ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དགུན་ཨོ་ཡིས་རང་རྒྱལ་གྱི་ལུས་རྩལ་དར་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས།

སྤེལ་དུས 2022-04-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ལུས་རྩལ་སྟོབས་ཆེན་བྱུང་ན་ཀྲུང་གོ་སྟོབས་ཆེར་འགྲོ་ཐུབ། རྒྱལ་ཁབ་ཀྱི་དབང་ཐང་དར་ན་ལུས་རྩལ་དར་རྒྱས་ཡོང་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། མི་དམངས་ཀྱི་བདེ་ཐང་ཉིད་ཐོག་མཐའ་བར་གསུམ་དུ་སྔོན་ལ་གོང་འཕེལ་གཏོང་བའི་གནས་བབ་ཐོག་བཞག་སྟེ་དམངས་ཡོངས་ཀྱིས་ལུས་སྦྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤར་གནང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་གཉིས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཏང་བའི་འོག པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་གཉེར་ནས་ཀྲུང་གོ་ཉིད་འཛམ་གླིང་གངས་འཁྱགས་ལུས་རྩལ་གྱི་རྒྱལ་ཁབ་ཆེན་མོར་འགྱུར་བ་བྱས་པ་དང་། རང་རྒྱལ་ཉིད་ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་ཕྱོགས་སུ་སྐྱོད་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད།
       ཧོ་པེ་ཀྲང་ཅ་ཁའུ་ཡུན་ཏིང་གངས་ཤུད་སྤྱི་གླིང་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཐོག་རྩལ་འགྲན་ཁང་བདུན་གྱི་ཁྲོད་ད་ཡོད་ཀྱི་གངས་ར་བསྒྱུར་བཟོ་བྱས་ནས་གྲུབ་པའི་འགྲན་ཁང་ཉག་ཅིག་དེ་ཡིན། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་སུ། ཀྲང་ཅ་ཁའུ་ཡིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཁང་སྒྲིག་ཆས་དང་མི་ཤུགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བཏང་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོང་རྟགས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་བྱེད་བཞིན་ཡོད།
       པེ་ཅིང་ཧྲའུ་ཀང་གླིང་ཁུལ་ནང་གི་ཧྲའུ་ཀང་གངས་ཤུད་མཆོང་སྟེགས་ཆེན་མོ་ཞོལ་ཧྥེ་ཐན་ཞེས་པ་ཡང་ཕྱི་ཕྱོགས་སུ་སྒོ་ཕྱེ་ཡོད་པ་དང་། ད་དུང་འགྲན་ཁང་ཁག་གཅིག་ལྔ་གཅིག་གོང་དུ་གཅིག་མཇུག་གཉིས་མཐུད་ངང་སྒོ་ཕྱེ་རྒྱུ་ཡིན་པ་རེད། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཁང་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཐོང་རྒྱུ་ཡོད་པའི་ཤུལ་བཞག་ཡིན་པ་དང་། འགྲན་བསྡུར་གཉེར་བ་ཕུད། ད་དུང་མུ་མཐུད་དེ་དམངས་ཡོངས་ལ་ལུས་སྦྱོང་བྱེད་ས་མཁོ་འདོན་བྱེད་ཐུབ་པ་དང་མི་དེ་བས་མང་བ་གངས་འཁྱགས་ལུས་རྩལ་ཁྲོད་དུ་ཞུགས་ཐུབ་པ་བྱས་ནས་གྲོང་ཁྱེར་གྱི་ལུས་རྩལ་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཐུབ།
       གངས་འཁྱགས་ལུས་རྩལ་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩལ་འགྲན་ལ་དོ་ཁུར་གནང་བ་ཙམ་མ་ཟད། དེ་བས་མང་ཚོགས་རང་བཞིན་གྱི་གངས་འཁྱགས་ལུས་རྩལ་རྣམ་གྲངས་ཁྱབ་གདལ་གཏོང་རྒྱུར་མཐོང་ཆེན་པོ་གནང་གི་ཡོད། ཁོང་སྐུ་ངོ་མའི་ཇུས་འགོད་དང་སྐུལ་འདེད་འོག མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་ཐུབ་པའི་འདུན་པ་མངོན་གྱུར་བྱུང་ཡོད། ཨན་ཧུའེ་མ་ཨན་ཧྲན་ཅིན་རུའེ་སློབ་ཆུང་གིས་བང་རྒྱུག་འཁོར་ཤུད་དང་སྐམ་སའི་འཁྱགས་ཐོག་སྤོ་ལོ་སོགས་ཀྱི་རྣམ་གྲངས་སློབ་ཁྲིད་འཆར་གཞིའི་ནང་བཅུག་སྟེ་སློབ་ཁང་ནང་གི་སློབ་ཁྲིད་དང་། སློབ་གསེང་དུས་ཚོད། སློབ་ཚན་གྲོལ་རྗེས་ཀྱི་དུས་འགྱངས་ཞབས་ཞུ་སོགས་ཀྱི་བྱེད་སྒོའི་ཐོག་ནས་རྣམ་པ་འདྲ་མིན་གྱི་གངས་འཁྱགས་ལུས་རྩལ་སློབ་གྲྭར་སློབ་པའི་བྱེད་སྒོ་སྤེལ་ཡོད། ཧོ་པེ་ཧོང་ཧྲུའེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གྲྭའི་ནང་གངས་འཁྱགས་ལུས་རྩལ་དར་སྤེལ་བཏང་བ་དང་། ད་དུང་སྤྱི་ཚོགས་ཐོག་གི་ལུས་རྩལ་མཛུབ་ཁྲིད་པ་སློབ་གྲྭའི་ནང་གདན་འདྲེན་ཞུས་ནས་ངོ་ཐུག་སློབ་ཁྲིད་བྱས་ཡོད།  
       ཅི་ལིན་ཁྲང་ཁྲུན་གྲོང་ཁྱེར་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ལམ་ཐུང་མྱུར་ཤུད་ཀྱི་རྩལ་སློབ་པ་ལི་ཡེ་ཡིས། ལུས་རྩལ་དང་སློབ་ཁྲིད་ཟུང་འབྲེལ་གྱིས་སློབ་གྲྭའི་ལུས་རྩལ་སྔར་བས་ཆེད་ལས་ཅན་དུ་འགྱུར་བ་བྱ་རྒྱུ་དེ་ནི་དགུན་དུས་ཨོ་རྩལ་རྗེས་ཀྱི་གོང་འཕེལ་ཁ་ཕྱོགས་ཤིག་ཡིན་པའི་ངོས་འཛིན་གནང་ཡོད།
       ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆེས་རྩ་བ་ནི་མི་དམངས་ཀྱི་གཟུགས་གཞི་ཐང་དུ་གཏོང་བ་དང་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱ་རྒྱུ་དེ་རེད། སྤྱི་ལོ་2021ལོའི་ལོ་མཇུག་བར། རང་རྒྱལ་གྱི་ཆ་སྙོམས་མི་རེར་དབང་བའི་ལུས་རྩལ་ཐང་གི་རྒྱ་ཁྱོན་དེ་སྨི་ངོས་སྙོམས་གྲུ་བཞི་མ་2.41ཟིན་པ་དང་། རྒྱུན་དུ་ལུས་རྩལ་སྦྱོང་བརྡར་བྱེད་མཁན་གྱི་མི་གྲངས་བརྒྱ་ཆ་37.2ཟིན་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་དེས་མི་མང་པོ་ཞིག་གི་གངས་འཁྱགས་ལུས་རྩལ་ནང་ཞུགས་པའི་སྤྲོ་སེམས་འཕེལ་ཡོད་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྟངས་ཀྱང་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།《ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》ཟླ་བ་གོང་མར་བཏོན་པ་དང་། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་གོང་འཕེལ་སིའི་སི་ཀྲང་ཨའུ་ཞའོ་ལི་ཡིས། དམངས་ཡོངས་ཀྱི་ལུས་སྦྱོང་ལ་རིན་ཐང་མང་པོ་ལྡན་ཡོད། ནམ་ཞིག་དམངས་ཡོངས་ཀྱི་ལུས་སྦྱོང་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བ་རོལ་སྟངས་དང་སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་བ་དང་། མི་ཚང་མ་ལུས་སྦྱོང་བྱེད་བསམ་པ་དང་། ལུས་སྦྱོང་བྱེད་ཐུབ་པ། ལུས་སྦྱོང་བྱེད་མཁས་པ་བཅས་སུ་གྱུར་ཚེ། ངས་བལྟས་ན། ང་ཚོས་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དམིགས་འབེན་ཕྱོགས་སུ་སྐྱོད་རྒྱུར་སླར་ཡང་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་ངེས་རེད་ཅེས་གསུངས་ཡོད།