ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། གཅིག་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་གཏོད།

སྤེལ་དུས 2021-09-28 ཡོང་ཁུངས། བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། རྩོམ་པ་པོ། ངག་དབང་དོན་གྲུབ་ཀྱིས་བསྒྱུར།
           ཉེ་ཆར་སྐོང་འཚོགས་བྱས་པའི་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ནི།  མི་རིགས་ཁག་གི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་བྱེད་པའི་གཅིག་མཐུན་གྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་འཁྲིད་སྟོན་བྱེད་པ་དེ་ཡིན་ཞེས་ཕྱོགས་བསྡུས་མཛད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སྙིང་པོ་ལ་འགྲེལ་བཤད་གཏིང་ཟབ་གནང་།
           ཀྲུང་ཧྭ་མི་རིགས་ནི་མི་རིགས་ལྔ་བཅུ་ང་དྲུག་ལས་གྲུབ་པའི་ཁྱིམ་ཚང་ཆེ་མོ་ཞིག་ཡིན།  སྤུན་ཟླའི་མི་རིགས་དབར་ལ་ཡུལ་སྲོལ་གོམས་གཤིས་ཀྱི་ཐད་ནས་ཁྱད་པར་མཆིས་མོད། མི་རིགས་ཕན་ཚུན་གྱི་བརྩེ་བ་ཆུ་དང་ཉ་མོ་ལྟར་གཅིག་ཏུ་འདྲེས་ཤིང་ཀྲུང་ཧྭའི་ས་གཞི་ཆེ་མོར་སྐྱིད་ལ་ཁའི་རྩྭ་མཆོག་མཉམ་ཟ་དང་སྡུག་སྔོན་མོའི་ཆུ་མོ་མཉམ་འཐུང་གི་དཔེ་ལྟར་འཚོ་གནས་བྱེད་བཞིན་ཡོད། 
           རང་རྒྱལ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སུ། རང་རེའི་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདུན་ལྟར་མི་རིགས་ས་ཁུལ་དུ་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་ཏེ་གྲངས་ཉུང་མི་རིགས་ནང་ཁུལ་གྱི་གྲལ་རིམ་གཉའ་གནོན་དང་བཤུ་གཞོག་རྩ་མེད་དུ་བཏང་། ལོ་ངོ་བདུན་ཅུ་ཡི་རིང་ལ་རང་རྒྱལ་དུ་རང་སྐྱོང་ལྗོངས་ལྔ་དང་རང་སྐྱོང་ཁུལ་སུམ་ཅུ། རང་སྐྱོང་རྫོང་(ཆུས།)བརྒྱ་དང་ཉི་ཤུ་བཅས་གསར་དུ་བཙུགས་པ་དེས་མི་རིགས་རང་སྐྱོང་ས་ཁུལ་འཛུགས་པའི་ལས་འགན་སྤྱིའི་ཆ་ནས་ལེགས་འགྲུབ་བྱུང་ཡོད། ལོ་ངོ་བདུན་ཅུའི་རིང་ལ་ང་ཚོའི་ཏང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བཞིན་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་དེ་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་བསྐྱོད་དེ།  ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་འབྱོར་ཕྱུག་ལྡན་པ་དང་།  དེ་ནས་སྟོབས་ལྡན་དུ་འགྱུར་བའི་ལོ་རྒྱུས་ཀྱི་མཆོངས་བསྐྱོད་མངོན་འགྱུར་བྱུང་ཡོད།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་མི་རིགས་ལས་དོན་ལ་མཐོང་ཆེན་མཛད་དེ། མི་རིགས་ལས་དོན་ཐད་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། ལྟ་བ་གསར་པ་བཅས་བཏོན་ཞིང་།   ཐབས་ཇུས་གསར་པ་རབ་དང་རིམ་པ་ལག་བསྟར་གནང་སྟེ། མི་རིགས་ཁག་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་སེ་འབྲུའི་འབྲས་བུ་ལྟར་དམ་དུ་འཁྱུད་པར་སྐུལ་འདེད་དང་།  རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།  ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གོང་བུ་གཅིག་གྱུར་གྱི་རྨང་གཞི་དང་མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་ལྟ་བུ་ཡིན་པ་ལོ་རྒྱུས་དང་དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད།
           ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།   གཅིག་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་གཏོད། མི་རིགས་ཁག་གི་མི་དམངས་རྣམས་ཁྱིམ་ཚང་གཅིག་གི་མི་ལྟར་བརྩེ་བ་དང་ལྡན་པར་བྱ་རྒྱུ་ནི། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ངེས་པར་དུ་མངོན་གྱུར་ཡོང་བ་བྱེད་པའི་གཞི་རྩའི་འགན་སྲུང་ཡིན། ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་གལ་ཆེའི་དགོངས་པ་གནད་ལ་ཁེལ་པོས་ཁོང་དུ་ཆུད་པ་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་གྱི་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།   ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྐུལ་སློང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།