ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

གངས་འཁྱགས་དཔལ་འབྱོར་གྱིས་ས་མཐོའི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

སྤེལ་དུས 2024-01-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
             ཁང་ལེ་གངས་ཤུད་ར་བ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་ཏུང་ཞ་གྲོང་རྡལ་ཁང་ལེ་གྲོང་ཚོར་གནས་ཤིང་། རྫོང་གྲོང་དང་བར་ཐག་སྤྱི་ལེ16ཟིན་པ་དང་གངས་ཤུད་ར་བའི་རྒྱ་ཁྱོན་ལ་མུའུ160ཙམ་ཡོད། དེའི་དམིགས་བསལ་གྱི་ས་དབྱིབས་དང་གནམ་གཤིས་ལས་གངས་ཤུད་ར་བར་གངས་མཐུག་པ་དང་གངས་འབབ་ཡུན་རིང་བའི་རང་བྱུང་གི་ཆ་རྐྱེན་གྲུབ་ཡོད། གངས་ཤུད་ར་བའི་ཕྱོགས་བཞིར་གསོམ་ཤིང་གིས་བསྐོར་ཞིང་། ཡུལ་སྐོར་བ་མང་པོ་གངས་ཤུད་ར་བར་ཡོང་ནས་གངས་ཤུད་ལ་རོལ་གྱི་ཡོད་ལ། གངས་ཤུད་གློད་མཁན་གསར་པ་དང་གངས་ཤུད་ལ་དགའ་མོས་ཡོད་པ་ཚོས་ཀྱང་འདི་གར་རང་བྱུང་ཁམས་དང་བར་ཐག་མེད་པར་གངས་ཤུད་ཀྱི་སྤྲོ་སྣང་ཉམས་ལེན་བྱེད་ཀྱི་ཡོད།
             ཁང་ལེ་གངས་ཤུད་ར་བའི་ཅིང་ལི་མཱ་ཅིན་ཡུན་གྱིས། ས་བབ་མཐོ་ཚད་སྨི2700ལྷག་ཙམ་ཟིན་པའི་གངས་ཤུད་ར་བ་འདིས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི10ལྷག་ཙམ་ལ་སྣེ་ལེན་ཞུ་ཡི་ཡོད། དགུན་ཁ་ཤར་རིམ་བཞིན་མི་མང་པོ་ཞིག་གིས་གངས་ཤུད་གྱོན་གོས་གྱོན་པ་དང་གངས་ཤུད་གློད་ཆས་ཁྱེར་ཏེ་འདི་གར་ཡོང་གི་ཡོད། གངས་འཁྱགས་ལུས་རྩལ་ལས་གངས་འཁྱགས་ར་བར་མིས་ཁེངས་ནས་གང་སར་གསོན་ཤུགས་རྒྱས་པ་མ་ཟད། མཐའ་སྐོར་གྲོང་གསེབ་ཀྱི་ཡུལ་མིའི་འཚོ་བར་ཡང་འགྱུར་ལྡོག་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
             ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཏའེ་པིན་གྱིས། གངས་འཁྱགས་ཐོན་ལས་འཕེལ་རྒྱས་ཕྱིན་པ་ལས་མཚོ་བོད་ས་མཐོའི“དབྱར་དུས་ཐུང་ཞིང་དགུན་དུས་རིང་བའི”ཡུལ་སྐོར་འཕེལ་རྒྱས་ཀྱི་འཇུར་མིག་བསལ་ཏེ་ས་མཐོའི་གངས་འཁྱགས་ཡུལ་སྐོར་དང་། རིག་གནས། ལུས་རྩལ་སོགས་ཐོན་ལས་མང་པོ་ཞིག་མཉམ་འདྲེས་གཏིང་ཟབ་བྱུང་ནས་གངས་འཁྱགས་མཛེས་ལྗོངས་ལ་ལྟ་བའི་རྣམ་པ་རྐྱང་པར་འགྱུར་ལྡོག་འགྲོ་རེ་ཡོད་ཅེས་བཤད།
             ལོ36ལ་སླེབས་པའི་མཱ་ཧྲེང་མིང་གི་ཁྱིམ་ཁང་ལེ་གངས་ཤུད་ར་བའི་ཉེ་འགྲམ་དུ་གནས་ཤིང་། ཁོང་གིས་རྣམ་ཀུན་སྡོད་ཁང་མཛེས་བཟོའི་ལས་ཀ་བྱེད་ཀྱི་ཡོད། ལོ་རེའི་ཟླ་དང་པོ་ནས་གསུམ་པའི་བར་གངས་ཤུད་ར་བའི་ཆ་པང་གངས་ཤུད་ཀྱི་རྩལ་འཁྲིད་པ་ཡིན་པའི་ཁོང་ལ་ཟླ་རེར་སྒོར7000ལྷག་ཙམ་གྱི་ཡོང་འབབ་རག་གི་ཡོད། “ལུས་སྦྱོང་བྱེད་ཞོར་དུ་ཡོང་འབབ་ཡང་རག་གི་འདུག་པས་གངས་ཤུད་རྩལ་འཁྲིད་པ་ནི་སྤྲོ་སྣང་ལྡན་པའི་ལས་རིགས་ཤིག་རེད”ཅེས་ཁོང་གིས་བཤད།
             གངས་དཀར་ཕྱོགས་ལས་རྣམ་རྒྱལ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དུ་གནས་ཤིང་། ཉེ་བའི་ལོ་ཤས་རིང་གཉེར་བའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་རྒྱལ་སྤྱིའི་རི་འཛེག་སྤེལ་རེས་ཚོགས་ཆེན་སོགས་ཀྱི་འགྲན་བསྡུར་ལས་གངས་ཤུད་ལ་དགའ་མོས་ཡོད་པ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། མཐའ་སྐོར་གྱི་གྲོང་ཚོ་དང་གྲོང་རྡལ་གྱི་ཞིང་པ་ཚོ་རྟ་དྲེལ་ཁྲིད་ནས་དངོས་ཟོག་དབོར་མཁན་གྱི་དྲེལ་པར་གྱུར་པ་དང་། འགྲན་བསྡུར་གྱི་སྒྲིག་ཆས་དང་དངོས་ཟོག་ས་བབ་མཐོ་ཚད་སྨི3700ལྷག་ཙམ་ཟིན་པའི་བར་བརྒྱུད་སྒར་ས་ནས་ས་བབ་མཐོ་ཚད་སྨི4350ཟིན་པའི་འགྲན་བསྡུར་སྒར་ས་ཆེན་པོར་དབོར་དགོས་ཤིང་། ལམ་དུམ་ཧྲིལ་པོ་གཡང་གཟར་གྱི་རི་ལམ་ཡིན་པས་རླངས་འཁོར་ཐར་གྱི་མེད་སྟབས་དངོས་ཟོག་དག་དྲེལ་པ་ཚོས་དབོར་དགོས་ཀྱི་ཡོད།
             དྲེལ་པ་རྣམས་ཀྱིས་ཁལ་བཀལ་བའི་རྟ་དྲེལ་ཁྲིད་ནས་ཀྱག་ཀྱོག་དང་ཉེན་ཁ་ཆེ་བའི་རི་ལམ་བརྒྱུད་སྐབས་ཁ་བས་བཀླུབས་པའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་ལམ་དུ་རྐང་རྗེས་གསལ་ལ་མི་གསལ་གྱིས་ཁེངས་ཡོད། འགྲན་བསྡུར་བྱེད་རིང་ཁོང་ཚོར་ཉིན་རེར་ཡོང་འབབ་སྒོར500ཙམ་རག་གི་ཡོད་པ་རེད།
             དགུན་གཞུང་དུ་མཚོ་སྔོན་གྱི་གནམ་གཤིས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ10ཟིན་གྱི་ཡོད་མོད། འོན་ཀྱང་གསར་འགོད་པ་སླེབས་སའི་གངས་ཤུད་ར་བའི་ཁོར་ར་ཁོར་ཡུག་ཀུན་ཏུ་ཧ་ཅང་འཁྲུག་ཆ་དོད་པོ་འདུག ཅང་ཧའེ་པོ་ནི་ཅི་ལིན་གྱི་ཁྲང་པའེ་ཧྲན་རི་བོའི་འདབས་ནས་ཡིན་ཞིང་། མིག་སྔར་མཚོ་སྔོན་གྲོ་ཚང་རྒྱལ་སྤྱིའི་གངས་ཤུད་ར་བའི་སྤྱི་ཁྱབ་རྩལ་འཁྲིད་པ་ཡིན་པ་རེད། གངས་ཤུད་ར་བ་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་སུ་གནས་པ་དང་། གཟའ་མཇུག་སླེབས་རིམ་བཞིན་མི་སྟོང་ཕྲག་མང་པོ་དེ་གར་འཛོམས་ནས་གངས་ཤུད་ཀྱི་སྤྲོ་སྣང་མྱོང་རོལ་བྱེད་བཞིན་ཡོད།
             “གྲང་ངར་ཆེ་བའི་བྱང་ཤར་ནས་མཚོ་བོད་ས་མཐོའི་བར་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ཡོད་མོད། འོན་ཀྱང་འགྱུར་ལྡོག་མེད་པ་ནི་ཚང་མས་གངས་ཤུད་ལ་དགའ་མོས་བྱེད་པ་དེ་རེད། མཚོ་སྔོན་གྱི་ལེགས་ཆ་ཆེ་ཤོས་ནི་ཉིན་མོར་དེ་ཙམ་གྲང་མོ་མེད་པ་དེ་རེད། དྲོད་ཚད་འདི་ལྟ་བུ་གངས་ཤུད་ཐོག་མར་སྦྱོང་མཁན་ལ་མཚོན་ན་ཧ་ཅང་འཚམ་པོ་འདུག ངའི་གྲུབ་འབྲས་ཆེ་ཤོས་ནི་ས་གནས་འདི་གའི་གངས་ཤུད་རྩལ་འཁྲིད་པ་ཁག་གཅིག་གསོ་སྐྱོང་བྱས་པ་དེ་ཡིན། དེས་ས་མཐོའི་གངས་འཁྱགས་ཐོན་ལས་སྟོབས་ཆེར་གཏོང་བར་ཕན་ཐོགས་ཆེན་པོ་ཡོད”ཅེས་ཅང་ཧའེ་པོ་ཡིས་བཤད།
              གངས་འཁྱགས་ར་བས་དགའ་མོས་པ་མང་པོའི་ཡིད་དབང་བཀུག་པར་བརྟེན་ནས། ལོ་རེའི་དགུན་དུས་སུ་གྲོ་ཚང་གྲོང་རྡལ་མཐའ་སྐོར་གྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་ཚོང་ཧ་ཅང་ཡག་པོ་ཡོད། གྲོ་ཚང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཧུང་ཐིང་གིས། གངས་ཤུད་ར་བ་གཉེར་བའི་ལོ་བཅུའི་ནང་ལོ་རེར་ས་གནས་དེ་གར་གངས་ཤུད་ལས་དོན་པ་དང་། ཞབས་འདེགས་ཞུ་མཁན། གངས་ཤུད་རྩལ་འཁྲིད་པ་སོགས་ཀྱི་ལས་གནས60ལྷག་ཙམ་མཁོ་འདོན་བྱས་ནས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ལྷག་ཙམ་རག་གི་འདུག ཉེ་བའི་ལོ་ཤས་རིང་། གངས་འཁྱགས་ལུས་རྩལ་དང་གངས་འཁྱགས་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ཏེ་དམངས་སྲོལ་གནས་ཚང་དང་བཟའ་བཏུང་སོགས་ཐོན་ལས་འཕེལ་རྒྱས་ལའང་སྐུལ་ཁྲིད་ཐུབ་ཡོད་ཅེས་བཤད།

རྩོམ་སྒྲིག་པ། དཔལ་གཡང་།