ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

གངས་ལྗོངས་ས་མཐོར་ནས་ཀྱི་དྲི་ཞིམ་འཐུལ།

སྤེལ་དུས 2022-04-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་ཚད་མཐོའི་མཐོང་ཆེན་དང་མ་དངུལ་ཤུགས་ཆེན་བཏང་བའི་འོག ནས་ཀྱི་ཐོན་ལས་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། སོན་བཟང་མཁོ་འདོན་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། ཞིང་ལས་ལག་རྩལ་གཅིག་སྡུད་དཔེ་སྟོན་བྱེད་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ། ཐོན་ལས་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་ཕྱིན་པ་སོགས་ལས། ནས་འདི་ཉིད་བོད་ཀྱི་གཙོ་ཁྲིད་ཐོན་ལས་དང་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཏུ་འགྱུར་བ་དང་ཞིང་པའི་འབབ་འཕར་གྱི་སྒུལ་ཤུགས་གལ་ཆེན་དུ་འགྱུར་ཏེ་བོད་ཀྱིས“བོད་ཀྱི་གྲགས་ཅན་སྤུས་རྟགས”སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ཐད་འདེམས་དགོས་ངེས་ཀྱི་རྣམ་གྲངས་ཤིག་རེད། ནས་ཆུང་ཆུང་དེ་བོད་དུ་ཇི་ལྟར་བྱས་ནས་རྩ་བ་ཚུགས་པ་དང་དྲི་ཞིམ་གང་སར་འཐུལ་བར་བྱེད་དགོས་སམ།
  ཞིང་དར་རྩ་བརྟན་གྱིས་སོན་བཟང་སྔོན་ལ་ལག་བསྟར་བྱས་པ།
  “ནས་ཀྱི་ཐོན་འབབ་མཐོ་བའི་སྣ་ཁ་གསར་པའི་མཚོན་བྱེད‘བོད་ནས་ཨང་2000པར’ཆ་བཞག་ན། དེ་འདེམས་གསོའི་ལས་དོན་ལོ་19སྤེལ་བ་བརྒྱུད་2013ལོར་གཞི་ནས་ལེགས་གྲུབ་བྱུང་སྟེ་བོད་ཀྱི་ཚན་ཞིབ་པ་མི་རབས་ཁ་ཤས་ཀྱི་སེམས་ནུས་གཅིག་ཏུ་འདུས་ཡོད” བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་རིམ་པ་གཉིས་པའི་ཞིབ་འཇུག་པ་ཡུས་ཏའེ་ལིན་གྱིས“‘བོད་ནས་ཨང་2000པ’འདེམས་གསོའི་ཐད་ཚང་མས་དཀའ་ངལ་མང་པོ་ཁྱད་བསད་བྱས་ཏེ་ཚོད་ལྟའི་ས་བོན་ཁོ་ན་སྣ་ཁ་བརྒྱ་ལྷག་ཙམ་བཏབ་པ་དང་ཉིན་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཞིང་ནང་དུ་ལྟ་ཞིབ་དང་ཐོ་འགོད་བྱེད་པར་བསྐྱོད་ཡོད། ཉིན་130ཡི་སྐྱེ་འཚར་དུས་འཁོར་ནང་ང་རང་ཁོ་ནས་ཟིན་ཐོ་བཀོད་པའི་གྲངས་གཞི་ཁྲི་2ཙམ་ཟིན་ཡོད། མཐར‘བོད་ནས་ཨང་2000པ’ཡི་སོན་བཟང་དེ་རག་པ་རེད”ཅེས་གསར་འགོད་པར་བཤད། གསར་འགོད་པས་ཁོང་གི་ཟིན་བྲིས་དེབ་ཐོག་ཚོད་ལྟའི་གྲངས་གཞི་དང་ལྟ་ཞིབ་བྱས་འབྲས་མང་པོ་ཐོ་འགོད་བྱས་ཡོད་པ་དང་ཟིན་བྲིས་དེབ་དེ་འདྲ་དེབ་སྒྲོམ་ཐོག་ཧ་ཅང་མང་པོ་སྒྲིག་ཡོད་པ་མཐོང་བྱུང་།
  “བོད་ནས་ཀྱི་ས་བོན་འདེབས་གསོའི་སྐོར་གླེང་སྐབས་ང་ཚོའི་ཡོན་ཀྲང་འདས་པོ་ཉི་མ་བཀྲ་ཤིས་མི་གླེང་ཀ་མེད་བྱུང་། བོད་ཀྱི་ཞིང་ལས་འབུམ་རམས་པ་དང་རྒྱལ་ཁབ་ཀྱི་ནས་ཀྱི་ཆེད་དོན་དབུ་བཞུགས་ཚན་རིག་མཁས་ཅན་ཞིག་ཡིན་པའི་ཁོང་གིས་བོད་ནས་འཕེལ་རྒྱས་ཆེད་སེམས་ནུས་ཡོད་རྒུ་བཏོན་ཡོད”ཅེས་ཡུས་ཏའེ་ལིན་གྱིས་འདས་པོར་རྗེས་དྲན་བྱེད་བཞིན་བཤད། “ནས་ཀྱི་ཡབ་ཆེན”ཞེས་པའི་མཚན་སྙན་ཐོབ་པའི་ཉི་མ་བཀྲ་ཤིས་2020ལོར་གཞུང་དོན་དུ་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་55ཡིན་པ་རེད། ཁོང་གིས་དེ་སྔ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཞིང་འབྲོག་ལས་ཀྱི་ཚན་རྩལ་འགག་སྒྲོལ་གྱི་རྣམ་གྲངས་40ལྷག་ཙམ་གཙོ་སྐྱོང་དང་སྒྲིག་འཛུགས་བྱས་ནས་སྐུ་ངོ་མས་ནས་ཀྱི་སོན་བཟང་རིགས་16འདེམས་གསོ་བྱས་ཏེ་ནས་ཀྱི་སྤྱིའི་ཐོན་འབབ་ཏུན་ཁྲི་80ཟིན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད།
  རང་རྒྱལ་གྱི་གཞི་རྒྱུའི་ཚན་རིག་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ས་མཐོའི་ནས་ཀྱི་ས་བོན་འདེམས་གསོའི་ལས་དོན་ལའང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། 2015ལོའི་ཟླ་དང་པོར། གོ་ལ་ཧྲིལ་པོའི་ནས་ཀྱི་གཞི་རྒྱུའི་ཚན་སྡེབ་དཔེ་རིས་ཐོག་མ་དངོས་སུ་བཟོས་པ་དེ་ནི་བོད་ཀྱི་ནས་ཀྱི་ཚན་ཞིབ་གསར་གཏོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་གྲུབ་འབྲས་ཏེ། ཚན་ཞིབ་ཚོགས་པས་དེའི་ཁྲོད་ནས་གསོ་རླུང་དམའ་པོ་བཟོད་ཐུབ་པ་དང་། གྲང་འགོག ཐན་འགོག་སོགས་ས་མཐོར་འཕྲོད་པའི་ཕྱོགས་བསྡུས་རང་བཞིན་གྱི་གཞི་རྒྱུ་360ཤེས་རྟོགས་ཐུབ་ནས་ས་མཐོའི་ལོ་ཏོག་གི་ས་བོན་ལེགས་སུ་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད།
  ཞིང་ལས་འདེབས་འཛུགས་ཐད་ཚན་རྩལ་གཙོ་བོར་འཛིན་པ།
  གཞིས་རྩེ་གྲོང་ཁྱེར་ནི་བོད་ནས་ཐོན་ཁུལ་གཙོ་བོ་ཞིག་ཡིན་ཞིང་། རྒྱལ་རྩེ་རྫོང་དུ། ལོ་69ལ་སླེབས་པའི་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོའི་གྲོང་མི་དཔའ་རྒྱལ་གྱིས་གསར་འགོད་པ་ཁྲིད་དེ་ཞིང་ནང་དུ་བསྐྱོད་ཞོར་དགའ་སྤྲོའི་ངང“ན་ནིང་ལོ་ལེགས་ཡག་པོ་བྱུང་། ཚོད་དཔག་བྱས་ན་འདི་ལོའི་ཐོན་འབབ་དམའ་རུ་འགྲོ་བ་མི་འདུག”ཅེས་བཤད།
  དཔའ་རྒྱལ་དགའ་པོ་བྱུང་དོན་ནི་འབྲུ་རིགས་ཀྱི་ཐོན་འབབ་མཐོ་པོ་བྱུང་བ་ཁོ་ན་མ་ཡིན་པར་ད་དུང་ཞིང་ཁ་འདེབས་སླ་རུ་ཕྱིན་པས་རེད། “ལོ་ཁ་ཤས་གོང་ནང་མི་ཚོས་ལོ་ཧྲིལ་པོ་ཞིང་ནང་དུ་ལས་ཀ་བྱས་ནས་སྡོད་ཀྱི་ཡོད་རུང་འབྲུ་རིགས་རང་ཁ་རང་གསོ་ཐུབ་ཙམ་ལས་མེད། ད་ཆ་ངའི་ཁྱིམ་གྱི་ས་ཞིང་མུའུ་24ཡི་ནང་ནས་ཁག་གཅིག་བརྒྱུད་བཤུག་ཐུབ་པ་དང་ལྷག་མ་རྣམས་མཉམ་ལས་ཁང་གིས་རྨོ་འདེབས་དང་བརྔ་བསྡུའི་འཕྲུལ་ཆས་ཅན་གྱི་ཞབས་ཞུ་བྱེད་ཀྱི་ཡོད། ཞིང་ལས་བྱེད་པར་ང་དང་བཟའ་ཟླ་ཁོ་ནས་འགྲིག་གི་འདུག་པས་ཕྲུ་གུ་གསུམ་པོ་ཕྱིར་གླ་པར་བསྐྱོད་དེ་ཡོང་འབབ་འཕར་སྣོན་ཡོང་ཐབས་བྱེད་ཀྱི་ཡོད”ཅེས་བཤད།
  རྒྱལ་རྩེ་རྫོང་དུ་ས་ཞིང“གསེར”ལྟར་རྩ་ཆེན་པོར་གྱུར་ཡོད། རྒྱལ་རྩེ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་གསར་འགོད་པར་གྲངས་གཞི་ཁག་གཅིག་མཁོ་འདོན་བྱས་པ་སྟེ། 2021ལོར་རྒྱལ་རྩེ་རྫོང་གི་ནས་འདེབས་ཁྱོན་མུའུ་ཁྲི་11.1ཟིན་པའི་ནང་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་10.33ཟིན་པ་དང་། ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་གཞན་ལ་ནས་ཀྱི་སོན་བཟང་རྒྱ་མ་ཁྲི་101.62མཁོ་འདོན་བྱས་པར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་379.05བྱུང་བ། གཞིས་རྩེ་གྲོང་ཁྱེར་གྱི་ས་མཐོའི་སྐྱེ་ལྡན་ཀུང་སིར་ས་ཞིང་མུའུ་ཁྲི་5.31བརྒྱུད་བཤུག་བཏང་བར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་5200ལྷག་ཙམ་བྱུང་བ། བརྒྱུད་བཤུག་ཁུལ་གྱི་མང་ཚོགས་འཕྲུལ་ཆས་ལས་སྒྲུབ་དང་ཞིང་ནང་གཡོག་བྱེད་ནང་ཞུགས་པ་བརྒྱུད་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་3400ལྷག་ཙམ་བྱུང་ཡོད་པ་རེད། “ས་ཞིང་བརྒྱུད་བཤུག་བཏང་བ་དང་ཚབ་གཉེར་བྱས་རྗེས་གྲོང་མི་ཚང་མ་རང་ཁྱིམ་གྱི་སྒོ་འགྲམ་དུ་གླ་པ་རྒྱུག་ནས་ཡོང་འབབ་གསོག་གི་ཡོད”ཅེས་ཕུར་རྒོད་ཀྱིས་བཤད།
  ཡར་ཀླུང་གཙང་པོའི་ལུང་གཞུང་བརྒྱུད་གཞིས་རྩེ་གྲོང་ཁྱེར་དུ་སླེབས་པ་དང་རི་ལྡེབས་སུ“འཛམ་གླིང་གི་ནས་ཀྱི་ཕ་ཡུལ”ཞེས་པ་མངོན་གསལ་དོད་པོ་ཡོད། 2018ལོར་ཞིང་ལས་དང་གྲོང་གསེབ་པུས་གཞིས་རྩེ་གྲོང་ཁྱེར་ཁག་དང་པོའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ(ནས་ཐོན་ཁུལ)ལ་གཏན་འཁེལ་བྱས་པ་དང་འབྲེལ་2020ལོར་ས་གནས་དེ་གར་ནས་ཀྱི་ཐོན་ལས་ཚོམ་བུ་བསྐྲུན་ཡོད་པ་རེད།
  འབྲུ་རིགས་ཀྱི་རིན་གོང་མཐོ་བས་ཐོན་ལས་དར།
  སྤེན་པ་དོན་གྲུབ་ཀྱིས“དེ་སྔ་ནས་ཀྱི་རིན་གོང་མཐོ་པོ་མེད་རུང་ཞིང་པས་བསྡུས་ཟིན་པའི་ནས་ཕྲན་ཙམ་མ་གཏོགས་འཚོང་གི་མེད། དེ་སྔ་ཞིང་པས་འཚོང་མི་ཕོད་པའི་སྣང་ཚུལ་ཚབས་ལྕི་པོ་ཡོད། འབྲུ་མཛོད་ཁེངས་ན་ངོ་སོ་ཐོན་རུང་། ཡོང་འབབ་འཕར་སྣོན་ཡོང་གི་མེད། དེ་ནི་ནས་ཀྱི་ཟུར་སྣོན་རིན་ཐང་མཐོ་པོ་མེད་པ་དང་ཁྲོམ་རའི་དགོས་མཁོ་ཆེན་པོ་མེད་པས་རེད། ཉེ་བའི་ལོ་ཤས་རིང་ཚན་ཞིབ་སྒྲིག་གཞིས་ནས་ཀྱིས་ཁྲག་ཚིལ་མཐོ་བའི་ནད་བཅོས་ཐུབ་པ་དང་ཁྲག་མངར་ཚོད་འཛིན་ཐུབ་པ་སོགས་འཚོ་བཅུད་བདེ་སྲུང་ནུས་པར་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད་མི་རྣམས་ཀྱིས་ནས་ཀྱི་འཚོ་བཅུད་རིན་ཐང་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་ཁེ་ལས་མི་ཉུང་བ་ཞིག་གིས་རྒྱ་ཆེ་བའི་ཁྲོམ་ར་དེར་ལྡིར་བཞིན་ཡོད།
  ད་ཆ་ནས་མ་བཅོས་རྒྱུ་ཆར་བྱས་ནས་ཐོན་སྐྱེད་བྱས་པའི་ནས་ཆག་དང་རྒྱ་ཐུག་སོགས་སྤྱི་དམངས་ཀྱི་བཟའ་བཅའ་དང་དེ་བཞིན་འཕྲོད་སྦྱོར་ཐོན་རྫས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད། མིག་སྔར་བོད་དུ་ནས་ལས་སྣོན་ཞིབ་ཚགས་བྱེད་མཁན་ཁེ་ལས་50ལྷག་ཙམ་ཡོད་པ་དང་། ལོར་ལས་སྣོན་གཞན་སྒྱུར་བྱེད་ཤུགས་ཏུན་ཁྲི་14ཟིན་པ། ལས་སྣོན་གཞན་སྒྱུར་བྱེད་ཚད་17%ཡན་ཟིན་པ། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་14ལས་བརྒལ་བ་བཅས་རེད། 2021ལོར་བོད་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་106.5ཟིན་པའི་ནང་ནས་ཐོན་ཚད་ཏུན་ཁྲི་82ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།