ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སློབ་གསོ་དྲང་གཞག་ཐད་གོམ་སྟབས་ཆེན་པོ་སྤོས་པ།

སྤེལ་དུས 2022-05-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  2020ལོའི་ལོ་མཇུག་ཏུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་ཁྱིམ་ཚང་ཁྲི་20ལྷག་ཙམ་གྱི་སློབ་མཚམས་ཆད་པའི་སློབ་མ་ཚང་མ་སློབ་གྲྭར་བསྐྱོད་ཐུབ་ནས་འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་འགན་ལེན་ཐུབ་ཡོད། 2021ལོར་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་95.4%ཟིན་ནས་2012ལོ་ལས་བརྒྱ་ཆའི་གྲངས་3.6འཕར་བ་དང་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་འཛམ་གླིང་གི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད།
  ཧྲའན་ཤིས་ཀྱི་ས་གཞི་ཆེན་མོར་དཔྱིད་དཔལ་རབ་ཏུ་བཞད། ཧྲའན་ཤིས་ཞིང་ཆེན་ཨན་ཁང་གྲོང་ཁྱེར་ཕིང་ལི་རྫོང་ལུའོ་རྫོང་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་གཙང་སྦྲ་དོད་པའི་སློབ་ཁང་དུ་ཕྲུ་གུ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་དེབ་ཀློག་བཞིན་འདུག་ལ། ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ཐང་དུ་ཕྲུ་གུ་ཚོ་འཕག་མཆོང་རྒྱག་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་འོངས།
  2020ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲའན་ཤིས་སུ་རྟོག་ཞིབ་གནང་སྐབས། སློབ་གྲྭ་དེར་ཕེབས་ནས་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་ཧེ་བག་ཆུང་དུ་གཏོང་བ་དང་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་བཏང་ནས་རྒྱུན་འཇགས་དབུལ་པོའི་རྣམ་པ་ལས་ཐར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  “ལོ་འདི་དག་ནང་སློབ་གྲྭར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། གྲོང་གསེབ་ཀྱི་ཕྲུ་གུ་ཚོ་ཁྱིམ་གྱི་སྒོ་རྩར་སློབ་ཞུགས་ཐུབ་ནས་སློབ་གྲྭར་བསྐྱོད་མི་ཐུབ་པའི་སེམས་ཁྲལ་བྱེད་དགོས་མེད། བརྒྱུད་ལམ་སྣེ་མང་གི་བརྙན་ཕབ་འཕྲུལ་ཆས་དང་། གློག་རྡུལ་གྱི་ནག་པང་དཀར་པོ། སྒྲ་བཅུག་བརྒྱུད་གཏོང་སློབ་ཁང་སོགས་སློབ་ཁྲིད་སྒྲིག་ཆས་ཡོད་པས་རི་གྲོང་གི་ཕྲུ་གུ་ཚོས་སྤུས་ལེགས་ཀྱི་སློབ་གསོ་ལོངས་སྤྱོད་ཐུབ་ཡོད”ཅེས་ལུའོ་རྫོང་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་ཝུའུ་ཅིན་ཕུང་གིས་བཤད།
  སློབ་གསོ་དྲང་གཞག་ཡོང་བ་ནི་སློབ་གསོའི་བྱ་གཞག་དེ་མི་དམངས་ལྟེ་བར་འཛིན་པའི་མཚོན་ཚུལ་གལ་ཆེན་ཞིག་རེད། “སློབ་གསོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས”དང“ཇི་ལྟར་སྡུག་རུང་ཕྲུ་གུ་སྡུག་མི་རུང་། ཇི་ལྟར་དབུལ་ཡང་སློབ་གསོ་དབུལ་མི་རུང”སོགས་ཀྱི་བཀའ་མོལ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་བའི་ཐུགས་རེ་ཟབ་མོ་མཚོན་ཡོད།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཏུ་བཞག་པ་དང་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱིས་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་བསྡུར་ཚད་བཟུང་ཚད་4%ཡན་བསྟུད་མར་རྒྱུན་འཁྱོངས་ཐུབ་པ་མ་ཟད། སྔོན་ལ་གྲོང་གསེབ་ས་ཁུལ་དང་། མཐའ་མཚམས་མི་རིགས་ས་ཁུལ། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ། མཐའ་མཚམས་དང་ཐག་རིང་གི་ས་ཁུལ་དབུལ་པོ་བཅས་ཀྱི་སློབ་གསོ་འཕེལ་རྒྱས་ལ་ཕྱོགས་པར་བརྟེན་དེ་བས་ལེགས་པ་དང་དེ་བས་དྲང་གཞག་གི་སློབ་གསོ་དོན་དངོས་སུ་འགྱུར་བཞིན་ཡོད།
  མི་ཚང་མར་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་ཐོབ་ཆེད་འབད་བརྩོན་བྱས་པ།——
  2020ལོའི་ལོ་མཇུག་ཏུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་ཁྱིམ་ཚང་ཁྲི་20ལྷག་ཙམ་གྱི་སློབ་མཚམས་ཆད་པའི་སློབ་མ་ཚང་མ་སློབ་གྲྭར་བསྐྱོད་ཐུབ་ནས་འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་འགན་ལེན་ཐུབ་ཡོད། 2021ལོར་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་95.4%ཟིན་ནས་2012ལོ་ལས་བརྒྱ་ཆའི་གྲངས་3.6འཕར་བ་དང་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་འཛམ་གླིང་གི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད། དེ་དང་ཆབས་ཅིག་སློབ་ཞུགས་གོང་ནས་ཞིབ་འཇུག་སློབ་མའི་སློབ་གསོའི་དུས་མཚམས་ཁག་བར་ཁྱབ་པའི་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་མ་ལག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་ལམ་ལུགས་ཐད་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་རྐྱེན་གྱིས་སློབ་མ་སློབ་མཚམས་ཆད་པའི་གནད་དོན་མི་ཐོན་པའི་འགན་ལེན་བྱས་པ་རེད། 2012ལོ་ནས་2020ལོའི་བར་སློབ་མའི་རོགས་དངུལ་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་15126.02ཟིན་ནས་སློབ་མ་མི་ཐེངས་དུང་ཕྱུར་8.33ལ་རོགས་དངུལ་སྤྲད་ཡོད།
  སློབ་གསོ་དེ་བས་ལེགས་པ་དང་དེ་བས་སྤུས་ལེགས་ཡོང་ཆེད་འབད་བརྩོན་བྱས་པ།——
  རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་2021ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་གཞི་རྩའི་དོ་སྙོམས་ལྟ་སྐུལ་མཛུབ་ཁྲིད་ཚོད་སྐོར་རྩིས་ལེན་བྱས་ཤིང་། ས་ཁུལ་དབུལ་པོར་འཛུགས་སྐྲུན་ཡག་ཤོས་ནི་སློབ་གྲྭ་ཡིན་པ་དང་། 99.8%ཡི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་གཞི་རྩའི་བླང་བྱར་སླེབས་པ། སློབ་གྲྭ་འབྲིང་ཆུང(སློབ་ཁྲིད་ས་ཚིགས་ཚུད་པ)དྲ་སྦྲེལ་ཐུབ་ཚད་100%ཟིན་ནས་སློབ་གྲྭ་ཚང་མ་དྲ་སྦྲེལ་ཐུབ་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ཕྲུག་མང་བའི་འཛིན་གྲྭའི་བསྡུར་གྲངས་0.71%བར་ཆག་པ་དང་སློབ་མ་ཚད་ལས་བརྒལ་བའི་འཛིན་གྲྭའི་གྲངས་འབོར་0.01%བར་ཆག་ནས“གྲོང་གསེབ་ཏུ་སློབ་མ་ཉུང་བ”དང“གྲོང་ཁྱེར་དང་གྲོང་རྡལ་དུ་སློབ་མ་མང་བ”སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།
  མི་ཚང་མར་མི་ཚེའི་ངོ་མཚར་མངོན་པའི་གོ་སྐབས་ཐོབ་ཆེད་འབད་བརྩོན་བྱས་པ།——
  གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་ས་ཁུལ་དབུལ་པོར་ཕྱོགས་ནས་གནས་གཏན་འཁེལ་གྱི་སློབ་བསྡུའི་འཆར་གཞིའི་ནང་རིམ་རྩིས་བྱས་ན་སློབ་མ་ཁྲི་82ལྷག་ཙམ་བསྡུས་ནས་སློབ་མ་དབུལ་པོ་བསྡུ་བའི་ཐབས་ལམ་རྒྱ་ཆེར་བཏང་ཡོད། 2013ལོ་ནས་2020ལོའི་ལོ་མཇུག་བར། རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོ་ཁྲི་514.05ཡིས་མཐོ་རིམ་སློབ་གསོ་དང་ལེན་ཐུབ་པས། ཁྱིམ་ཚང་དབུལ་པོ་ཁྲི་སྟོང་མང་པོར་སློབ་ཆེན་སློབ་མ་ཡོད། ལས་རིགས་སློབ་གླིང་གི་སློབ་མ་70%ནི་གྲོང་གསེབ་ཀྱི་ཕྲུ་གུ་ཤ་སྟག་ཡིན་པས“ལས་རིགས་སློབ་གྲྭ་གཅིག་འཛུགས་པ་དང་། མི་གཅིག་ལས་ཞུགས་ཐུབ་པ། ཁྱིམ་ཚང་གཅིག་དབུལ་སྒྲོལ་ཐུབ་པ”བཅས་ཀྱི་ནུས་པ་འདོན་སྤེལ་ཐུབ་ཡོད།
  སྲིད་ཇུས་རེ་རེ་དང་གྲངས་གཞི་རེ་རེ་ནི་སློབ་གསོ་དྲང་གཞག་གི་ཉི་འོད་མེས་རྒྱལ་གྱི་ས་གཞི་ཆེ་མོར་འཕྲོས་པའི་མཚོན་རྟགས་ཤིག་རེད། དེའི་རྒྱབ་ཏུ་ཁྱིམ་ཚང་རེ་རེའི་ལས་དབང་ལ་འགྱུར་ལྡོག་དང་ཕྲུ་གུ་རེ་རེའི་འཛུམ་མདངས་ཡོད།
  སློབ་གསོ་དར་ན་རྒྱལ་ཁབ་དར། སློབ་གསོ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། མི་དམངས་ཡོངས་ལ་སློབ་གསོ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སློབ་གསོ་དྲང་གཞག་ལ་བརྟེན་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་བཏང་སྟེ་ཕྲུ་གུ་ཚང་མས་རང་ཉིད་ལ་ཡིད་ཆེས་དང་འབྱུང་འགྱུར་ལ་རེ་བ་འཆང་བཞིན་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།