ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཁ་གཏད་རོགས་སྐྱོར་གནད་ལ་འཁེལ། བོད་སྐྱོར་བརྩེ་བ་ལྷད་མེད་མངོན།

——སྙེ་མོ་རྫོང་གིས་སེའུ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

སྤེལ་དུས 2023-08-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ལོ་མང་རིང་གི་ལག་ལེན་དང་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་དང་ལག་རྩལ་གྱི་ལེགས་ཆའི་རོགས་རམ་འོག  སྙེ་མོ་རྫོང་གིས2019ལོའི་ཟླ་བཞི་པར་སེའུ་ནང་འདྲེན་བྱས་ནས་ཚོད་འདེབས་བྱས་པ་དང་པེ་ཅིང་བོད་སྐྱོར་ལས་དོན་རུ་ཁག་དང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག  སྙེ་མོ་རྫོང་གི་ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང་ལ་འགྱིག་ཤོག་དྲོད་ཁང་ཆེ་མོ16དང་འབྲས་ཤིང་སྡོང་པོ6000ཙམ་བཏབ་པར་འདེབས་ཁྱོན་མུའུ་བརྒྱ་ལྷག་ཙམ་ཟིན་ཡོད་པ་རེད།
          འདི་ལོའི་ཟླ5པར་སྙེ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཐེ་ལིང་གིས་རྫོང་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་སུ་ལྟ་སྐོར་དང་། རྟོག་ཞིབ། སློབ་སྦྱོང་བཅས་བྱེད་པར་བསྐྱོད་པ་དང་། ཧྲུན་དབྱི་ཆུས་ལུང་ཝན་ཐུན་གྲོང་རྡལ་དུ་ས་གནས་ས་ཐོག་ཏུ་ལྟ་སྐོར་བྱས་པ་རེད། ཕྱོགས་གཉིས་པོས་གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་དང་། ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། སེའུ་ཡི་ཁྱད་ལྡན་ཐོན་ལས་རོགས་སྐྲུན་རྣམ་གྲངས་ལ་འདོད་འདུན་རགས་ཙམ་ཆགས་རྒྱུར་སྐུལ་འདེད་གཏོང་བ། ལུང་ཝན་ཐུན་གྲོང་རྡལ་གྱིས་སེའུ་འདེབས་འཛུགས་དང་། གཡོག་བྱེད། གཉེར་སྐྱོང་སོགས་འཚོལ་ཞིབ་བྱེད་པའི་ཐད་ཆེད་ལས་ལག་རྩལ་གྱི་མཛུབ་ཁྲིད་མཁོ་འདོན་བྱས་ནས། སྙེ་མོའི་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ་མ་ཟད། ལུང་ཝན་ཐུན་གྲོང་རྡལ་གྱི་འབྲེལ་ཡོད་མི་སྣ་སྙེ་མོ་རུ་གདན་དྲངས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཀྱང་བྱས་པ་རེད།
          ཧྲུན་དབྱི་སྙེ་མོ་ཁྱིམ་ཚང་གཅིག་ལྟར་བརྩེ། ཟོལ་མེད་རོགས་སྐྱོར་བྱས་ནས་བརྩེ་སེམས་མངོན། སྙེ་མོ་རྫོང་གི་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུའི་ཡི་གེ་འབྱོར་རྗེས་ཧྲུན་དབྱི་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཟླ6པའི་ཟླ་མཇུག་ཏུ་ཧྲུན་དབྱི་ཆུས་སྐྱེད་ཚལ་སྔོ་འགྱུར་ཅུས་དང་། ལུང་ཝན་ཐུན་གྲོང་རྡལ་འགོ་ཁྲིད་ཚན་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་དེ་བཞིན་གྲོང་རྡལ་མཉམ་སྡེབ་ནགས་རའི་འགན་འཁུར་བ། པེ་ཅིང་སན་ཧོ་དབྱིན་ཡོན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་སེའུ་འདེབས་འཛུགས་མཁས་ཅན། ཧྭ་པེ་གློག་ཤུགས་སློབ་ཆེན་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ལས་གྲུབ་པའི་པེ་ཅིང་ཧྲུན་དབྱི་ཆུས་ལུང་ཝན་ཐུན་གྲོང་རྡལ་གྱི་རྟོག་ཞིབ་ཚོགས་པ་དང་བཅས་པ་སྙེ་མོ་རྫོང་དུ་བསྐྱོད་ནས་སེའུ་ཡི་ཁྱད་ལྡན་ཐོན་ལས་ཀྱི་ཁ་གཏད་རོགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་མཛུབ་ཁྲིད་བྱས་པ་རེད།
          དུས་ཡུན་རིང་པོའི་ནང་ལུང་ཝན་ཐུན་གྲོང་རྡལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྙེ་མོར་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྙེ་མོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། སྙེ་མོའི་ས་གཞི་ཆེ་མོར་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་ནས་བོད་སྐྱོར་ལས་དོན་གྱི་བརྗིད་ཉམས་དོད་པའི་ལེའུ་ཞིག་བརྩམས་ཡོད། ད་ཐེངས་རྟོག་ཞིབ་ཚོགས་པས་ཆེད་མངགས་ཧྭ་པེ་གློག་ཤུགས་སློབ་ཆེན་གྱི་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་མཉམ་དུ་བརྟག་ཞིབ་བྱས་པ་དང་། སེའུ་འདེབས་འཛུགས་མཁས་ཅན་དང་ནུས་རྒྱུ་གསར་པའི་རིགས་གཅིག་མཁས་ཅན་མཉམ་འབྲེལ་བྱས་ནས། འོད་ཤུགས་ནུས་རྒྱུ་གསར་པ་སྤྱད་དེ་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཀྱི་ལག་བསྟར་ཐབས་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས། དེང་རབས་ནུས་ཆེའི་རིག་ལྡན་ཞིང་ལས་རྣམ་གྲངས་གཏོད་རྒྱུར་ཧུར་ཐག་གཞོལ་བས་སྙེ་མོའི་ཐོན་ལས་བོད་སྐྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་ནུས་ལྡན་ཐེབས་པ་རེད།
          བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ཏེ་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ལུང་ཝན་ཐུན་གྲོང་རྡལ་གྱིས་ཐོན་ལས་བོད་སྐྱོར་དང་ལག་རྩལ་བོད་སྐྱོར་བྱེད་པ་དེ་བོད་ལྗོངས་ཀྱི“རང་བརྟེན”ནུས་པ་ཆེ་རུ་གཏོང་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བའི་རྩ་བའི་ཐབས་ལམ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། སྙེ་མོ་རང་གི་སེའུ་ཐོན་ལས་ཀྱི་གནས་ཚུལ་གང་མགྱོགས་ཁོང་དུ་ཆུད་པ་དང་རྒྱུས་མངའ་ལོན་པ་བྱས་ནས་བོད་སྐྱོར་རྣམ་གྲངས“སྙེ་མོར་གང་དགོས་ལུང་དབན་གྱིས་མཁོ་འདོན་ཐུབ་པ”དངོས་འབྲེལ་ཡོང་བ་བྱ་ཆེད། རྟོག་ཞིབ་ཚོགས་པའི་ཁོངས་མིས་ལ་དུག་ཕོག་ནས་གཟུགས་པོ་མི་བདེ་བའི་གནས་ཚུལ་ཁྱད་བསད་ཀྱིས་འཕྲལ་མར་ལས་ཀའི་ནང་ཞུགས་ཏེ། བརྟག་ཞིབ་ལས་དོན་གང་མགྱོགས་སྤེལ་ནས་ཉིན་མང་པོ་བསྟུད་མར་ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་བསྐྱོད་དེ་ཐོན་ལས་གླིང་གི་སེའུ་ཡི་འགྱིག་ཤོག་དྲོད་ཁང་གི་ཆུ་དང་། ས། མཁའ་རླུང་བཅས་ཀྱི་གྲུབ་ཆ་དང་ལག་རྩལ་གྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས། རྟོག་ཞིབ་ཚོགས་པའི་ཁོངས་མིས་སྙེ་མོ་རྫོང་ཨུད་དང་། རྫོང་སྲིད་གཞུང་། རྫོང་ཞིང་ལས་ཅུས་བཅས་དང་དེ་བཞིན་གླིང་གི་འབྲེལ་ཡོད་འགན་འཁུར་བ་དང་མཉམ་དུ་རོགས་སྐྲུན་རྣམ་གྲངས་ཀྱི་དྲོད་ཁང་གི་བཟོ་ལྟ་དང་། དྲོད་ཁང་གི་འཆར་འགོད། སྡོང་ཕྲུག་གི་སྣ་ཁ། ས་རྒྱུ་དབྱེ་ཞིབ། དྲོད་ཚད་ཚོད་འཛིན་སྒྲིག་བཀོད། ཉི་འོད་སྙོམས་སྒྲིག་སོགས་ལག་རྩལ་གྱི་ཞིབ་ཕྲའི་ཐད་གྲོས་བསྡུར་ཞིབ་ཕྲ་བྱས་པ་རེད།
          “ཉིན་ཤས་རིང་བརྟག་ཞིབ་བྱས་པ་བརྒྱུད། ང་ཚོས་སྙེ་མོའི་སེའུ་ཐོན་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་འཕྲད་པའི་འཇུར་མིག་གི་གནད་དོན་ཤེས་རྟོགས་རགས་ཙམ་ཐུབ་བྱུང་། སྔོན་ལ་དྲོད་ཁང2བདམས་ནས་ཚོད་ལྟ་སྒྱུར་བཀོད་བྱས་ཏེ་སེའུ་ཡི་ས་བོན་དང་འབྲས་ཤིང་གསར་པ་ནང་འདྲེན་བྱས་ནས་དུས་མཇུག་ཏུ་འདེབས་འཛུགས་བྱེད་སྟངས་དང་། སྡོང་རྐང་གཡོག་བྱེད། དྲོད་ཚད་དང་གཤེར་ཚད་ཚོད་འཛིན། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ཐད་ལག་རྩལ་གྱི་རྒྱབ་སྐྱོར་དང་རྣམ་གྲངས་ཀྱི་སྐུལ་འདེད་ཇུས་གཞི་ཞིབ་ཕྲ་བཟོ་རྩིས་ཡོད”ཅེས་ལུང་ཝན་ཐུན་གྲོང་རྡལ་སན་ཧོ་དབྱིན་ཡོན་ཞིང་ལས་རིག་གནས་གླིང་གི་འགན་འཁུར་བ་ཀྲུའུ་ཧུང་ཤུས་ཀྱིས་ངོ་སྤྲོད་བྱས་པ་རེད།
          སྙེ་མོ་རྫོང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བས། ལོ་མང་རིང་གི་བོད་སྐྱོར་ལག་ལེན་ཁྲོད་ཧྲུན་དབྱི་མི་དམངས་དང་སྙེ་མོའི་མི་དམངས་དབར་མཛའ་གཅུགས་ཟབ་མོ་ཆགས་ཡོད། ཕྱོགས་གཉིས་པོས་ཕན་ཚུན་འཚམས་འདྲི་ཐེངས་མང་བྱས་པ་དང་ཁ་གཏད་རོགས་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཧྲུན་དབྱི་ཆུས་ལུང་ཝན་ཐུན་གྲོང་རྡལ་གྱི་རོགས་སྐྱོར་འོག་སྙེ་མོའི་སེའུ་ཁྱད་ལྡན་ཐོན་ལས་ཀྱི་ཁ་གཏད་རོགས་སྐྲུན་རྣམ་གྲངས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཁ་གཏད་རོགས་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

རྩོམ་སྒྲིག་པ། དཔལ་གཡང་།