ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བོད་ལྗོངས་ཀྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་བརྟེན་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་དུ་བཏང་བ།

སྤེལ་དུས 2022-04-06 ཡོང་ཁུངས། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བ། རྩོམ་པ་པོ།
  ལྷ་སར་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་རི་བོ་ཞིག་ཡོད་པ་དེ་ཕོ་བྲང་པོ་ཏ་ལ་དང་ཆུ་གཅིག་གིས་ཆོད་པའི་ཕ་རོལ་དུ་ཆགས་ཡོད།
  རི་འདབས་སུ་ལྗོན་ཤིང་སྔོ་ཐིང་ངེར་གནས་པ་དང་། ཤིང་ཟམ་འོག་ཏུ་ཆུ་ཕྲན་ལྷུང་ལྷུང་དུ་རྒྱུག་པ། གྱ་གྱུར་གནས་པའི་འཕྲང་ལམ་གྱིས་རི་བོ་ཡོངས་སུ་བསྐོར། ངལ་གསོའི་དུས་ཚོད་འཆར་རིམ་བཞིན། གྲོང་མི་དང་ཡུལ་སྐོར་བ་སྟོང་ཕྲག་དེ་གར་ས་མཐོའི་དམིགས་བསལ་གྱི་སྔོ་ལྗང་མཛེས་ལྗོངས་ལ་མྱོང་རོལ་བྱེད་པར་འགྲོ་བ་དེ་ནི་ལྷ་སའི་ལྷོ་རིའི་སྤྱི་གླིང་རེད།
  ལྷོ་རིའི་སྤྱི་གླིང་ནི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་འདུ་འགོད་ཀྱི་ཆ་ཤས་ཤིག་རེད་ལ། བོད་རང་སྐྱོང་ལྗོངས་ཀྱི་རོང་ཁུལ་གྱི་གཞི་ཁྱོན་ཆེ་བའི་སྐྱེ་ཁམས་འཛུགས་སྐྱོང་དང་ཉམས་གསོའི་མཚོན་བྱེད་རང་བཞིན་གྱི་འདུ་འགོད་ཐོག་མ་དེའང་རེད། འདུ་འགོད་དེས་ལོ་རེར་ཆ་སྙོམས་ཆུ་གསོག་ཚད་ཏུན་ཁྲི་4980ཙམ་དང་། ཐཱན་སྲ་གཟུགས་སུ་འགྱུར་ཚད་ཏུན་ཁྲི་22.91 གསོ་རླུང་འབུད་ཚད་ཏུན་ཁྲི་19.30 ལུད་གསོག་ཚད་ཏུན་ཁྲི་2.71བཅས་མང་དུ་ཕྱིན་ནས་ལོ་རེར་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར་14.85ཟིན་གྱི་ཡོད་པ་རེད།
  རི་བོ“ལྗང་མདོག་གི་ལྕགས་རི”ལྟ་བུར་བསྐྲུན་པ་ནི་སྐྱེ་ཁམས་ཉམས་གསོ་བྱས་པ་ཞིག་དང་། ཁོར་ཡུག་སྒྱུར་བཀོད་བྱས་པ་ཞིག མི་སེམས་གཅིག་སྡུད་བྱས་པ་ཞིག་བཅས་ཡིན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་བཅངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་གི་ཕན་བདེ་དེ་བས་མང་བ་བཏོད་ཡོད།
  བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་དགོས”ཞེས་པའི་འཐབ་ཇུས་དམིགས་ཚད་ཁ་གསལ་བཏོན་པ་མ་ཟད། ལས་དོན་གྱི་ཆེད་སྒྲུབ་ཚན་ཁག་བཙུགས་ཏེ“ལོ་འཁོར་རེར་འཆར་གཞི་རེ་དང་། ལོ་ཕྱེད་རེར་སྙན་སེང་རེ། དུས་ཚིགས་རེར་སྐུལ་གཏོང་རེ། ཟླ་བ་རེར་བཀོད་གཏོང་རེ”བཅས་ཀྱི་ལས་དོན་ལམ་སྲོལ་བཟོས་ནས་གཅིག་གྱུར་འཆར་འགོད་ཀྱི“མིག་མངས་འགྲིག་སྐོར་གཅིག”ཡག་པོ་བརྒྱབ་ཡོད།
  རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་ལ་གཞིགས་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ནས་འགོ་འཛུགས་ས་མཐོ་པོས་ཇུས་འགོད་དང་ཚུགས་གནས་མཐོ་པོས་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་སྲིད་ཇུས་འགན་ལེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕྱོགས་བསྡུས་རང་བཞིན་གྱི་ས་གནས་ཁྲིམས་སྲོལ་ཐོག་མ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》བཏོན་ནས་ལག་ལེན་བསྟར་བ་དང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་འཆར་འགོད(2021ལོ་ནས་2035ལོའི་བར)》གང་མགྱོགས་བཟོ་འགོད་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་པའི་འཐབ་ས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ས་ཆ། ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟ་བྱེད་ས། རང་བྱུང་སྲུང་སྐྱོང་གི་མིག་དཔེ་སྟོན་ས། སྐྱེ་ཁམས་དམངས་ཕྱུག་གི་སྔོན་བསྟར་ས་ཆ། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པ་བཅས་ཀྱི“ས་ཆ་ལྔ་དང་མ་ལག་གཅིག”འཛུགས་སྐྲུན་དམིགས་ཚད་བཏོན་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་ཁྱོན་ཡོངས་ནས་སྣེ་ཁྲིད་བྱས་ཡོད།
  ལྗོངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དེ་ཉིད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཟབ་གཏོང་གི་དུས་སུ་སླེབས་པའི་དོན་དངོས་ལ་གཞི་ཚུགས་ཏེ། བོད་རང་སྐྱོང་ལྗོངས་ཀྱིས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་སློབ་སྦྱོང་གསོ་སྦྱོང་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོ། ཐཱན་ཚད་སྙོམ་སྦྱོར་གྱི་དཔེ་སྟོན་འཛུགས་གཏོད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་འཛུགས་གཏོད། སྐྱེ་ཁམས་རིག་གནས་སྐྱོང་སྤེལ། ལྗང་མདོག་ཐོན་ལས་འཕེལ་རྒྱས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་། གྲོང་གསེབ་ཀྱི་སྐྱེ་ཁམས་དར་རྒྱས། ཁོར་ཡུག་བཅོས་སྐྱོང་དེང་རབས་ཅན་བཅས་ཀྱི“བྱ་སྤྱོད་ཆེན་པོ་བཅུ”ལག་བསྟར་བྱ་རྒྱུ་ཁ་གསལ་བཏོན་ཡོད།
  སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་དོན་འཁྱོལ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཐཱན་ཚད་མཐོ་ཤོས་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཆར་འགོད་བཟོས་ཡོད། “ཚད་གསུམ་དང་གསལ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་དོན་ཐོག་ཏུ་འཁྱོལ་ནས་སྤྱོད་རྒྱུར་ཤུགས་སྣོན་དང“ཆེ་གཉིས”རྣམ་གྲངས་བོད་དུ་ལག་ལེན་བསྟར་རྒྱུ་གཏན་འགོག་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་རྒྱུར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཡོད་པ་རེད།