ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོར་དཔའ་བོའི་བླ་སྲོག་གཏོད།

སྤེལ་དུས 2022-04-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཐོགས་མེད་དབང་འདུས་ལ་རྗེས་དྲན་ཞུ།
  2015ལོའི་ཟླ་1ཚེས་17ཉིན་ནས་2022ལོའི་ཟླ་2ཚེས་19ཉིན་བར་ལོ་7ལྷག་ཙམ་རིང་མི་ཚང་མས་ཁོང་དྲན་པ་སོས་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་། སྟབས་མ་ལེགས་པར་ཁོང་ཚེ་ལས་འདས།
  2022ལོའི་ཟླ་2ཚེས་19ཉིན་ལོ་48ལ་སླེབས་པའི་ཐོགས་མེད་དབང་འདུས་གྲོངས་པའི་གནས་ཚུལ་ཐོས་རྗེས་ལས་རེས་བྱེད་བཞིན་པའི་ལས་རོགས་ཚོ་སྐྱོ་གདུང་གིས་མནར།
  དཔའ་བོ་ནི་དུས་རྒྱུན་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པ་ཞིག་རེད།
  1997ལོར་སློབ་ཆེན་ཐོན་མ་ཐག་པའི་ཐོགས་མེད་དབང་འདུས་བོད་ལྗོངས་ཆབ་མདོའི་ཚགས་པར་ཁང་དུ་ལས་བགོས་བརྒྱབ། 2004ལོར་ཉེན་རྟོག་པའི་ལས་རིགས་ལ་བཅངས་པའི་ཡིད་སྨོན་ལས་ཐོགས་མེད་དབང་འདུས་ཆབ་མདོ་རྫོང་སྤྱི་བདེ་ཅུས་སུ་ལས་སྒྱུར་བྱས་ནས་སྤྱི་བདེའི་མི་དམངས་ཉེན་རྟོག་པར་གྱུར།
  སྤྱི་བདེའི་ལས་ལ་ཞུགས་ཚུན། ཐོགས་མེད་དབང་འདུས་ཀྱིས་མི་དམངས་ལ་ཐོག་མཐའ་བར་གསུམ་དུ་བརྩེ་སེམས་ཟབ་མོ་བཅངས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་10དང་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་དངུལ་དང་དངོས་ཟོག་ཁྱོན་སྒོར་ཁྲི་3ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།
  ཁོང་གིས་ལོ་མང་རིང་གཞི་རིམ་གྱི་ཉེས་དོན་མྱུལ་ཞིབ་ལས་དོན་གྱི་འཐབ་ས་དང་པོར་ལས་ཀ་བྱས་ནས་རིམ་རྩིས་བྱས་ན་ལས་རོགས་ཚོ་དང་མཉམ་དུ་ཉེས་དོན་གྱོད་གཞི་སྣ་ཚོགས་300ལྷག་ཙམ་རྩད་ཆོད་པའི་ནང་གྱོད་གཞི་ཚབས་ཆེན་དང་ཆེས་ཚབས་ཆེན་60ལྷག་ཙམ་ཡོད་པ་དང་ཁྲིམས་འགལ་ཉེས་གསོག་དོགས་ཅན་400ལྷག་ཙམ་འཛིན་བཟུང་བྱས་པ་རེད།
  ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པའི་དབང་གིས་ཐོགས་མེད་དབང་འདུས་ཕུལ་བྱུང་གི་གཞུང་ལས་པ་དང་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ལ་ཐེངས་མང་བདམས་པ་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་2ཐོབ་པ། མི་སྒེར་གྱི་བྱ་དགའ་ཐེངས་1ཐོབ་པ་བཅས་དང་2016ལོའི་ཟླ་3པར་རིམ་པ་གཉིས་པའི་དཔའ་བོ་དཔེ་བཟང་གི་མཚན་སྙན་ཐོབ། 2017ལོའི་ཟླ་5པར་རྒྱལ་ཡོངས་ཀྱི་དམིགས་བསལ་རིམ་པའི་ཕུལ་བྱུང་མི་དམངས་ཉེན་རྟོག་པའི་གཟི་བརྗིད་མཚན་སྙན་ཐོབ། 2018ལོའི་ཟླ་12པར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་གསར་འགྱུར་གྱི་ཤུགས་རྐྱེན་ཆེ་བའི་མི་སྣར་བདམས།
  དཔའ་བོ་ནི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་མཁན་རེད།
  2014ལོའི་ཟླ་12ཚེས་21ཉིན་ཁྲོམ་ཆེན་ཁྲོམ་གཞུང་གི་ལྷ་ཁྲང་གསེར་ཚོང་ཁང་དུ་འཕྲོག་བཅོམ་གྱི་གྱོད་གཞི་ཚབས་ཆེན་ཞིག་ཐོན་པ་སྟེ། རིན་ཐང་སྒོར་ཁྲི་140རི་བའི་གསེར་གྱི་རྒྱན་ཆ་སྣ་ཚོགས་འཕྲོག་བཅོམ་བྱས།
  གྱོད་གཞི་ཐོན་རྗེས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་དུ་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས། ཉེས་དོན་མྱུལ་ཞིབ་ཀྱི་ལས་བགོས་འགན་འཁུར་མཁན་ཅུས་ཀྲང་གཞོན་པ་ཐོགས་མེད་དབང་འདུས་ཀྱིས་ཆེད་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་ངལ་གསོའི་དུས་ཚོད་བློས་བཏང་ནས་དུས་ཚོད་དམ་འཛིན་གྱིས་གྱོད་གཞི་མྱུལ་ཞིབ་ཀྱི་འཐབ་ས་དང་པོར་མཐིལ་རྟོགས་གྲལ་བཤེར་དང་། ཉེས་གསོག་ཡོ་བྱད་གྲལ་བཤེར། བརྟག་དཔྱད་དཔང་ལེན། ཁུངས་སྣེ་བཙལ་འཚོལ། ཉེ་འགྲམ་གྱི་དུད་ཚང་དུ་བསྐྱོད་ནས་སྐད་ཆ་འདྲི་བ་བཅས་བྱས་མཐར་ཉེས་གསོག་དོགས་ཅན་གཏན་འཁེལ་བྱས། ཉེས་གསོག་དོགས་ཅན་མཐའ་འཁོར་ཞིང་ཆེན་དུ་བྲོས་པའི་ཁུངས་སྣེ་ཤེས་རྟོགས་བྱུང་རྗེས་ཐོགས་མེད་དབང་འདུས་ཀྱིས་ཆེད་དོན་གྱོད་གཞིའི་ཚོགས་ཆུང་གི་ཁོངས་མིའི་སྣེ་ཁྲིད་དེ་ཤང་དང་གྲོང་རྡལ་མང་པོར་འཛིན་བཟུང་ལས་དོན་སྤེལ་འགོ་ཚུགས།
  2015ལོའི་ཟླ་1ཚེས་17ཉིན་བསྟུད་མར་ཉིན་27འབད་འཐབ་བྱས་རྗེས། ཐོགས་མེད་དབང་འདུས་དང་ཆེད་དོན་གྱོད་གཞིའི་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་འཛིན་བཟུང་བྱེད་པའི་བརྒྱུད་རིམ་ནང་ཐོགས་མེད་དབང་འདུས་གློ་བུར་དུ་ཀླད་ཁྲག་འདྲེས་ནས་རི་སྐེད་དུ་འགྱེལ་ཏེ་དྲན་པ་ཐོར།
  ཐོགས་མེད་དབང་འདུས་འགྱེལ་ནས་ཉིན་20སོང་རྗེས་ལྷ་ཁྲང་གསེར་ཚོང་ཁང་འཕྲོག་བཅོམ་བྱེད་མཁན་ཉེས་གསོག་དོགས་ཅན་གསུམ་ཚང་མ་ཁྲིམས་རྒྱར་ཚུད། ཐོགས་མེད་དབང་འདུས་ཀྱི་སྙིང་སྟོབས་ཀྱི་འབོད་སྐུལ་འོག་ཁ་རུབ་ཆུས་ཀྱི་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ནག་སེལ་གཤེད་བཅོམ་དང་། མི་གསོད་གྱོད་གཞི་མྱུལ་ཞིབ། “འཕྲོག་བཅོམ་གཉིས་དང་རྐུ་རྒྱག་གཅིག”སོགས་གྱོད་གཞིའི་འཐབ་ཕྱོགས་དང་པོར་གདོང་མཆོང་བྱས་ནས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི“ཁུ་ཚུར”དང“རྣོ་གྲིར”གྱུར་ཏེ་ཁ་རུབ་ཆུས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས།
  དཔའ་བོ་ནི་མི་རྣམས་ཀྱི་སེམས་ནང་གི་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་ལྟ་བུ་རེད།
  2015ལོའི་ཟླ་1ཚེས་17ཉིན་ཐོགས་མེད་དབང་འདུས་སྨན་ཁང་དུ་སྡོད་པའི་གནས་ཚུལ་ཤེས་རྗེས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་ཉེས་དོན་ཉེན་རྟོག་པ་ཚོར་སེམས་ཁྲལ་ཆེན་པོ་ལངས་ནས་ཚང་མ་སྨན་ཁང་དུ་ལྟ་བར་བསྐྱོད།
  2022ལོའི་ཟླ་2ཚེས་19ཉིན་ཐོགས་མེད་དབང་འདུས་གྲོངས་པའི་གནས་ཚུལ་ཐོས་རྗེས་ཚང་མ་ཡིད་མ་ཆེས་པར་སེམས་སྡུག་ཆེན་པོ་སྐྱེས།
  ལོ་11ཉེན་རྟོག་པའི་ལས་ལ་གཞོལ་རིང་བུ་ཕྲུག་ཚོའི་སེམས་ནང་པཱ་ལགས་ནི་འགན་ཁུར་ཕོད་པ་དང་། ངལ་བ་དང་འཁང་ར་བཟོད་པ། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བ། གཞུང་དྲང་ཟོལ་མེད་བཅས་ཡིན་པས་ཁོང་ཚོར་སྤོབས་པ་ཆེན་པོ་སྐྱེ་ཡི་ཡོད་པ་རེད།
  མི་སེར་གྱི་སེམས་ནང་མི་དམངས་སྤྱི་བདེ་ཞིག་གི་ངོས་ནས་བརྗོད་ན་ཁོང་གིས་མི་དམངས་ཀྱི་ཆེད་དུ་ཚེ་སྲོག་བློས་གཏོང་བྱེད་པ་དང་ཁོང་ནི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་རེད།