ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

ཧྭ་ཀྲུང་ཞིང་ལས་སློབ་ཆེན་ལྡུམ་རའི་ལག་རྩལ་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཧོང་ཡོན་གྱིས་བརྗོད་དོན།

ངས་འཛམ་གླིང་ཡང་རྩེར་སྦྱར་ག་རྒྱག་སྟངས་སློབ་བཞིན་ཡོད།

སྤེལ་དུས 2023-09-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            བོད་སྐྱོར་ལས་དོན་མཇུག་འགྲིལ་ནས་ལོ་ཕྱེད་ལྷག་ཙམ་སོང་ཡང་བོད་རིགས་ན་གཞོན་ཕོ་མོ་ཚོའི་ཤེས་བྱར་རེ་འདོད་ཀྱི་མིག་ཟུང་ད་དུང་ངའི་སེམས་སུ་འཁོར་གྱི་འདུག ངས་ཉིན་དེ་དག་དྲན་གྱི་འདུག་ལ། ས་མཐོ་དེ་ལས་སྒྲིག་བཀོད་ཞིང་ལས་ཚན་ཞིབ་མི་སྣ་ཞིག་གི་མི་ཚེའི་རིན་ཐང་ལ་ངོས་འཛིན་གཏིང་ཟབ་བྱུང་སོང་།
            བོད་ལྗོངས་སུ་མཁའ་རླུང་དཀོན་པ་དང་། ཚ་གྲང་ཧེ་བག་ཆེ་བ། རླུང་བུ་མང་བ་བཅས་ཀྱི་ཁོར་ཡུག་གི་རང་བྱུང་ཆ་རྐྱེན་འོག་ཤིང་འབྲས་དང་སྔོ་ཚལ་འདེབས་པར་འགྲན་སློང་ཆེན་པོ་འཕྲད་ཡོད། ཨུའུ་སུན་དང་། ཀྲོ་མ་ཀྲུ ཐེན་ཀྭ སུར་པན་སོགས་ས་ཆ་གཞན་དག་ཏུ་རྒྱུན་དུ་མཐོང་རྒྱུ་ཡོད་པའི་ཤིང་འབྲས་དང་སྔོ་ཚལ་དག་བོད་ཀྱི་ས་ཆ་ཁ་ཤས་སུ་རྩ་ཆེའི་ནོར་བུ་ལྟ་བུར་བརྩི་གི་ཡོད། དེ་སྔ་ཞིང་ལས་ཐོན་རྫས་མང་པོ་ས་གནས་དེ་གའི་མི་རྣམས་གཉེན་ཉེ་དང་གྲོགས་པོ་ལྟ་བར་སྐྱོད་སྐབས་གཞི་ནས་ཉོ་བའི“རྒྱས་སྤྲོས་དངོས་རྫས”ལ་གྱུར་ཡོད།
            ཇི་ལྟར་བྱས་ན་འདི་ཁུལ་གྱི་སྔོ་ཚལ་སྣ་ཁ་ཕུན་སུམ་ཚོགས་སུ་གཏོང་ཐུབ་བམ། སྒྲིག་བཀོད་ཞིང་ལས་ལ་དེའི་ཐག་གཅོད་ཇུས་གཞི་ཡོད། ངས་ཆེད་མངགས་སྦྱངས་པའི་སྦྱར་རྒྱག་མྱུག་གསོ་ནི་སྒྲིག་བཀོད་ཞིང་ལས་ཁྲོད་རྒྱུན་དུ་སྤྱོད་པའི་ལག་རྩལ་ཞིག་རེད། སྦྱར་ག་རྒྱག་སྟངས་ཀྱིས་རྩི་ཤིང་མི་འདྲ་བའི་མཐུན་རྐྱེན་སྒྲིག་སྦྱོར་ཡག་པོ་ཐུབ་ནས་སྐྱེས་འཚར་དེ་བས་བཟང་བ་དང་ཐོན་ཚད་དེ་བས་མཐོ་བའི་སྡོང་རྐང་ཐོན་གྱི་ཡོད། 2022ལོའི་ཟླ་དང་པོར་ངས་ལག་རྩལ་དེ་ཧྭ་ཀྲུང་ཞིང་ལས་སློབ་ཆེན་ནས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་ཁྱབ་གདལ་བཏང་བ་ཡིན།
            ཡུལ་མིས་མྱུག་གསོའི་ལག་རྩལ་ཁོང་དུ་ཆུད་པར་བྱ་ཆེད། ངས་གསོ་སྦྱོང་མཇུག་འགྲིལ་ནས་གཟའ་འཁོར་གཅིག་སོང་རྗེས་ཁོང་ཚོས་སྦྱར་ག་བརྒྱབ་པའི་སོན་མྱུག་གསོན་ཚད་ལ་ལྟ་ཞིབ་བྱས་ནས་ཁོང་ཚོའི་དགེ་རྒན་བཞིན་དུ་ལས་ཀར་བཟོ་བཅོས་བརྒྱབ་སྟེ་ལག་རྩལ་གྱི་ཞན་ཆར་དམིགས་ནས་དམར་ཁྲིད་ཡང་ཡང་བྱེད་ཀྱི་ཡོད། སྤྱིར་བཏང་ངས་སློབ་ཁྲིད་ཐེངས་འགའ་བྱས་ན་གཞི་ནས་གསོ་སྦྱོང་བྱེད་མཇུག་འགྲིལ་གྱི་ཡོད་མོད། འོན་ཀྱང་དེའི་ཐད་ང་རང་དགའ་སྤྲོས་ཁེངས་ནས་ཐང་ཆད་རྒྱུ་མི་འདུག
            བོད་སྐྱོར་བྱེད་རིང་ངས་གང་ཐུབ་ཅི་ཐུབ་ཀྱིས་སྦྱར་རྒྱག་མྱུག་གསོའི་ལག་རྩལ་དེ་ཡུལ་མི་དེ་བས་མང་བར་བསླབས་པ་ཡིན། དེའི་ནང་། ནོར་བུ་ཕུན་ཚོགས་དང་ཐུབ་བསྟན་ཚེ་རིང་ཕོ་གཞོན་གཉིས་པོ་ནི་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད། ཁོང་ཚོའི་རིག་པ་གསལ་ལ་སྒུལ་སྐྱོད་བྱེད་ནུས་ཆེ་བས་མྱུག་གསོའི་ལག་རྩལ་མགྱོགས་མྱུར་ཁོང་དུ་ཆུད་ནས་དེ་ཁུལ་དུ་སྐད་གྲགས་ཆོད་པའི“སྦྱར་ག་རྒྱག་སྟངས་མཁས་པར”གྱུར་ཡོད། ཁོང་ཚོའི་མིག་ཟུང་ལས་ཤེས་བྱར་རེ་འདོད་ཆེ་བའི་རྣམ་འགྱུར་རྟག་ཏུ་མངོན་བཞིན་འདུག་པས། ང་རང་ལ“སྦྱར་ག་རྒྱག་མཁས་པའི”གསོ་སྦྱོང་གཏན་ནས་བྱེད་མཚམས་འཇོག་མི་ཐུབ་པའི་ཚོར་སྣང་བྱུང་། དེར་བརྟེན་ཞིང་ལས་རྟེན་གཞིར་བརྟག་ཞིབ་བམ་ཡང་ན་གསོ་སྦྱོང་བྱེད་པར་སྐྱོད་རིམ་བཞིན་ངས་ནོར་བུ་ཕུན་ཚོགས་དང་ཐུབ་བསྟན་ཚེ་རིང་མཉམ་དུ་ཁྲིད་ནས་ཁོང་ཚོར་སྒྲིག་བཀོད་ཞིང་ལས་ཤེས་བྱ་ཤེས་རྟོགས་དང་བསྡུ་ལེན་བྱེད་པའི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་ཀྱི་ཡོད། ད་ཆ་ཁོང་ཚོས་ལས་གནས་མི་འདྲ་བར་རང་སྐྱོང་ལྗོངས་ཀྱི་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད།
            བོད་སྐྱོར་བྱེད་སྐབས་མཐོང་ཐོས་མྱོང་གསུམ་གྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་ནས་རང་ཉིད་ཀྱིས་བསྒྲུབས་པའི་ལས་ཀར་ནུས་པ་ཆེན་པོ་ལྡན་པའི་མྱོང་ཚོར་བྱུང་། གཅིག་བྱས་ན་ཞིང་ལས་དར་རྒྱས་ཆེ་བའི་ས་ཁུལ་གྱི་མི་རྣམས་ཀྱི་ངོས་ནས་བརྗོད་ན་སྒྲིག་བཀོད་ཞིང་ལས་ཞིབ་འཇུག་ནི་འབབ་འཕར་ཐོན་འཕར་ཡོང་བའི་ལག་ཆ་ཞིག་ཡིན་མོད། འོན་ཀྱང་མཚོ་བོད་ས་མཐོར་འཚོ་བ་སྐྱེལ་མཁན་མི་རྣམས་ཀྱི་ངོས་ནས་བརྗོད་ན་སྒྲིག་བཀོད་ཞིང་ལས་ནི་ཁོང་ཚོ་དེང་རབས་ཀྱི་ཐོན་སྐྱེད་དང་དེང་རབས་ཀྱི་འཚོ་བ་སྐྱེལ་སྟངས་དང་མཉམ་འདྲེས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། སྒྲིག་བཀོད་ཞིང་ལས་ཁྱབ་གདལ་བཏང་བ་བརྒྱུད་ཡུལ་མིའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་པ་མ་ཟད། ད་དུང་ཁོང་ཚོས་རྨོ་འདེབས་དང་མི་ཚེར་འཛིན་པའི་འདུ་ཤེས་ལའང་འགྱུར་ལྡོག་ཕྱིན་ཡོད། ཞིང་ལས་ལོ་ཏོག་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ལས་སྒྲོལ་ཐུབ་ལ། མི་ཚེར་ཡང་ཚད་མེད་ཀྱི་ནུས་པ་སྦྱིན་གྱི་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།