ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཧྲང་ཧའེ་ཡི་བོད་སྐྱོར་ཁག་དགུ་པས་ལྷ་རྩེ་རྫོང་དུ་བོད་སྐྱོར་ལས་དོན་སྤེལ་ཚུལ་སྐོར་རགས་ཙམ་བཀོད་པ།

སྤེལ་དུས 2022-04-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          2019ལོའི་ཟླ་7པ་ཚུན་དུ་ལྷ་རྩེ་རྫོང་དུ་བོད་སྐྱོར་བྱེད་བཞིན་པའི་ཧྲང་ཧའེ་ཡི་བོད་སྐྱོར་ཚོགས་ཆུང་གིས་ཁ་གཏད་བོད་སྐྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། ལྷ་རྩེ་རྫོང་གི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། བོད་སྐྱོར་རྣམ་གྲངས་ཁག་49ལ་ཇུས་འགོད་དང་སྐུལ་འདེད་བཏང་ནས། དུས་སྐབས་གསར་པའི“གནད་སྨིན་བོད་སྐྱོར”གྱི་ལམ་བུ་འཚོལ་ཞིབ་བྱེད་འགོ་ཚུགས།
          ཐོན་ལས་བོད་སྐྱོར་ལ་ཚད་བརྒལ་གསར་པ་བྱུང་བ།
          ལྷ་རྩེ་རྫོང་གི་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཞན་པ། ཁྲོམ་རའི་འགྲན་རྩོད་ནུས་པ་ཞན་པ་སོགས་ཀྱི་ཞན་ཆ་གསབ་ཆེད། བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ལྷ་རྩེ་རྫོང་གི་བོད་བྱ་དང་ལུག་གསོ་ཚགས་ཐོན་ལས་ལ་རོགས་སྐྱོར་བྱས་པ་དང་། བོད་བྱ་གསོ་ཚགས་ཀྱི་སྐྱོང་སྤེལ་རྟེན་གཞིར་མཁོ་བའི་སྒྲིག་ཆས་དང་། སྒོ་ང་གཙང་འཁྲུ་དང་སྲོ་སྐམ་སོགས་ཀྱི་སྒྲིག་ཆས་དེ་ཉོ་སྒྲུབ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ། སྤུས་ལེགས་བྱ་ཉོས་པ་བཅས་བྱས་པ་དང་ཆབས་ཅིག་གཞིས་ཆེན་ཤང་དུ་ལུག་གསོ་ཚགས་མཉམ་ལས་ཁང་བཙུགས་པ་དང་། གྲའུ་ཤང་མཛོ་རྭ་བའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་བཟོ་ཁང་རྒྱས་སྐྲུན་ལ་རྒྱབ་སྐྱོར་བྱས་པ། ཕར་ཆིན་རྒྱག་ཆས་དང་། དབུར་ཏི་སོགས་ཐོན་སྐྱེད་འཕྲུལ་ཆས་སྒྲིག་ཆས་དང་མ་བཅོས་རྒྱུ་ཆ་ཉོས་ནས་ལྷ་རྩེ་རྫོང་གི་ས་ཁུལ་དབུལ་པོ་དང་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་གོམ་སྟབས་མགྱོགས་སུ་བཏང་ཡོད།
          ཐོན་རྫས་ཡོད་ཀྱང་ཕྱིར་ཚོང་ཇི་ལྟར་བྱེད་དགོས་སམ། བོད་སྐྱོར་ལས་དོན་ཚོགས་ཆུང་གིས་སྔ་རྗེས་སུ་ལྷ་རྩེ་རྫོང་གི་དབུལ་སྐྱོར་གསར་སྤེལ་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སི་དང་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་དམངས་ཕན་མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་ཁེ་ལས་མང་པོ་སྒྲིག་འཛུགས་བྱས་ཏེ་ཧྲང་ཧའེ་རུ་བསྐྱོད་ནས་ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་ཁྱད་ལྡན་ཚོང་ཟོག་གི་ཚོང་འདུས་སོགས་ཀྱི་བྱེད་སྒོར་ཞུགས་ནས་ལྷ་རྩེའི་བོད་སྒོང་དང་། ཇོ་མོ་གླང་མའི་པད་ཁའི་སྣུམ། ཐང་ག སྒྲ་སྙན། ཁུ་ལུའི་ཐོན་རྫས་སོགས་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་གཙོ་གནད་འགྲེམས་ཚོང་བྱས་པ་རེད། “གོམ་སྟབས་རྗེས་མར་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱས་ཏེ། ལྷ་རྩེའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་རོགས་རམ་བྱས་ནས། ས་གནས་དེ་གའི་མི་སེར་ཕྱུག་འགྱུར་འབབ་འཕར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་ཧྲང་ཧའེ་ཡི་བོད་སྐྱོར་ཁག་དགུ་པའི་ལྷ་རྩེ་རྫོང་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་ལྷ་རྩེ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཐན་མིང་གིས་བཤད།
          སློབ་གསོའི་བོད་སྐྱོར་སླར་ཡང་སྐས་རིམ་གསར་པར་སླེབས་པ།
          གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆ་ཚང་སློབ་ཆུང་གི་སློབ་ཁང་ནང་དགེ་རྒན་ཚེ་རིང་སྒྲོལ་མས་སློབ་ཁྲིད་མཉེན་ཆས་སྤྱད་དེ་ཕྲུ་གུ་ཚོར་སློབ་ཚན《མཚོ་རླབས་ལ་ལྟ་བ》ཞེས་པ་འཁྲིད་བཞིན་འདུག “རི་མོའི་ནང་གི་མཚོ་རླབས་ཀྱི་མཛེས་ཉམས་ལ་ལྟ་བཞིན་ཕྲུ་གུ་ཚོའི་མིག་ནང་ངོ་མཚར་དང་དགའ་བས་ཁེངས་ཡོད་པ་རེད། “སྒྲིག་ཆས་གསར་པ་དེ་རིགས་ཡོད་པ་ནས་བཟུང་ང་ཚོའི་སྐད་ཡིག་སློབ་ཚན་དེ་བས་དོན་སྙིང་ལྡན་པ་དང་གསོན་ཉམས་ལྡན་པར་གྱུར་སོང”ཞེས་སློབ་ཚན་གྲོལ་རྗེས་སློབ་མ་གཡང་འཛོམས་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད།
          ན་ནིང་ཟླ་9པར་ཧྲང་ཧའེ་ཡི་བོད་སྐྱོར་ཁག་དགུ་པའི་ལྷ་རྩེ་རྫོང་གི་འབྲེལ་གཏུག་ཚོགས་ཆུང་དང་ལྷ་རྩེ་རྫོང་སློབ་གསོ་ཅུས་ཀྱི་རོགས་རམ་འོག་ལྷ་རྩེ་རྫོང་ཆ་ཚང་སློབ་ཆུང་དང་རེ་ས་སློབ་ཆུང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཁྲིད་ཐོན་ཁུངས་གྲུབ་འབྲས་ཐོབ་པའི་ངང་ནང་འདྲེན་བྱས་པ་དང་ཆབས་ཅིག འབྲེལ་ཡོད་ཀྱི་ཚོད་ལྟའི་གསོ་སྦྱོང་བྱས་ནས་སློབ་ཁང་གི་སློབ་ཁྲིད་བྱེད་སྟངས་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་ཕྲུ་གུ་ཚོས་སྐད་ཡིག་སློབ་ཚན་ལ་དེ་བས་དགའ་པོ་ཡོང་བར་བྱས་ཡོད།
          2021ལོའི་ཟླ་4པར་ཧྲང་ཧའེ་ཡི་བོད་སྐྱོར་ཁག་དགུ་པའི་ལྷ་རྩེ་རྫོང་གི་འབྲེལ་གཏུག་ཚོགས་ཆུང་གིས་ལྷ་རྩེ་རྫོང་སློབ་འབྲིང་གི་དགེ་སློབ་30སྒྲིག་འཛུགས་བྱས་ཏེ་ཧྲང་ཧའེ་རུ་བསྐྱོད་ནས“ཐོག་མའི་བསམ་འདུན་འཆང་བཞིན་མདུན་སྐྱོད་བྱེད། ཡིད་དུ་འོང་བའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད། ཧྲང་ཧའེ་དང་བོད་ལྗོངས་ཀྱི་སློབ་མས་ལག་གདང་སྦྲེལ། ལྷ་རྩེའི་གཞོན་ནུ་ལོ་ཆུང་གིས་ཧྲང་ཧའེ་ལ་ལྟ”ཞེས་པའི་བྱེད་སྒོར་ཞུགས་ནས་ཧྲང་ཧའེ་དང་བོད་ལྗོངས་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། གཞན་ཡང་ཧྲང་ཧའེ་ཡི་བོད་སྐྱོར་ཁག་དགུ་པའི་ལྷ་རྩེ་རྫོང་གི་འབྲེལ་གཏུག་ཚོགས་ཆུང་གིས་ལོ་ལྟར་སློབ་གྲྭར“པའེ་ཡུས་ལན”སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ(སློབ་རོགས)སྒོར་ཁྲི་15སྤྲད་དེ་དགེ་རྒན་གྱི་སློབ་ཁྲིད་སྤྲོ་སེམས་ལ་སྔར་བས་སྐུལ་ལྕག་བྱས་པ་དང་སློབ་མས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པར་ལྕག་སྐུལ་བྱས་ཡོད།
          སྨན་བཅོས་བོད་སྐྱོར་ལ་འཕེལ་རྒྱས་གསར་པ་བྱུང་བ།
          ཧྲང་ཧའེ་ཡི་བོད་སྐྱོར་ཁག་དགུ་པའི་ལྷ་རྩེའི་བོད་སྐྱོར་ཚོགས་ཆུང་གིས་ཐོག་མཐའ་བར་གསུམ་དུ་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ལྷ་རྩེའི་མི་དམངས་ལ་དེ་བས་སྤུས་ལེགས་ཀྱི་ཧྲང་ཧའེ་ཡི་སྨན་བཅོས་ཐོན་ཁུངས་མཁོ་འདོན་བྱེད་པར་མུ་མཐུད་གཞོལ་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ལྷག་བསམ་རྣམ་དག་གིས་དམངས་ཀྱི་སེམས་ཁྲལ་བསལ་ཡོད།
          ལོ་9ལ་སླེབས་པའི་ཟླ་བ་སྐྱིད་ལགས་ནི་ལྷ་རྩེ་རྫོང་ནས་ཡིན་པ་དང་། ཁྱིམ་ཚང་དབུལ་ལ་ས་གནས་དེ་གའི་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པའི་དབང་གིས་སྒལ་ཚིགས་གུག་པའི་ནད་གཞི་ཕོག་ཡོད་ཅིང་། ད་བར་བུ་མོ་ཆུང་ཆུང་དེར་སྨན་བཅོས་ནུས་ལྡན་ཞིག་བྱུང་མེད།
          ཧྲང་ཧའེ་ཡི་བོད་སྐྱོར་ཁག་དགུ་པའི་ཚོགས་ཆུང་གིས་གནས་ཚུལ་དེ་ཤེས་རྗེས་ཐན་མིང་གིས་འཕྲལ་མར་ཆེད་དོན་གྲོས་བསྡུར་ཚོགས་འདུ་འཚོགས་ནས་སྐྱོབ་བཅོས་ཀྱི་ཇུས་གཞི་བཟོས་པ་དང་། ལྷ་རྩེའི་ཚོགས་ཆུང་གི་ཁོངས་མི་ལྷ་རྩེ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀྲང་ཀྲོའུ་ཡིས་འཕྲལ་མར་ཁ་གཏད་རོགས་སྐྱོར་ཚན་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་གྲོང་ཤར་སྨན་ཁང་དང་མཐུན་སྦྱོར་སྦྲེལ་མཐུད་བྱས་པ་རེད།
          མིག་སྔར་གྲོང་ཤར་སྨན་ཁང་གིས་ཟླ་བ་སྐྱིད་ལགས་ལ་ཆེད་མངགས་སྨན་བཅོས་ཡོ་བྱད་བཟོས་ཏེ་སྒལ་ཚིགས་འདྲོང་བཞིན་ཡོད་པ་རེད།
          ལྷ་རྩེ་རྫོང་དུ་རྒྱུན་སྤྱོད་བོད་སྨན་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་ཡུལ་ནད་འགོག་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཧྲང་ཧའེ་ཡི་བོད་སྐྱོར་ཁག་དགུ་པའི་ལྷ་རྩེའི་ཚོགས་ཆུང་གིས་སྔ་རྗེས་སུ་བོད་སྐྱོར་མ་དངུལ་བཏང་ནས་བོད་སྨན་སྨན་སྦྱོར་ཁང་གསར་འཛུགས་བྱེད་པར་མཁོ་བའི་འབྲེལ་ཡོད་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་དང་། རིམས་འགོག་གི་གྲང་ཉར་མཛོད་ཀྱི་འཕྲོད་བསྟེན་འཕྲལ་སྡོམ་དང་འབྲེལ་བའི་སྒྲིག་ཆས་ཆ་ཚང་གསར་སྐྲུན། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་མྱུར་སྐྱོབ་རླངས་འཁོར་གཉིས་ཉོས་པ། རྫོང་མི་དམངས་སྨན་ཁང་གི་གཟུགས་པོ་བརྟག་དཔྱད་ལྟེ་གནས་སྐྲུན་པ་བཅས་བྱས་པས་ལྷ་རྩེ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།