ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

གྲོང་གསེབ་འཕེལ་རྒྱས་འཆར་གཞི་ལེགས་པར་བཀོད། སྟོབས་ཤུགས་གཅིག་སྒྲིལ་གྲོང་གསེབ་དར་རྒྱས་བཏང་།

སྤེལ་དུས 2021-07-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          སྦྲ་ཁ་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་བྱང་ཤར་མཚམས་སུ་གནས་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ82ཡོད་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི4480ཟིན་གྱི་ཡོད། ཉེ་བའི་ལོ་ཤས་རིང་སྦྲ་ཁ་གྲོང་ཚོས་ཁྱད་དུ་འཕགས་པའི་ས་བབ་དང་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་པ་དང་སྨོན་ལམ་སྒང་གངས་རི་དང་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་སོགས་རིག་གནས་སྤུས་རྟགས་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་ལོའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་4400ལྷག་ཙམ་ཟིན་ཡོད། 2019ལོར“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་དང་པོའི”ནང་ཚུད་པ་ནས་བཟུང་། སྦྲ་ཁ་གྲོང་ཚོས་རིག་གནས་ཡུལ་སྐོར་གྱི་སྣོད་བཅུད་ཐོན་རྫས་ཧུར་ཐག་བཏོད་དེ། སྨོན་ལམ་སྒང་གངས་རིའི་དབྱར་རྩྭ་དགུན་འབུའི་སྤུས་རྟགས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་དང་སྤུས་རྟགས་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་བཅས་བྱས་པ་རེད།
          “ང་ཚོའི་གྲོང་ཚོའི་ཁོངས་སུ་སྲིད་འཛིན་ཚོགས་ཆུང་7ཡོད་པ་དང་ཁྱོན་གྲོང་མི་དུད་ཚང་500ལྷག་ཙམ་དང་མི་གྲངས་3400ལྷག་ཙམ་ཡོད། དེ་སྔ་དབྱར་རྩྭ་དགུན་འབུ་དང་སྲོལ་རྒྱུན་འབྲོག་ལས་ནི་གྲོང་ཚོའི་འབྲོག་པའི་ཡོང་འབབ་ཡོང་ཁུངས་གཙོ་བོ་གཉིས་རེད། དབུ་མ་ཐང་ཤང་ནི་འདམ་གཞུང་རྫོང་ཙམ་མ་ཟད། ཐ་ན་ལྷ་ས་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོར་དབྱར་རྩྭ་དགུན་འབུ་མང་ཤོས་ཐོན་པའི་ས་ཆ་ཞིག་ཡིན་པ་ལས། སྦྲ་ཁ་གྲོང་ཚོས་ས་ཆ་བཟུང་ཁྱོན་ཆེ་ཤོས་དང་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་རེད”ཅེས་སྦྲ་ཁ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཐན་ཡའོ་ཧྭ་ཡིས་གསར་འགོད་པར་བཤད།
          གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་སྦྲ་ཁ་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆ་བཏོན་ནས་འཕེལ་རྒྱས་གཏོང་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་འཐུས་ཚང་དུ་བཏང་སྟེ། སྲོལ་རྒྱུན་གྱི་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཡུལ་སྐོར་ལས་རིགས་ཟུང་འབྲེལ་བྱས་ནས་དབྱར་རྩྭ་དགུན་འབུ་རྐོ་བའི་སྲུང་སྐྱོང་ལམ་ལུགས་ཚད་ལྡན་དུ་བཏང་སྟེ་བརྐོ་ཡུལ་དུ་སྐྱེ་ཁམས་སྲུང་སྐྱོང་དང་འཆར་འགོད་བྱས་ནས་རྐོ་སྟངས་ཚད་ལྡན་དང་དུས་བཀག་ལྟར་གནས་གཏན་འཁེལ་གྱིས་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་བསྟུན་ནས་སྦྲ་ཁ་གྲོང་ཚོས་གྲོང་ཚོ་རིམ་པའི་རིག་གནས་རོལ་རྩེད་དཔུང་ཁག་ཅིག་བཙུགས་པ་དང་། དབྱར་རྩྭ་དགུན་འབུའི་སྤུས་རྟགས་རྩེ་གྲ་བཏོད་པ། སྨོན་ལམ་སྒང་གངས་རི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། སྣ་མང་ཡུལ་སྐོར་རྣམ་གྲངས་འཕེལ་རྒྱས་བཏང་བ། མང་ཚོགས་ཀྱི་འབབ་འཕར་བརྟན་པོར་སྐུལ་ཁྲིད་བྱས་པ་རེད།
          ལོ་ལྟར་གྱི་ཟླ་5པའི་ཟླ་སྨད་ནས་ཟླ་6པའི་ཟླ་སྨད་བར་ནི་སྦྲ་ཁ་གྲོང་ཚོའི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚོད་ཡིན་པ་དང་ལོ་ལྟར་གྱི་དུས་ཚོད་དེར་སྨོན་ལམ་སྒང་གངས་རིའི་གཤམ་དུ་དུས་ཡུན་ཟླ་བ་གཅིག་གི“སྨོན་ལམ་སྒང་གངས་རིར་མཉམ་དུ་འཛོམས་ནས་དབྱར་རྩྭ་དགུན་འབུ་རྐོ་བའི”བྱེད་སྒོ་སྤེལ་གྱི་ཡོད། ཡུལ་སྐོར་བས་གངས་རིའི་གཤམ་དུ་ཁྱད་ཆོས་ལྡན་པའི་དགའ་རོགས་ཀྱི་པར་དང་གཉེན་སྒྲིག་གི་པར་རྒྱག་ཆོག་པ་མ་ཟད། ད་དུང་རང་ཉིད་ངོ་མས་དབྱར་རྩྭ་དགུན་འབུ་བརྐོས་ནས་ཡོང་འབབ་ཀྱི་སྤྲོ་བར་རོལ་ཆོག་གི་ཡོད།
          སྨོན་ལམ་སྒང་གངས་རིའི་མཛེས་ལྗོངས་ཁུལ་མཚོན་བྱེད་དུ་བྱས་པའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཡུལ་སྐོར་ཁོ་ནར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་100ཙམ་ཟིན་གྱི་ཡོད་པ་རེད། གཞན་ཡང་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོང་དང་དོ་དམ་གྱིས་ཀྱང་སྦྲ་ཁ་གྲོང་ཚོའི་མང་ཚོགས་ལ་ལས་གནས་བཅུ་ཕྲག་མཁོ་འདོན་བྱས་ནས་ཁོ་ཚོ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ཡོད།
          “སྦྲ་ཁ་གྲོང་ཚོར་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཡོད་པ་དང་ལྟེ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྨོན་ལམ་སྒང་གངས་རིའི་རྩེ་མོའི་གངས་ལོ་གཅིག་དུས་བཞིར་གནས་པས་མི་རྣམས་ཀྱིས་ལྟ་ན་སྡུག་པའི་ཡུལ་ལྗོངས་ལོངས་སྤྱོད་ཐུབ་ཀྱི་ཡོད། གྲོང་གསེབ་དར་རྒྱས་གཏོང་རིང་སྨོན་ལམ་སྒང་གངས་རི་གྲོང་ཚོ་དར་རྒྱས་འགྲོ་རིང་མང་ཚོགས་ལ་འབབ་འཕར་བཏོད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད”ཅེས་ཐན་ཡའོ་ཧྭ་ཡིས་གསར་འགོད་པར་བཤད།
          ད་ཆ་སྦྲ་ཁ་གྲོང་ཚོས“དབྱར་རྩྭ་དགུན་འབུ་དང་རིག་གནས་ཡུལ་སྐོར”ཟུང་དུ་འབྲེལ་བའི་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་བས་སྦྲ་ཁ་གྲོང་ཚོར་རྟ་བཞོན་པ་དང་། མེ་ཕུང་དགོང་ཚོགས། དབྱར་རྩྭ་དགུན་འབུ་རྐོ་བ་སོགས་དམངས་སྲོལ་གོམས་གཤིས་ཉམས་སུ་ལེན་པ་དང་ཆབས་ཅིག་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པར་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད་ཀྱི་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།