ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ལས་རིགས་སློབ་གསོས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་

སྤེལ་དུས 2023-05-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཉེ་ཆར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གནད་དོན་གྱི་དམིགས་བསལ་སྙན་སྒྲོན་པ་ཞའོ་པའོ་ཧྥང་ཀྲི་ཡེ་སོགས་མི6གིས་གསལ་བསྒྲགས་སྤེལ་ནས། བོད་ལྗོངས་ཀྱི“ལས་རིགས་སློབ་གསོ”ཟེར་བ་དེས་བོད་ལྗོངས་ཀྱི་ཆོས་ལུགས་དང་། སྐད་རིགས། རིག་གནས་བཅས་ཀྱི་ངོས་འཛིན་གཅིག་མཐུན་ལ་གཏོར་བཤིག་བཏང་ཡོད་ཅེས་བཤད་པ་རེད། གོང་གསལ་གྱི་གཏམ་བཤད་ནང་ལས་རིགས་སློབ་གསོ་ནི་དངོས་ཕན་ཅན་གྱི་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་རྨང་གཞི་དང་ཕན་ནུས་ལ་བརྟེན་ནས་ལས་རིགས་སློབ་གསོ་དང་བོད་ལྗོངས་ཀྱི་རིག་གནས་གཉིས་ཁ་གཏད་དུ་བཞག་སྟེ། ལས་རིགས་སློབ་གསོ་དེས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཆེད་ལས་ལག་རྩལ་ཤེས་ལྡན་པ་འབོར་ཆེན་གཏོང་བ་དང་། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ། མི་དམངས་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་དོན་དངོས་སྣང་མེད་དུ་བཏང་ཡོད།    
          ལོ19ལ་སླེབས་པའི་གཡུང་དྲུང་བོད་པ་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་མཚོ་བོད་ལྕགས་ལམ་ཐོན་ལས་སློབ་གླིང་ལྕགས་ལམ་གློག་གཏོང་ལག་རྩལ་མངགས་ཐོ་འཛིན་གྲྭའི་སློབ་མ་ཡིན་ཞིང་། སློབ་ཞུགས་བྱས་མ་ཐག་ནས་བཟུང་བྱ་གཞག་གི་མདུན་ལམ་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། སློབ་གྲྭ་དེས་ཁྱབ་གདལ་བཏང་བའི་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་འབྲེལ་ཤེས་ལྡན་པ་གསོ་སྐྱོང་གི་འཆར་གཞི་ལག་ལེན་བསྟར་བ་ལས་ཕན་པ་ཐོབ་སྟེ་ལོ་གསུམ་ནང་སློབ་གྲྭ་ཐོན་རྗེས་ཁོང་གིས་འཛིན་གྲྭ་གཅིག་པའི་སློབ་གྲོགས29དང་མཉམ་དུ་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིར་ཐོན་སྐྱེད་དངོས་སྦྱོང་དང་ལས་ཞུགས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་རེད། དམིགས་ཡུལ་དང་ལས་འགན་ཁ་གསལ་ཡོད་ཅིང་། སློབ་སྦྱོང་གི་གཙོ་གནད་ཁ་གསལ་པོ་ཡོད་པས་གཡུང་དྲུང་བོད་པ་དང་སློབ་གྲོགས་ཚོའི་སེམས་ནང་སྔར་བས་བློ་རྩ་བརྟན་དུ་ཕྱིན་ཡོད་པས། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལག་ལེན་གྱི་འཇོན་ཐང་ངོ་མ་སྦྱངས་ནས་བྱང་ཆུབ་པ་བྱས་ཏེ་སླད་ཕྱིན་སྔོན་ཐོན་གྱི་ཤེས་བྱ་ཁོང་དུ་ཆུད་པ་དང་། ལག་རྩལ་གྱི་རྩ་གནད་ཤེས་རྟོགས་ཐུབ་པ། གསོན་ཤུགས་དེ་བས་ཆེ་བ་ལྡན་པ་བཅས་ཀྱི་དུས་རབས་གསར་པ་དང་བོད་ལྗོངས་གསར་པའི་སྣེ་ཁྲིད་པ་གསར་པ་ཞིག་ཏུ་འགྱུར་རྒྱུའི་སེམས་ཐག་བཅད་པ་རེད།
          ལས་རིགས་སློབ་གསོའི་འཕེལ་ཕྱོགས་ནི་དངོས་ཕན་ཅན་གྱི་ལག་རྩལ་ཤེས་ལྡན་མི་སྣ་མགྱོགས་མྱུར་ངང་གསོ་སྐྱོང་བྱ་རྒྱུ་དེ་རེད། ཐོན་ལས་དང་སློབ་གསོ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས། མངགས་ཐོ་གསོ་སྦྱོང་བཅས་མཐའ་འཁྱོངས་བྱས་ནས་ས་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་ནི་བོད་ལྗོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། འབྱུང་འགྱུར་ཁྲོམ་རའི་དགོས་མཁོ་བཅས་ལ་དམིགས་ནས་ལས་རིགས་སློབ་གསོ་ཡག་པོ་གཉེར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། འབྱུང་འགྱུར་ལས་རིགས་སློབ་གསོས་བོད་ལྗོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་ནུས་པ་ཟམ་མི་ཆད་པར་འདོན་རྒྱུ་དང་། སློབ་གསོའི་མཁོ་སྤྲོད་ཕྱོགས་དང་ཐོན་ལས་ཀྱི་དགོས་མཁོའི་ཕྱོགས་སུ་མཉམ་གཡོ་མངོན་འགྱུར་ཡོང་རྒྱུ། “རྩལ་ནུས་ལ་བརྟེན་ནས་མི་ཚེར་འགྱུར་ལྡོག་གཏོང་རྒྱུའི”ངོ་མཚར་ཆེ་བའི་བོད་ལྗོངས་ཀྱི་གཏམ་རྒྱུད་དེ་བས་མང་བ་ཐོན་རྒྱུ་བཅས་རེད།  
          ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་བོད་སྨན་སྨན་བཟོའི་འཁོར་ཁང་དུ་བོད་ལུགས་གསོ་རིག་ཆེད་ལས་ཀྱི་སློབ་མས་བོད་ལུགས་གསོ་རིག་གི་ལག་ཤེས་འཐག་རྩལ་སྦྱོང་བརྡར་བྱེད་བཞིན་ཡོད། ལག་འཐག་ནི་སྲོལ་རྒྱུན་གྱི་སྨན་བཟོའི་ལག་རྩལ་གྱི་གྲས་ཤིག་ཡིན་པའི་ཆ་ནས། དེའི་ལེགས་ཆ་ནི་སྨན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ། རང་ངོ་མས་ངལ་རྩོལ་བྱས་པ་བརྒྱུད་སློབ་གྲོགས་ཚོས་བལྟས་ན་སྟབས་བདེ་བའི་བོད་ལུགས་གསོ་རིག་གི་སྨན་རིལ་བཟོ་སླ་པོ་མེད་པ་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་ལ་གོ་བ་གཏིང་ཟབ་ལེན་ཐུབ་ཀྱི་ཡོད། ལག་ཤེས་པའི་སྙིང་སྟོབས་དེ་སྲོལ་རྒྱུན་བཟོ་རྩལ་གྱི་ལྷུ་ཚིགས་ཚང་མར་ཁྱབ་པ་བྱས་ཚེ་གཞི་ནས་ཆེད་ལས་ཀྱི་ལག་ལེན་དང་རྒྱུན་འཛིན་ཡག་ཤོས་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སློབ་གྲྭ་དེར་ལག་ཤེས་བཟོ་ལས་ཀྱི་སྨན་བཟོ་བ་ཕུད། ཐང་གའི་སྒྱུ་རྩལ་དང་། ཁྱིམ་ཆས་ཇུས་འགོད་དང་བཟོ་བ། གྱོན་ཆས་བཟོ་བ་དང་ཐོན་སྐྱེད་དོ་དམ་སོགས་ཀྱི་ཆེད་ལས་ཚང་མས་རྒྱུན་གཏན་གྱི་སློབ་ཁྲིད་ཁྲོད་སྲོལ་རྒྱུན་གྱི་བཟོ་རྩལ་ཉར་ཚགས་བྱས་ཡོད། སློབ་མས་འཇོན་ཐང་ཏན་ཏིག་སྦྱོང་བ་དང་ཆབས་ཅིག་སྲོལ་རྒྱུན་གྱི་བཟོ་རྩལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཀྱང་ཇི་མ་ཇི་བཞིན་ཉར་ཚགས་ཐུབ་ཡོད།  
          ལས་རིགས་སློབ་གསོས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་འཕེལ་རིམ་དངོས་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་སྐུལ་འདེད་ཡོ་བྱད་གལ་ཆེན་དུ་གྱུར་ཡོད། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཆེད་ལས་སློབ་གསོ་སྤེལ་ནས་སློབ་མས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ལོ་རྒྱུས་དང་། ནང་དོན། རྣམ་པ་བཅས་ཤེས་རྟོགས་ཐུབ་པ་བྱས་ནས་སློབ་མར་ལག་རྩལ་སྣ་གཅིག་ཐོབ་པ་བྱེད་པ་དང་ཆབས་ཅིག་ཁོང་ཚོས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་རང་རྟོགས་རང་བཞིན། ཧུར་ཐག་ཞུགས་པའི་རང་འགུལ་རང་བཞིན་བཅས་ལ་གསོ་སྦྱོང་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་ལས་རིགས་སློབ་གསོ་དེ་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་ཟུང་འབྲེལ་གྱིས་བོད་ལྗོངས་ཀྱི་ལས་རིགས་སློབ་གསོའི་སློབ་མའི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་པ་དང་མི་རིགས་རིག་གནས་ཀྱི་གསར་གཏོད་ནུས་པ་དང་ཆེད་ལས་ལག་རྩལ་གྱི་བྱང་ཚད་མཐོ་རུ་ཕྱིན་ཡོད།  
          ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པ་དང་བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཐོག་ལས་རིགས་སློབ་གསོའི་མདུན་ལམ་རྒྱ་ཆེ་ལ་མདུན་ལམ་ཡང་ཆེན་པོ་ཡོད།
རྩོམ་སྒྲིག་པ། སྣང་རྡོར།