ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དེང་གི་འཚོ་བ་གསར་པར་རོལ་བཞིན་པའི་ཞིང་འབྲོག་མང་ཚོགས།

ལོ་ངོ་70ཡི་རིང་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་བཞིན་ལེགས་སུ་ཕྱིན་པ།

སྤེལ་དུས 2021-09-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ད་ཆ་བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་བཅས་ཚུད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་རིམ་བཞིན་ཆགས་ནས་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་པ། ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་94%དང་76%སོ་སོར་ཟིན་ཡོད།
          རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་140ཟིན་ནས་གྲོང་ཁྱེར་66ཙམ་ལ་ཤར་གཏོང་ཐུབ་ཡོད། གློག་དྲ་གཙོ་བོ་རྫོང་གྲོང་དང་ཤང་གྲོང་གཙོ་བོར་ཁྱབ་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་ཐུབ་པ། འོད་སྐུད་དང་སྲུང་སྐར་གྱིས་གཙོ་བོར་བྱས་པའི་དེང་རབས་ཀྱི་འཕྲིན་གཏོང་དྲ་རྒྱའི་མ་ལག་གིས་བོད་ལྗོངས་འདི་ཉིད་ཆ་འཕྲིན་མྱུར་བགྲོད་ལམ་དུ་སླེབས་པ། སྲིད་འཛིན་གྲོང་ཚོ་ཚང་མར་སྒུལ་བདེའི་བརྡ་རྟགས་ཡོད་པ། འོད་ཁྲིད་ཚི་སྐུད་ཀྱི་དྲ་ཆེན་ཤར་གཏོང་ཐུབ་ཚད་99%ཟིན་པ་བཅས་རེད།
          ས་མཐོའི“མཁའ་ལམ”ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པ།
          ལོ་ངོ་70ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད། རི་མཐོ་གྲོག་རོང་བརྒལ་བའི་གཞུང་ལམ་དང་ཕུག་ལམ་དང་། གཙང་པོ་དང་ཆུ་བོ་མང་པོ་འཕྲེད་བཅད་བཏང་བའི་ཟམ་པ་རེ་རེ་ནི་བརྗིད་ཉམས་ལྡན་པའི“འཇའ་ཚོན་རིང་པོ”དང་ཀུན་ནས་མཚུངས། ཡངས་ཤིང་ཁོད་སྙོམས་པའི་སྣུམ་ནག་ལམ་དག་ནི་དལ་གྱིས་འཕྱོ་བའི“ཁ་བཏགས”ཤིག་དང་འདྲ་བར་ས་མཐོའི་ས་གཞི་ཆེ་མོ་བརྒྱན་པར་བྱེད། ཞིང་འབྲོག་མང་ཚོགས་རྣམས་དེ་སྔ་ཅ་དངོས་སྒལ་པར་འཁུར་བ་དང་རྟ་དྲེལ་གྱིས་དབོར་བའི་དཀའ་གནད་ལས་གྲོལ་ནས་ད་ཆ་འགྲོ་སྐྱོད་བྱེད་པར་དེ་བས་སྟབས་བདེ་དང་བདེ་འཇགས་ལྡན་ཡོད།
          ཟླ་6ཚེས་25ཉིན་ཚང་མས་དོ་ཁུར་བྱེད་པའི་ལྷ་ཉིང་ལྕགས་ལམ་དུ་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་ནས་བོད་ཀྱི་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།
          ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ལྷ་ས་ནས་ལྷོ་ཁ་བར་མགྱོགས་ཤོས་ཆུ་ཚོད་1དང་སྐར་མ་10ལ་སླེབས་པ་དང་། ལྷ་ས་ནས་ཉིང་ཁྲི་བར་མགྱོགས་ཤོས་ཆུ་ཚོད་3དང་སྐར་མ་29ལ་སླེབས་པ། ལྷོ་ཁ་ནས་ཉིང་ཁྲི་བར་མགྱོགས་ཤོས་ཆུ་ཚོད་2དང་སྐར་མ་22ལ་སླེབས་པ། གཞིས་རྩེ་ནས་ཉིང་ཁྲི་བར་མགྱོགས་ཤོས་ཆུ་ཚོད་6དང་སྐར་མ་56ལ་སླེབས་ཀྱི་ཡོད།
          ལྷ་ཉིང་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་པ་དེས་སྔར་ཡོད་ཀྱི་འགྲིམ་འགྲུལ་ལ་ས་མཐོའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་སླ་བའི་ཞན་ཆ་སེལ་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཤར་གཏོང་ཐུབ་ཚད་མཐོ་རུ་དང་བརྟན་པོའི་རང་བཞིན་ཆེ་རུ་ཕྱིན་ཡོད། ལྷ་ཉིང་ལྕགས་ལམ་གཉེར་སྐྱོང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་བ་དང་བསྟུན་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྔར་བས་སྐུལ་མ་ཐེབས་རྒྱུ་རེད།
          “གློག་ཤུགས་མཁའ་ལམ”གྱིས་དུད་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན།
          འགྲིམ་འགྲུལ་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་བོད་ལྗོངས་ཀྱི་གློག་ཤུགས་ཀྱང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད།
          2020ལོར་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་ནས་གློག་གཏོང་འགོ་ཚུགས་ནས། གློག་དྲ་གཙོ་བོ་ལྗོངས་ཡོངས་སུ་ཁྱབ་ཡོད།
          ལོ་ངོ་70ཡི་རིང་བོད་ལྗོངས་ཀྱི་གློག་ཤུགས་བྱ་གཞག་མེད་པ་ནས་ཡོད་པ་དང་ཆུང་བ་ནས་སྟོབས་ཆེའི་བར་དང་སླར་ཡང་གློག་དྲ་གཙོ་བོ་ལྗོངས་ཡོངས་སུ་ཁྱབ་ནས་ཆུ་གློག་གིས་གཙོ་བོ་བྱེད་པ་དང་། ཉི་ནུས་དང་། རླུང་ནུས། ས་འོག་ཚ་ནུས་སོགས་ནུས་རྒྱུ་མང་པོ་ཕན་ཚུན་གསབ་རེས་བྱེད་པའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཅིག་རིམ་བཞིན་ཆགས་ཡོད།
          2011ལོའི་ཟླ་12པར་མཚོ་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དེ་ཐོག་ནས་བོད་ལྗོངས་ཀྱི་གློག་དྲ་ཡུན་རིང་ཁེར་རྐྱང་གཉེར་སྐྱོང་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་མ་ཟད། མཚོ་སྔོན་གློག་དྲ་བརྒྱུད་རྒྱལ་ཡོངས་ཀྱི་གློག་དྲ་ཆེན་པོ་དང་སྦྲེལ་མཐུད་ཐོག་མ་ཐུབ་པའང་མཚོན་གྱི་ཡོད།
          2014ལོའི་ཟླ་11པར་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དེ་ཐོག་ནས་བོད་ཀྱི་ཆབ་མདོའི་གློག་དྲ་ཁེར་རྐྱང་གཉེར་སྐྱོང་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་མ་ཟད། སི་ཁྲོན་གློག་དྲ་དང་སྦྲེལ་མཐུད་ཐུབ་པའང་མཚོན་གྱི་ཡོད།
          2018ལོའི་ཟླ་11པར་བོད་དབུས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དེ་ཐོག་ནས་བོད་དབུས་གློག་དྲ་དང་ཆབ་མདོའི་གློག་དྲ་དྲ་སྦྲེལ་གཉེར་སྐྱོང་ཐུབ་པ་མཚོན་གྱི་ཡོད་ལ། དེ་ནས་བཟུང་བོད་འདི་ཉིད་ཆན་ཧྥུའུ་500ཡི་མཐོ་གནོན་གློག་གི་གློག་དྲ་ཆེན་པོའི་དུས་རབས་སུ་སླེབས་པའང་མཚོན་གྱི་ཡོད།
          2020ལོའི་ཟླ་12པར་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དེ་ཐོག་ནས་བོད་ལྗོངས་ཀྱི་གློག་དྲ་ལྗོངས་ཡོངས་ཀྱི“དྲ་བ་གཅིག”གི་གཅིག་གྱུར་གློག་དྲའི་དུས་རབས་གསར་པར་སླེབས་པ་མཚོན་གྱི་ཡོད།
          མང་ཚོགས་ལ་བདེ་འཇགས་ཀྱི་ཆུ་འཐུང་རྒྱུ་བྱུང་བ།
          གློག་ཡག་པོ་སྤྱོད་ཐུབ་པ་མ་ཟད་ཞིང་འབྲོག་མང་ཚོགས་ལ་བདེ་འཇགས་ཀྱི་ཆུ་ཡང་འཐུང་རྒྱུ་བྱུང་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ཐོག་མའི་དུས་སུ་བོད་ལྗོངས་སུ་ད་དུང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་59ཡི་ནང་མི་ཉུང་བ་ཞིག་ནི་མཐོ་གྲང་གསོ་རླུང་དཀོན་པའི་ས་མཐོའི་ཁུལ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་རི་གྲོང་དུ་འཚོ་བ་སྐྱེལ་བཞིན་ཡོད། མང་ཚོགས་ལ་བདེ་འཇགས་ཀྱི་ཆུ་འཐུང་རྒྱུ་ཡོད་པ་བྱ་རྒྱུ་ནི་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་ཆེ་ཤོས་ཀྱི་གྲས་ཤིག་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་51.1བཏང་ནས་གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་ལས་གྲྭ་ཁྲི་1.81ལྷག་ཙམ་བསྐྲུན་པས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་སྤྱི་ཡོངས་ལ་ཁྱབ་ཚད་99%ཡན་ཟིན་པ་དང་འབྲེལ། གཙོ་གནད་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པས་ཞིང་ཆུ་ཡག་པོ་འདྲེན་ཚད་ཁྱོན་མུའུ་ཁྲི་73མང་དུ་ཕྱིན་ཡོད།
          སྟབས་བདེའི་དྲ་རྒྱས་འཛམ་གླིང་དང་ལག་གདང་སྦྲེལ།
          ཆུ་གློག་དང་འགྲིམ་འགྲུལ་སྒྲིག་ཆས་རིམ་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་བསྟུན་ནས་བོད་ལྗོངས་ཀྱི་མི་དམངས་ཀྱི་འཚོ་བའི་དོན་གཉེར་བྱེད་ས་ཡང་ཆེ་རུ་ཕྱིན་ཡོད།
          ད་ཆ་ཞིང་འབྲོག་ཁུལ་གྱི་སྲིད་འཛིན་གྲོང་ཚོ་ཚང་མར་སྒུལ་བདེའི་བརྡ་རྟགས་ཡོད་པས་ལག་ཐོགས་ཁ་པར་གྱི་སྐུད་མེད་དྲ་བ་བརྒྱུད་སྐར་ཆ་ཁ་ཤས་ནང་མི་རྣམས་ཀྱིས་འཛམ་གླིང་ཡང་རྩེའི་གྲོང་གསེབ་ཆུང་ངུ་ནས་འཛམ་གླིང་དང་སྦྲེལ་མཐུད་ཐུབ་ཀྱི་ཡོད།
          ཡུལ་སྨད་ཤང་ནི་དེ་སྔ“མི་གསུམ་ཤང”ཡིན་ཞིང་། ད་ཆ་ཁྱིམ་ཚང་ཚང་མ་ཁང་པ་གསར་པར་སྤོས་པ་དང་། ཨར་འདམ་ལམ་སྒོ་ཁར་ཤར་གཏོང་ཐུབ་པ། ཆུ་གློག་ལ་སེམས་ཁྲལ་མེད་པ། དྲ་རྒྱའི་བརྡ་རྟགས་ཁྱིམ་ཚང་ཀུན་ལ་ཁྱབ་པ་བཅས་བྱུང་ཡོད།
          ད་ཆའི་བོད་ལྗོངས་སུ་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་བཅས་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པ་དང་། གློག་དྲ་དང་། ཆུ་ལམ། དྲ་སྦྲེལ་བཅས་གྲོང་ཚོ་དང་དུད་ཚང་ཚང་མར་ཁྱབ་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་ཕྱིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།