དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

སྤྲུལ་སྐུ་རྫུན་མའི་གྱོད་དོན་གཉིས་ཀྱི་ཐོག་ནས་རྫུན་བརྟོལ་བདེན་སྐྱོང་དང་། དད་པ་ཡང་དག་ལྷད་མེད་དགོས་ཚུལ་གླེང་བ།

སྤེལ་དུས 2021-02-16 ཡོང་ཁུངས། རྩོམ་པ་པོ། ལྷ་བྱམས་རྒྱལ།
           2020ལོའི་ཧྲན་ཏུང་ཅི་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། ཧྲེན་ཀྲེན་གྲོང་ཁྱེར་ནན་ཧྲན་ཁུལ་མི་དམངས་ཁྲིམས་ཁང་གཉིས་ཀྱིས་ཁག་སོ་སོར་སྤྲུལ་སྐུ་རྫུན་མའི་གྱོད་དོན་གཉིས་ལ་ཁྲིམས་ཐག་བཅད། ཉེས་ཅན་གཙོ་བོ་ཝང་ཞིང་ཧྥུ་དང་དབྱང་ཧུང་ཁྲེན་གཉིས་སོ་སོས་ལོག་ཆོས་རྩ་འཛུགས་སྒྲིག་འཛུགས་དང་བེད་སྤྱོད་བྱས་ནས་བཅའ་ཁྲིམས་ལག་བསྟར་ལ་གཏོར་བཤིག་བཏང་བའི་ནག་ཉེས་དང་། རྨོངས་དད་བེད་སྤྱོད་བྱས་ནས་བཅའ་ཁྲིམས་ལག་བསྟར་ལ་གཏོར་བཤིག་བཏང་བའི་ནག་ཉེས་སོགས་བསགས་པའི་སྟབས་ཀྱིས་དུས་བཀག་བཙོན་འཇུག་ལོ་25དང་ལོ་18བྱེད་རྒྱུའི་ཁྲིམས་ཆད་བཅད་འདུག བོད་བརྒྱུད་ནང་བསྟན་གྱི་རིག་པ་བ་ཡིན་པའི་རྩོམ་པ་པོས་གྱོད་དོན་དེ་རིགས་ལ་སྔ་ཕྱི་བར་གསུམ་དུ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། སྤྱིར་ན་གྱོད་དོན་དེ་གཉིས་ཀྱི་ངོ་བོ་འདྲ་ཞིང་། ཝང་ཞིང་ཧྥུ་དང་དབྱང་ཧུང་ཁྲེན་གཉིས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུར་བརྫུས་ནས་མགོ་སྐོར་བསླུ་བྲིད་དང་ཁྲིམས་མེད་ལུགས་མེད་བྱས་པའི་ཉེས་སྤྱོད་ཀྱི་ཚབས་ཆེ་ཚད་དང་ཤུགས་རྐྱེན་ངན་པ་ཐེབས་ཚད་ནི་མི་རྣམས་ཧ་ལས་དགོས་པ་ཞིག་འདུག འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དེས་ཁྲིམས་འགལ་ཅན་ལ་ཟིལ་གནོན་གྱི་ནུས་པ་ཆེན་པོ་ཐོན་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་དང་། རང་རྒྱལ་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་འདུག  དུས་མཚུངས་སུ་ཉེ་ལམ་ལོ་ཤས་རིང་། སྤྲུལ་སྐུ་དང་རིན་པོ་ཆེ་ལ་རྒྱ་ཁྱབ་ཏུ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས་གྱོད་དོན་དེ་འདྲ་ནི་སྟེས་དབང་དུ་བྱུང་བའི་དོན་རྐྱེན་ཞིག་མ་རེད་བསམ་གྱི་འདུག དེ་ཁོངས་སུ་བསླབ་སྡོམ་ལས་འགལ་ཏེ་ཁེ་གྲགས་ཧམ་གཉེར་བྱས་ནས་བྱ་ངན་དེ་རིགས་ནང་ཐེ་ཞུགས་བྱེད་མཁན་ཆོས་ལུགས་ལས་གཉེར་མི་སྣ་ཉུང་ཤས་ཡོད་ལ། བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་རྒྱུན་ཤེས་མི་ཤེས་པ་དང་དག་མིན་དབྱེ་འབྱེད་མི་ཐུབ་པར། རྨོངས་ཚོད་ཀྱིས་དད་བཀུར་བྱེད་མཁན་ཆོས་དད་མང་ཚོགས་ཉུང་ཤས་ཀྱང་ཡོད་པའི་སྟབས་ཀྱིས། ཁྲིམས་འགལ་ཅན་ལ་ནག་ཉེས་བཟོ་བའི་གོ་སྐབས་སྤྲད་པ་དེར་ང་ཚོས་བསམ་གཞིགས་ནན་པོ་བྱེད་དགོས་པ་འདུག
           ཁྲིམས་ལྟར་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལས་དོན་ལ་དོ་དམ་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་ནི་བོད་བརྒྱུད་ནང་བསྟན་ལ་དམིགས་བསལ་དུ་ཡོད་པའི་རྒྱུན་འཛིན་བྱེད་ཐབས་ཤིག་ཡིན་པ་དེ། ནང་བསྟན་ཆོས་ལུགས་རང་ས་ཅན་དང་ཀྲུང་གོ་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་ཆགས་པ་ཞིག་རེད། ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་རྨང་གཞི་ཕུད། ངོ་བོའི་ཐོག་ནས་བཤད་ན། ཆོས་ལུགས་ཀྱི་གཙོ་འཛིན་དང་ཆོས་ལུགས་ཀྱི་གོ་གནས་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཆ་རྒྱུན་འཛིན་བྱེད་རྒྱུའི་གནད་དོན་ཐག་གཅོད་བྱེད་ཐབས་ཤིག་ཡིན་པ་དང་སྦྲགས། དེའི་སྟབས་ཀྱིས་དགོན་སྡེ་དང་ཆོས་དད་མང་ཚོགས་ནང་དུ་བླ་སྤྲུལ་གྱི་ཡང་སྲིད་འཁྲུངས་ལམ་གྱི་བག་ཆགས་དམིགས་བསལ་ཞིག་ཀྱང་ཆགས་ཡོད། ཡོན་རྒྱལ་རབས་ནས་བཟུང་། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་ཚང་མ་ནི་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ཀྱི་ལས་དོན་དོ་དམ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་དམ་ནན་དམ་ཚགས་འཐུས་ཚང་ཞིག་ཆགས་ཡོད། 2007ལོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས《བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས།》ཁྱབ་བསྒྲགས་བྱས་ནས། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་སྐབས་བརྩི་སྲུང་ཞུ་དགོས་པའི་རྩ་དོན་དང་། འཛོམས་དགོས་པའི་ཆ་རྐྱེན། ལག་བསྟར་བྱེད་དགོས་པའི་བརྒྱུད་རིམ་བཅས་གཏན་འབེབས་ཁ་གསལ་བྱས་ཡོད་པ་དེས། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
           ཉེ་ལམ་ལོ་20ཡི་རིང་། འགྲིམ་འགྲུལ་བྱ་གཞག་སྤྱི་དང་། ལྷག་པར་དུ་དྲ་སྦྲེལ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་། བོད་ལྫོངས་དང་། བོད་འབྲེལ་གྱི་ཁུལ་རྫོང་དང་ནང་སའི་མི་སྣའི་དབར་གྱི་འགྲོ་འོང་དང་ཆ་འཕྲིན་སྤེལ་རེས་ཟམ་མི་ཆད་པར་ཇེ་མང་དུ་ཕྱིན་པ་དང་ཆབས་ཅིག ནང་སར་ཡང་བོད་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་དུ་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་སོང་ཡོད། མི་ཁ་ཤས་ཀྱིས་དེ་དག་ངོ་མཚར་ཆེ་ལ་མཆོག་ཏུ་གྱུར་པ་ཞིག་འདུག་སྙམ་ནས་དད་ཞེན་དང་ཉེ་བཅར་བྱེད་སེམས་སྐྱེས་པ་དང་། དེའི་ནང་དུ་སྐྱབས་འགྲོའི་སྡོམ་པ་ལེན་མཁན་དང་རྒྱུ་ནོར་ཆེན་པོ་བཏང་ནས་མཆོད་འབུལ་བྱེད་མཁན་ཡང་མང་པོ་ཞིག་བྱུང་ཡོད་མོད། འོན་ཀྱང་ད་ལམ་ལོ་ཤས་རིང་ཁྲིམས་འགལ་ཅན་གྱིས་སྣང་ཚུལ་དེ་རིགས་ཟམ་མི་ཆད་པར་བེད་སྤྱད་དེ་རྒྱུ་ནོར་གཡོ་ལེན་དང་བུད་མེད་གཡོ་འགུགས་བྱེད་པའི་ལག་ཆར་གྱུར་ཡོད། ཝང་ཞིང་ཧྥུ་དཔེར་བཞག་ནས་བཤད་ན། དགོན་པ་ཆུང་ཆུང་ཞིག་ལ་སླུ་ཟན་དུ་མཆོད་སྦྱིན་ཕུལ་ཏེ་རང་ཉིད་སྤྲུལ་སྐུར་གྱུར་ནས། མི་རིགས་ཀྱི་ཐོབ་ཐང་དང་། ཆོས་ལུགས་ཀྱི་ཐོབ་ཐང་། སྤྲུལ་སྐུའི་ཐོབ་ཐང་། ཆོས་ལུགས་ཀྱི་བྱ་སྤྱོད་བཅས་གཡོ་བཟོ་བྱས་ཐོག བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་ཆོ་ག་འཁྱོག་བཤད་རྫུན་བཟོ་བྱེད་ཐབས་ལ་བརྟེན་ནས། ལོ་བཅུ་ལྷག་ཙམ་གྱི་རིང་མི3000ལྷག་ཡོད་པའི་ལོག་ཆོས་རྩ་འཛུགས་བཙུགས་པ་དང་། ཁུངས་མེད་ལོག་བཤད་བཟོ་སྒྲིག་བྱས་ནས་ཆོས་དད་པའི་བསམ་བློ་རྨོངས་སུ་བཅུག་པ་དང་བུད་མེད་མང་པོར་བཙན་གཡེམ་བྱས་ཐོག ཁྲིམས་འགལ་གྱི་སྒོ་ནས་རྒྱུ་དངུལ་སྒོར་དུང་ཕྱུར2ལ་ཉེ་བ་ཞིག་གཡོ་ལེན་བྱས་ཡོད།  ཝང་ཞིང་ཧྥུ་དང་དབྱང་ཧུང་ཁྲེན་གཉིས་ཀྱིས་སྤྲུལ་སྐུར་བརྫུས་ནས་ནག་ཉེས་བསགས་པར་ཁྲིམས་ཆད་ཕོག་པའི་ཐོག་ནས་བལྟས་ན། ཆོས་ལུགས་དེ་ནམ་ཞིག་ཁྲིམས་འགལ་ཅན་གྱིས་བེད་སྤྱོད་བྱས་ན་གནོད་འཚེ་ཚབས་ཆེན་བཟོ་སྲིད་པས། ཆོས་དད་མང་ཚོགས་ཀྱི་ཁེ་ཕན་དང་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་གྱི་ཆེད་དུ། བླ་སྤྲུལ་གྱི་ཡང་སྲིད་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ཤུགས་སྔར་ལས་ལྷག་པ་བྱེད་རྒྱུ་ནི་མ་བྱས་ཐབས་མེད་ཅིག་ཡིན་པ་ང་ཚོས་མཐོང་ཐུབ།
            རྨོངས་པའི་དད་པ་བྱེད་མི་ཉན། དད་ལྡན་པས་དད་པ་ཡང་དག་ལྷད་མེད་བྱེད་དགོས། གྱོད་དོན་དེ་རིགས་ཀྱི་ནང་བློ་ཕམ་ཤོས་བྱ་དགོས་ས་ནི། བོད་བརྒྱུད་ནང་བསྟན་ལ་དགའ་སྣང་ཡོད་པས་མ་ཚད་རང་ཉིད་ལ་སྐྱབས་འགྲོའི་སྡོམ་པ་ཡོད་སྙམ་མཁན་དད་ལྡན་པ་མང་པོར་ནང་བསྟན་ཆོས་ལུགས་ཀྱི་གཞི་རྩའི་རྒྱུན་ཤེས་མེད་པ་དང་། ཆོས་ལུགས་ལས་གཉེར་མི་སྣ་བདེན་རྫུན་དབྱེ་བ་འབྱེད་ནུས་མེད་པས་མ་ཚད། རང་ཉིད་སྲུང་སྐྱོབ་བྱེད་པའི་རྒྱུན་ཤེས་ཙམ་ཡང་མེད་པ་དེ་རེད། དོན་དངོས་ཐོག་ནང་བསྟན་གྱི་ཆོས་གཞུང་ནང་དུ་རྨོངས་ཚོད་ཀྱིས་དད་པ་བྱེད་མི་རུང་བ་གསལ་པོ་བཤད་ཡོད་པ་སྤྱི་དང་། ལྷག་པར་དུ་ནང་རིག་པའི་སློབ་དཔོན་ཞིག་ལ་དད་བསྟེན་བྱེད་དགོས་ན། སྔོན་ལ་དེའི་ཐོབ་ཐང་ཇི་ཡིན་དབྱེ་བ་གསལ་པོ་ཕྱེ་ཐོག་དེའི་གཏམ་སྤྱོད་ལ་རྟོག་ཞིབ་བྱས་རྗེས། དད་པ་བྱེད་དགོས་མིན་ཐག་གཅོད་དགོས་ལུགས་ནན་བཤད་བྱས་ཡོད།
དོན་དངོས་ཐོག་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཐོབ་ཐང་ངོ་མ་ཡོད་མིན་དབྱེ་བ་འབྱེད་པའི་ཐབས་ལམ་ནི་སྟབས་བདེ་ཐག་ཆོད་རེད། 2010ལོ་ནས་བཟུང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས“བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ལག་ཁྱེར།”གཅིག་གྱུར་དུ་བཟོ་སྤྲོད་བྱས་ཡོད་པ་དེ་བླ་སྤྲུལ་གྱི་ཁྲིམས་མཐུན་ཐོབ་ཐང་གི་དཔང་རྟགས་སུ་གྱུར་ཡོད། 2016ལོར“བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་རྩད་བཤེར་མ་ལག”དྲ་ཐོག་ཏུ་སྤེལ་ཡོད་ཅིང་། རྒྱལ་ནང་དུ་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་བླ་སྤྲུལ་331ཡོད་པའི་ཆ་འཕྲིན་རྣམས་སྤྱི་ཚོགས་ཡོངས་སུ་ཁྱབ་བསྒྲགས་བྱས་ཡོད། ཆ་འཕྲིན་དེ་དག་མི་རྣམས་ཀྱིས་བླ་སྤྲུལ་ངོ་མ་ཡིན་མིན་དབྱེ་བ་འབྱེད་པའི་གཞི་འཛིན་ས་ནུས་ལྡན་ཞིག་ཏུ་གྱུར་ཡོད་པ་གསལ་པོ་ཡིན་མོད། འོན་ཀྱང་བློ་ཕངས་པ་ཞིག་ལ། གྱོད་དོན་དེ་གཉིས་ནང་གི་སྤྲུལ་སྐུ་རྫུན་མས་རང་ཉིད་ནི་བོད་བརྒྱུད་ནང་བསྟན་དགོན་པ་ག་གེ་མོ་ཞིག་གི་སྤྲུལ་སྐུའི་ཡང་སྲིད་ཡིན་ཞེས་འུད་ཤོབ་ཤོད་དུས། དད་ལྡན་པ་རྣམས་ཀྱིས་དྲ་ལམ་ནས་འདྲི་རྩད་མ་བྱས་ལ། ས་གནས་དེ་གའི་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ལག་ཁྱེར་ཡོད་མེད་ཀྱང་རྩད་ཞིབ་མ་བྱས་པར། ཉེས་གསོག་པའི་མགོ་སྐོར་སླུ་བྲིད་ཀྱི་གཡོ་འོག་ཏུ་ཚུད་དེ་ལུས་སེམས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་བཟོས་ཡོད། 
           བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱིས་རང་སེམས་བཏུལ་ནས་དགེ་མཚན་ལྡན་པའི་བྱ་སྤྱོད་སྤེལ་དགོས།  ཉེ་ལམ་ལོ་ཤས་ནང་སྤྲུལ་སྐུ་རྫུན་མ་འགའ་ཞིག་གིས་གཡོ་ཐབས་བྱེད་པའི་ལྟག་རྒྱབ་ན། བོད་བརྒྱུད་ནང་བསྟན་གྱི་ལས་གཉེར་མི་སྣས་སྤྲུལ་སྐུ་རྫུན་མར་རོགས་འདེགས་བྱས་ནས་ཁེ་ཕན་རགས་ཐབས་བྱས་ཡོད་པའང་ང་ཚོས་རྟོགས་བྱུང་།  དཔེར་ན། ཝང་ཞིང་ཧྥུ་ཡི་གྱོད་དོན་ནང་གཙོ་བོ་བྱེད་མཁན་སི་ཁྲོན་སེར་ཤུལ་རྫོང་གི་བོ་རོད་དགོན་པའི་གྲྭ་པ་བློ་བཟང་གིས་ཝང་ཞིང་ཧྥུ་ལ་བོད་རིགས་ཀྱི་ཐོབ་ཐང་ལག་ཁྱེར་དང་། ཆོས་ལུགས་ལས་གཉེར་པའི་ལག་ཁྱེར་སྤྲད་པ་དང་། “ཁྲི་གསོལ་མཛད་སྒོ”ཟེར་བ་གཉེར་ནས་བོ་རོད་དགོན་པའི་མིང་ཐོག་ནས་བྱེད་སྒོ་གང་འདོད་སྤེལ་དུ་བཅུག་ཐོག སྤྲུལ་སྐུ་རྫུན་མ་ཞིག་བཟོས་པ་མ་ཟད་རང་ཉིད་ངོ་མས་ཁྲི་འདོན་བྱེད་པའི་བརྒྱུད་རིམ་ནང་། ཝང་ཞིང་ཧྥུ་ཡི་ཁྲིམས་འགལ་ཐོབ་ཆའི་ནང་ནས་སྒོར་ཁྲི3700ལྷག་ཙམ་བླངས་པའི་མཐའ་མར། ལོག་ཆོས་སྒྲིག་འཛུགས་དང་བེད་སྤྱོད་བྱས་ནས་བཅའ་ཁྲིམས་ལག་བསྟར་ལ་གཏོར་བཤིག་བཏང་བའི་ཉེས་ཅན་གཙོ་བོའི་ཐོག་ནས་དུས་བཀག་བཙོན་འཇུག་ལོ6གི་ཁྲིམས་ཆད་བཅད། དགོན་པའི་དམངས་བདག་གི་ཀྲུའུ་རིན་ཞིག་ནས་ལོག་ཆོས་རྩ་འཛུགས་ཀྱི་ཉེས་ཅན་པ་ཞིག་ཏུ་གྱུར་པའི་བློ་བཟང་ཉིད་དེའི་སྟབས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་དམའ་འབྱིན་ཀ་བའི་ཐོག་ཏུ་གཟེར་རྒྱུ་རེད།
           སྤྲུལ་སྐུ་རྫུན་མའི་སྤྱོད་ངན་གྱིས་བོད་བརྒྱུད་ནང་བསྟན་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་ཐད། ངས་ངོ་ཤེས་པའི་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་གྲོགས་པོའི་ནང་འགྱོད་སེམས་དང་ཞེ་འཁོན་ཚད་མེད་མི་བྱེད་མཁན་གཅིག་ཀྱང་མི་འདུག དེ་སྔ་2017ལོའི་ཟླ4ཚེས་19ཉིན་སྐོང་འཚོག་བྱས་པའི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་དགུ་པའི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་གྲོས་ཚོགས་ཐོག་སྤྲུལ་སྐུ་དང་ཆོས་རྒྱལ་ལ་རྫུ་མཁན་གང་སར་ཁྱབ་པའི་གནས་ཚུལ་ལ་དམིགས་ནས་འགོ་བརྗོད་དུ《སྒྲིག་བརྩི་སྡོམ་སྲུང་དང་རྫུན་བརྟོལ་བདེན་སྐྱོང་བྱས་ཏེ་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་སྣང་བརྙན་མཉམ་སྲུང་བྱེད་དགོས།》ཞེས་འཁོད་པའི་གྲོས་འགོ་ཞིག་བཏོན་ནས།  བླ་སྤྲུལ་རྣམས་ཀྱིས་རང་སེམས་འདུལ་བ་དང་། དད་གཙང་སྡོམ་སྲུང་། དགེ་སྒྲུབ་སྡིག་སྤངས། ཆོས་ཁྲིམས་དྲང་ནན་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་སྦྲགས། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཞིབ་བཤེར་དང་། སྤྱི་ཚོགས་ལས་རིགས་ཁག་གིས་རྩད་ཞིབ་ཐག་གཅོད་དང་ལྟ་སྐུལ་བཀག་འགོག་བྱས་ཏེ་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་མཉམ་སྲུང་གནང་རྒྱུའི་རེ་བ་ནན་པོ་ཞུས་ཡོད། གྱོད་དོན་དེ་གཉིས་ཀྱི་ཐོག་ནས་མཚོན་པའི་གནས་ཚུལ་ལ་བལྟས་ན། བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱིས་ད་དུང་མཐོང་སྔར་ལས་ཆེ་བ་བྱས་ཐོག ཕན་ནུས་ལྡན་པའི་བྱ་ཐབས་བཟང་པོ་དེ་བས་མང་བ་བཟུང་ན་མ་གཏོགས། རྒྱལ་ཁབ་ཀྱི་བཅའཁྲིམས་ཁྲིམས་སྲོལ་གྱི་ཀྱི་སྒྲོམ་གཞིའི་འོག་ཏུ་རང་ཉིད་ཀྱི་ལྷད་མེད་དྭངས་གཙང་གི་རྣམ་པ་ལེགས་སྲུང་དང་། བོད་བརྒྱུད་ནང་བསྟན་ཆོས་གྱི་སྣང་བརྙན་དང་སྙན་གྲགས་སྲུང་འཛིན་བྱེད་མི་ཐུབ་གསལ་ཡོད་པ་དཔེར་ན། ཆོས་ལུགས་ཚོགས་པ་དང་དགོན་སྡེ་ཁག་གིས་ཆོས་ལུགས་ལས་གཉེར་བའི་སྡོམ་ཁྲིམས་ཇི་ལྟར་བྱས་ནས་ནན་སྲུང་སྔར་ལས་ལྷག་པ་ཐུབ་པ་བྱེད་རྒྱུའི་ཐད། བཅའ་ཁྲིམས་དང་དགོན་ཁྲིམས་ཀྱིས་ཚོད་འཛིན་བྱེད་ཐུབ་ལ། ཆོས་དད་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་ཡང་དང་ལེན་བྱེད་ཐུབ་པ་ཞིག་བཟོ་རྒྱུ་དང་། ཡང་དཔེར་ན། ཁྲིམས་འགལ་ཅན་གྱིས་གང་འདོད་ལྟར་བེད་སྤྱོད་མི་བྱེད་པའི་ཆེད་དུ། སྐྱབས་འགྲོ་དང་། བྱིན་རླབས། སྦྱིན་སྲེག་སོགས་ཀྱི་ཆོས་ལུགས་བྱེད་སྒོ་རྣམས་ཇི་ལྟར་བྱས་ནས་དེ་བས་ཚད་ལྡན་ཁ་གསལ་ཡོང་བ་བྱས་ཐོག་རྒྱ་ཆེའི་མང་ཚོགས་ལ་ཤེས་སུ་འཇུག་རྒྱུ། ཡང་དཔེར་ན། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་དང་གསང་སྔགས་ཉམས་ལེན་བྱེད་རྒྱུ་སོགས་ཀྱི་གནད་དོན་ཐད་ཆོས་ལུགས་ཐོག་ནས་གོ་བ་ག་འདྲ་ལེན་རྒྱུ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་འོག་ཏུ་ལག་བསྟར་ཇི་ལྟར་བྱེད་རྒྱུའི་ཐད་གསལ་བཤད་བྱ་རྒྱུའི་དུས་རབས་ཀྱི་འགན་འཁྲི་ཆོས་ཕྱོགས་ཀྱི་ཕྲག་ཏུ་བབས་ཡོད། དེ་ལྟར་བྱུང་བ་ཡིན་ན། གཞི་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུའི་ཁ་ཕྱོགས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཟམ་མི་ཆད་པར་འཚམ་མཐུན་ཐུབ་ནས། དུས་རབས་གསར་པའི་ནང་སྐྱོན་བྲལ་ངང་རྒྱུན་འཛིན་འཕེལ་རྒྱས་འགྲོ་ཐུབ། 
           (འབྱུང་ཁུངས། 《མི་དམངས་ཉིན་རེའི་ཚགས་པར།》2021ལོའི་ཟླ་2ཚེས་3ཉིན་གྱི་པར་ངོས་10པ། རྩོམ་པ་པོ། ལྷ་བྱམས་རྒྱལ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ། ཞིབ་འཇུག་པ་གཞོན་པ།)
ཨ་སྐྱབས་དར་རྒྱས་དང་དགེ་འཕེལ་ཆོས་རྒྱལ་གཉིས་ཀྱིས་བསྒྱུར།
རྩོམ་སྒྲིག་པ། རིག་གྲོལ།