ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

འདི་ནི་ཏང་དང་རྒྱལ་ཁབ་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད།

སྤེལ་དུས 2021-09-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཟླ་9པའི་ཚེས་1ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་17པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ་༼ཏང་གི་རླབས་ཆེའི་སྙིང་སྟོབས་ནི་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་༽ཞེས་འཁོད་པ་དེ་སྤེལ་ཡོད་པ་རེད། 
          མི་ལ་སྙིང་སྟོབས་མེད་ན་ཚུགས་མི་ཐུབ། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་དང་ལྡན་པར་མི་འགྱུར། སྙིང་སྟོབས་ཀྱི་རྩ་བ་ཚུགས་པ་དང་བརྟན་པར་གྱུར་ན། གཞི་ནས་མི་རིགས་ཤིག་ལོ་རྒྱུས་ཀྱི་རླབས་རྒྱུན་ནང་འགྱེལ་བར་མི་འགྱུར་ཞིང་། རླབས་རྒྱུན་དང་འགྲོགས་ནས་གནས་པར་འགྱུར། རང་རེའི་ཏང་འདི་ཉིད་དབུ་བརྙེས་ནས་ལོ་ངོ་བརྒྱ་ཟིན་ཡང་སྔར་བཞིན་ལང་ཚོའི་དཔལ་འབར་བ་དང་། དཀའ་སྡུག་མང་པོ་བརྒྱུད་ཀྱང་ཉམས་པ་མེད་པར་གནས་པ་ནི། གསར་བརྗེའི་ཐོག་སྲོག་བསྡོས་ཀྱིས་འབད་འཐབ་བྱེད་པའི་སྙིང་སྟོབས་ཆེན་པོ་ལྡན་པ་དེར་བརྟེན་ནས་བྱུང་། དཀའ་ངལ་ལ་འཐབ་འཛིང་བྱེད་པ་ནི་དངོས་པོའི་ཐོག་གི་འགྲན་རྩོད་ཅིག་ཡིན་ལ། སྙིང་སྟོབས་ཐད་ཀྱི་འགྲན་བསྡུར་ཞིག་ཀྱང་ཡིན་ཞེས་ནན་སྟོན་གནང་འདུག 
          རྩོམ་ཡིག་ནང་། ལོ་བརྒྱའི་གོང་། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གསར་འཛུགས་གནང་བ་དང་། བདེན་དོན་རྒྱུན་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་ལེན། འགན་འཁྲི་དང་འོས་འགན་འཁུར་བ། འཆི་རྒྱུར་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་བྱེད་པ། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་གྲུབ་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་རྩ་དེ་རེད། ལོ་ངོ་བརྒྱ་ཡི་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་བས། ཅིན་ཀང་རི་བོའི་སྙིང་སྟོབས་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས། ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། ཞི་པའེ་ཕོ་ཡི་སྙིང་སྟོབས། བྲག་དམར་སྙིང་སྟོབས། ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས། དམིགས་བསལ་ཁུལ་གྱི་སྙིང་སྟོབས། འབྲུབ་འགོག་སྙིང་སྟོབས། ཡོམ་འགོག་གནོད་སེལ་སྙིང་སྟོབས། རིམས་འགོག་སྙིང་སྟོབས་སོགས་རླབས་ཆེའི་སྙིང་སྟོབས་གྲུབ་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མ་ལག་གྲུབ་ཡོད། བསམ་པའི་རྒྱུ་ནོར་དེ་དག་ནི་དུས་ཚོད་དང་བར་ཁམས་ལས་བརྒལ་བ་དང་། དུས་ཚོད་ཇི་ཙམ་ཕྱིན་ཡང་ཉམས་པར་མི་འགྱུར་ཞིང་། དེ་དག་ལས་ཏང་གི་འགྱུར་མེད་ཀྱི་ཆོད་སེམས་དང་། གཞི་རྩའི་དམིགས་འབེན། སྤྱོད་ཚུལ་བཟང་པོ་བཅས་གཅིག་སྡུད་ཐོག་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་དཀའ་སྤྱད་འབད་འཐབ་བྱེད་པ་དང་། རང་སྲོག་ལེགས་སྐྱེས་སུ་འབུལ་བ། གསར་གཏོད་ཡར་བརྩོན་བྱེད་པ་བཅས་ཀྱི་རླབས་ཆེའི་སྤྱོད་ཚུལ་མངོན་པ། རང་རེའི་ཏང་དང་། རྒྱལ་ཁབ། མི་རིགས། མི་དམངས་བཅས་ཀྱི་ཁྲག་རྒྱུན་ནང་གཏིང་ཟབ་འདྲེས་ཡོད།  དེ་དག་གིས་རང་རེས་ཏང་འཛུགས་པ་དང་། ཏང་དར་བ་བྱེད་པ། ཏང་སྟོབས་ཆེར་འགྱུར་བ་བྱེད་པར་འཚོ་བཅུད་ཕུན་སུམ་ཚོགས་པོ་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བསྟན་འདུག 
          རྩོམ་ཡིག་ནང་། མི་ཚེ་ནི་ཚད་ཡོད་པ་ཞིག་ཡིན་ལ། དཔའ་བོ་དཔེ་བཟང་མང་པོའི་བླ་ན་མེད་པའི་སྙིང་སྟོབས་གྲུབ་པའི་བརྒྱུད་རིམ་ཡང་ཚད་ཡོད་པ་ཞིག་རེད། ཡིན་ནའང་རྩ་ཆེའི་སྙིང་སྟོབས་གྲུབ་ཚར་ན། དེ་ནི་རྟག་བརྟན་འགྱུར་མེད་དུ་གྱུར་བ་རེད། མི་རིགས་སུ་འདྲ་ཞིག་ཡིན་ཡང་དེ་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་གང་དེའི་སྟོབས་ཤུགས་ཆེན་པོ་གྲུབ་པར་བྱ་དགོས་ཤིང་། དེ་ལྟ་བུའི་སྙིང་སྟོབས་ནི་དུས་རབས་གོང་འཕེལ་གྱི་ཚད་གང་དུ་སླེབས་ཀྱང་ལོ་དུས་མི་ཐིམ་པ་ཞིག་རེད་ཅེས་བསྟན་འདུག 
          རྩོམ་ཡིག་ནང་། བྱ་གཞག་རླབས་པོ་ཆེའི་ནང་ནས་སྙིང་སྟོབས་རླབས་པོ་ཆེ་འབྱུང་བ་དང་། སྙིང་སྟོབས་རླབས་པོ་ཆེས་བྱ་གཞག་རླབས་པོ་ཆེར་སྣེ་ཁྲིད་བྱེད་བཞིན་ཡོད། ཏང་གི་སྙིང་སྟོབས་རླབས་པོ་ཆེ་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ནི་རང་རེའི་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་དང་། ང་ཚོས་དཀའ་སྤྱད་མདུན་སྐྱོད་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད། དེང་གི་ཀྲུང་གོ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་མངོན་གྱུར་ཡོང་བ་བྱེད་པའི་འགག་རྩའི་དུས་ལ་སླེབས་ཡོད། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་བསྐྱར་དར་ཡོང་བ་བྱེད་པར་དངོས་པོའི་དཔལ་ཡོན་གྱི་གསོག་འཇོག་དགོས་ལ། བསམ་པའི་དཔལ་ཡོན་གྱི་བློ་སྦྱོང་དགོས་པས། ཏང་ཡོངས་ཀྱི་བློ་མཐུན་གྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་གྲུབ་པའི་རླབས་ཆེའི་སྙིང་སྟོབས་ཀྱིས་རང་ཉིད་ལ་གསོས་གཏོང་བ་དང་། རང་ཉིད་ལ་སྐུལ་ལྕག་བྱས་ནས། མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ཉེན་མཐའ་དག་ལས་རྣམ་པར་རྒྱལ་བ་བྱས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ཐད་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ལེན་དགོས་ཞེས་བསྟན་འདུག
རྩོམ་སྒྲིག་པ། བདེ་སྒྲོལ།