་པའི་ངང་འཇོག་པ་བཅས་བྱས་པས་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གྱི་འཆར་གཞི་དེ་གསོན་ཉམས་དོད་ལ་ཤེས་དཔལ་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཁྱབ་རྒྱ་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
          ལྷ་ས་གྲོང་ཁྱེར་གྲོང་ཤར་གྱི་དར་རྒྱས་ཉི་བཟང་གཡང་རྩེ་ཁུལ་ཆུང་དུ་གྲོང་མིས་གད་སྙིགས་རིགས་དབྱེ་བྱས་ནས་དབྱུགས་པའི་གོམས་གཤིས་རིམ་བཞིན་འཇགས་ཏེ་སྡེ་ཁུལ་གྱི་གད་སྙིགས་རིགས་དབྱེའི་ཕན་འབྲས་དེ་བས་ཆེ་རུ་ཕྱིན་པ་མ་ཟད། བར་ཁྱམས་ཀྱི་འཕྲོད་བསྟེན་ཡང་རྩ་བའི་ཆ་ནས་ལེགས་སུ་ཕྱིན་ཡོད། ཁུལ་ཆུང་དུད་ཚང་གི་སྒོ་འགྲམ་དུ་སྡེ་ལས་ཀྱིས་རྒྱུན་སྡོད་མི་འབོར་དང་ཕྱོགས་མིའི་ཤོག་བྱང་གསལ་པོ་བྲིས་ནས་གྲོང་མིའི་དོ་དམ་དེ་བས་བདེ་འཇགས་ལྡན་པ་བྱས་ཡོད། བར་ཁྱམས་ཧ་ཅང་གཙང་ལ། མེ་ཟོན་བགྲོད་ལམ་ཤར་བགྲོད། གློག་སྒུལ་སྦག་སྦག་གཅིག་གྱུར་ངང་འཇོག་པ། གློག་གསོག་ཁུལ་ཚད་དང་ལྡན་པ་བཅས་བྱས་ཡོད།
          ལྷ་སའི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ཁྲོད། སྡེ་ཁུལ་དང་སྡེ་ལས་ཀུང་སི་སོགས་ཀྱིས་ཁུལ་ཆུང་གི་ཁོར་ཡུག་བཅོས་སྐྱོང་ལ་དམིགས་ནས་གྲོང་པ་ཁྱིམ་མཚེས་ཚོ་ཁུལ་ཆུང་འཛུགས་སྐྲུན་དང་དོ་དམ་ནང་མཉམ་དུ་ཞུགས་རྒྱུའི་འབོད་སྐུལ་བྱས་ཡོད། དེའི་ནང་ཁུལ་ཆུང་མི་ཉུང་བ་ཞིག་གི་ཁང་བདག་ཨུ་ལྷན་གྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁུལ་ཆུང་གི་ཁོར་ཡུག་བཅོས་སྒྲིག་ལ་སྣེ་ཁྲིད་བྱས་ནས་ཁུལ་ཆུང་གི་ཕུགས་ཕན་དོ་དམ་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
          ལྷ་ས་གྲོང་ཁྱེར་གློག་བརྙན་མེ་ཏོག་ལྡུམ་རའི་ཁུལ་ཆུང་དུ་ཁང་བདག་ཚོས་རང་འགུལ་ངང་ཁང་བདག་ཨུ་ལྷན་བཙུགས་ཏེ། རང་ཁྱིམ་གྱི་ཁུལ་ཆུང་སྒྱུར་བཀོད་རིམ་སྤོར་དང་གྲོང་ཁྱེར་བཅོས་སྐྱོང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་ཏང་ཡོན་དང་སེམས་རྩ་འཁོལ་བའི་གྲོང་མི་མཉམ་དུ་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ནང་ཞུགས་ཡོད། སྡེ་ཁུལ་ལས་རིགས་ཨུ་ལྷན་གྱི་འགན་འཁུར་བ་ཕུར་བུ་མཚམས་གཅོད་ནི་ཏང་ཡོན་ཞིག་ཡིན་ལ་ཀུན་སྤྱོད་དཔེ་བཟང་བ་ཞིག་ཀྱང་ཡིན། རྒན་ཡོལ་ཞུས་རྗེས་ཁོང་གིས་རང་འགུལ་ངང་ཁུལ་ཆུང་གི་རྒྱུན་གཏན་དོ་དམ་ལས་དོན་གྱི་འགན་འཁུར་བ་དང་། ཤེས་རྟོགས་བྱུང་བའི་གནད་དོན་རྣམས་གྲོང་མི་དང་དམངས་གཙོའི་གྲོས་མོལ་བྱས་ཏེ་ཐག་གཅོད་ནུས་ལྡན་བྱེད་ཀྱི་ཡོད།
          གློག་བརྙན་མེ་ཏོག་ལྡུམ་རའི་ཁུལ་ཆུང་དུ་སྐྱོད་སྐབས་གང་སར་གྲལ་སྟར་འགྲིག་པའི་གད་གཞོང་མཐོང་རྒྱུ་ཡོད་པ་དང་ལམ་ངོས་གཙང་གྲ་དོད་ལ་སྒེར་འཁོར་གོ་རིམ་ལྡན་པའི་ངང་བཞག་ཡོད། སྡོད་གནས་ཁོར་ཡུག་ཡག་ཏུ་ཕྱིན་པ་དང་སྦྲགས་ཁང་བདག་ཀྱང་སྔར་བས་རང་འགུལ་ཆེ་རུ་ཕྱིན་པ་དང་། གྲོང་མིའི་གཏོགས་སེམས་སྔར་བས་ཆེ་རུ་ཕྱིན་པ། ཁྱིམ་མཚེས་དབར་གྱི་འབྲེལ་བ་ཡང་སྔར་བས་ཞི་མཐུན་ཆེ་རུ་ཕྱིན་ཡོད།
          བཅར་འདྲི་བྱེད་རིང་། གསར་འགོད་པས་ཁུལ་ཆུང་ཁག་གཅིག་ལ་འཕྲོད་བསྟེན་ཁོར་ཡུག་གི“བཙོག་ཟིང་ཞན”གསུམ་གྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་དང་། གྲོང་མི་མི་ཉུང་བ་ཞིག་ལ་ཁུལ་ཆུང་ཁོར་ཡུག་གི་སེམས་ནད་ཡོད་པས་སྔར་བས་ལེགས་སུ་གཏོང་དགོས་ཀྱི་ཡོད། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་གྲོང་ཁྱེར་དོ་དམ་ཁོའོ་ཡི་འགན་འཁུར་བ་བཀྲ་ཤིས་ཟླ་བས“མིག་སྔར་ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞུ་གཏུག་གི་ཐད་སྦྲེལ་ཁ་པར་ཚང་མ་ཡོངས་བསྒྲགས་བྱས་ཡོད། གལ་ཏེ་ཁང་བདག་གིས་སྡེ་ལས་ཀྱི་ཞབས་ཞུར་བསམ་འཆར་ཡོད་ཚེ‘12345’འམ་ཡང་ན་ཧྲི་ཀྲང་གི་ཡིག་སྒམ་སོགས་བརྒྱུད་ཞུ་གཏུག་བྱེད་ཆོག་གི་ཡོད། ང་ཚོས་ཞུ་གཏུག་འབྱོར་རྗེས་འཕྲལ་དུ་ཁོངས་གཏོགས་ཀྱི་རྩ་དོན་ལྟར་ཐག་གཅོད་བྱེད་ཀྱི་ཡོད”ཅེས་བཤད།
          ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་རྒྱུན་རྣམ་ཅན་གྱི་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བླང་བྱ་དང་སྡེ་ལས་ཞབས་ཞུའི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྡེ་ལས་ཞབས་ཞུའི་ཁེ་ལས་ཀྱིས་རང་བཤེར་དང་། ཁོངས་གཏོགས་ཁུལ་གྱི་སྡེ་ལས་གཙོ་གཉེར་སྡེ་ཚན་གྱིས་སྐོར་ཞིབ། གྲོང་ཁྱེར་སྡེ་ལས་གཙོ་གཉེར་སྡེ་ཚན་གྱིས་འཐེན་བཤེར་བཅས“རིམ་གསུམ་དོ་དམ”བྱས་པ་བརྒྱུད། ས་གནས་ས་ཐོག་ཏུ་གནད་དོན་གསལ་སྟོན་དང་། ས་གནས་ས་ཐོག་ཏུ་ལྟ་སྐུལ་སྒྲུབ་གཉེར། ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་བཅས་བྱུང་ནས་སྡེ་ལས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་གྲོང་མིའི་སྐྱིད་སྣང་ཆེ་རུ་ཕྱིན་པ་དང་གྲོང་མིའི་བསམ་འདུན་བཞིན་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཞིག་ཆགས་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།