ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཐོན་ལས་དར་ཞིང་གྲོང་ཚོ་མཛེས། མི་སེར་ཕྱུག་པའི་ལེའུ་གསར་བརྩམས།

སྤེལ་དུས 2021-09-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་སྐོར་གྱི་སྒྲིལ་གླེང་།
          “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་སྐུལ་འདེད་གཏོང་བ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བཅས་བྱས་ནས། ཞིང་འབྲོག་ལས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་དང་། ཞིང་འབྲོག་ཁུལ་གྱི་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ། ཞིང་འབྲོག་པའི་ཡོང་འབབ་འཕར་ཤུགས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་རྒྱུན་འཁྱོངས་བྱས་པས། ཞིང་འབྲོག་པའི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།
          འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་སོང་བ། 
          གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ལུང་བཟང་གྲོང་ཚོའི་གྲོང་མི་བསྟན་འཛིན་གྱིས་ལོ་དེ་དག་རིང་ནས་ཚང་མ་ཉེ་འགྲམ་དུ་ཡོད་པའི་བདེ་ཆེན་ཉི་འོད་གཞིས་ཀ་ཚད་ཡོད་ཀུང་སིར་བཙོངས་ཤིང་། སྣེ་འདྲེན་ཁེ་ལས་དེས“ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་བརྒྱུད། ལོར་ནས་ལས་སྣོན་གྱི་ཐོན་ཚད་ཏུན་ཁྲི་10ཡན་ཟིན་ནས་མཐའ་འཁོར་གྱི་འདེབས་འཛུགས་དུད་ཚང་ལ་འབབ་འཕར་སྒོར་ཁྲི་4000ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། 
          “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ནས་དང་། འབྲི་གཡག བོད་ཕག བོད་ལུག དཀར་ཆུའི་ལས་རིགས། སྔོ་ཚལ། གཟན་རྩྭ་བཅས་ཐོན་ལས་ཆེན་པོ་བདུན་གཙོ་གནད་དུ་བྱས་པའི“7+N”ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་གྲུབ་རྒྱུར་སྐུལ་འདེད་བཏང་བ་དང་། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་རྟེན་གཞི་གཙོ་བོར་བྱས་པའི་རྒྱལ་ཁབ་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་གཙོ་བོ་10བསྐྲུན་ཞིང་། རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་4དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་ཚོམ་བུ་1 རྒྱལ་ཡོངས་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་ཁུལ་5བཅས་བསྐྲུན་པ་དང་། སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་162དང་13745སོ་སོར་ཟིན་པ་དེ་2015ལོ་ལས་65%དང་ལྡབ་1.9འཕར་བ། སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་2015ལོ་ལས་ལྡབ་འཕར་བྱུང་ཡོད།
          ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་200.08གསར་སྦོལ་བྱས་པ་དང་། ལོ་རེར་ཆ་སྙོམས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་མུའུ་ཁྲི་200ཡན་ཁྱབ་གདལ་བཏང་བ། འབྲུ་རིགས་ཐོན་འབབ་ལོ་6བསྟུད་མར་ཏུན་ཁྲི་100ཡན་ཟིན་རྒྱུ་བརྟན་པོ་བྱུང་ཡོད། ལོར་སྔོ་ཚལ་ཐོན་ཚད་ཏུན་ཁྲི་100.03ཟིན་པ་དང་དབྱར་དུས་སུ་སྔོ་ཚལ་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་རང་ཁ་རང་གསོ་ཐུབ་ཚད་85%ཡན་ཟིན་ཡོད། རིམ་རྩིས་བྱས་ན་ཕྱུགས་རིགས་རྒྱུད་བཟང་མགོ་གྲངས་ཁྲི་510ཁྱབ་གདལ་བཏང་བ་དང་། མི་ཐབས་ལ་བརྟེན་པའི་སྤུས་ལེགས་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་135བསྐྲུན་པ། རྩྭ་ཐང་མུའུ་ཁྲི་1000ལ་ལྕགས་དྲ་སྐོར་བའི་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཡོད། ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི་101.51ཟིན་ནས་མི་རེའི་ཆ་སྙོམས་དབང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
          གྲོང་གསེབ་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་སོང་བ།
          ལྷ་སའི་ཉེ་འགྲམ་གྱི་སྟག་གདོང་གྲོང་ཚོར་སྐྱོད་སྐབས་གྲལ་སྟར་འགྲིག་པའི་ཞིང་ཁྱིམ་སྒོ་ར་དང་། རྒྱ་ཆེ་ལ་གཙང་སྦྲ་དོད་པའི་འགྲོ་ལམ། དུད་ཚང་མི་རེ་ངོ་རེའི་སྒོ་འགྲམ་དུ་བཞག་པའི་གད་གཞོང་། ལྗོན་ཤིང་སྟུག་ལ་ཆུ་མོ་ཤང་ཤང་དུ་རྒྱུག་པ་བཅས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་མིག་ལམ་དུ་མངོན་བཞིན་ཡོད།
          སྟག་གདོང་གྲོང་ཚོ་ནི་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་བའི་མཚོན་ཚུལ་ཞིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས། རྫོང(ཆུས)74ཡི་སྡོད་མལ་ཁོར་ཡུག་ཚང་མ་ཚད་ལོན་པ་དང་རྫོང(ཆུས)བཅུ་ཆ་དྲུག་ལྷག་ཙམ་ལེགས་གྲས་དང་ཕུལ་བྱུང་གྲས་སུ་བདམས་ཡོད། དེ་དང་ཆབས་ཅིག“གཙང་བཤེར་བཞི་དང་ལེགས་བཅོས་གཉིས”ཀྱི་གྲོང་ཚོ་བཀོད་གཙང་གི་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་དུད་ཚང་གསང་སྤྱོད་ཁྲི་27སྒྱུར་བཀོད་བྱས་པ་དང་། མཛེས་སྡུག་ལྡན་ལ་སྡོད་མལ་དང་འཚམ་པའི་དཔེ་སྟོན་གྲོང་ཚོ་120གཏན་འཁེལ་བྱས་པ། གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གྲོང་ཚོའི་གཙང་སྦྲའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས། གྲོང་ཚོ་4013ལ་གཙང་སྦྲ་བ་33250ཡོད་པ། གྲོང་ཚོ་90%ཡན་གྱི་འཚོ་བའི་གད་སྙིགས་གཙང་སེལ་བྱུང་བ་བཅས་ལས་ཞིང་འབྲོག་མང་ཚོགས་ཚོར་འཕྲོད་བསྟེན་འཚོ་བའི་གོམས་གཤིས་བཟང་པོ་ཞིག་རིམ་བཞིན་འཇགས་ཡོད།
          མི་སེར་གྱི་ཐོབ་སྣང་སྔར་བས་ཆེ་རུ་སོང་བ།
          “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་དཔལ་འབྱོར་འཕར་ཆག་གི་གནོན་ཤུགས་དང་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱས་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་2020ལོར་སྒོར་14598ཟིན་པ་དེ་དུས་མཚུངས་ལས་12.7%འཕར་བ་མ་ཟད། ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ལོ་6བསྟུད་མར་རྒྱལ་ཡོངས་ཀྱི་འཕར་ཚད་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བཏོན་པའི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།
          དེ་དང་ཆབས་ཅིག་བོད་ལྗོངས་ཀྱིས་ད་དུང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཕྱོགས་ཡོངས་ལ་ཁྱབ་པའི་དབུལ་སྐྱོར་ལས་དོན་གྱི་རྣམ་པ་དང་ལམ་སྲོལ་ཞིག་ཆགས་པར་བྱས་ཏེ་དབུལ་སྐྱོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ཞིང་། རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་3055ལག་བསྟར་བྱས་པ་དང་ཐོན་ལས་དབུལ་སྐྱོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་464.5དོན་འཁྱོལ་བྱས་ཡོད། ཐོན་ལས་དབུལ་སྐྱོར་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་23.8ལོ་གཅིག་གི་སྔ་སྣུར་དུ་དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་85%ཡན་ལ་ཕན་པ་ཐོབ་པ། ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་ལས་རྒྱ་ཆེའི་ཞིང་འབྲོག་པར་ཕན་པ་ཐོབ་པ། བོད་ལྗོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་ནག་བསལ་བ་བཅས་བྱས་པས། ཞིང་འབྲོག་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།