ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

གོ་རབས་པ་ནི་གྲིབ་ནད་མང་དུ་འབྱུང་བའི་མི་ཚོགས་སུ་གྱུར་འདུག

སྤེལ་དུས 2024-01-30 ཡོང་ཁུངས། བདེ་ཆེན་བོད་ཡིག་དྲ་བ། རྩོམ་པ་པོ།

    ཉེ་ལམ། ཁག་དང་པོའི་གོ་རབས་པ་ནི་གྲིབ་ནད་མང་དུ་འབྱུང་བའི་མི་ཚོགས་སུ་གྱུར་འདུག་ཅེས་པའི་བརྗོད་གཞིར་དྲ་ལམ་དུ་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག  ཀླད་པའི་ཁྲག་རྩའི་མཆེད་ནད་རིག་པའི་རྒྱུ་ཆ་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ། ལོ25ཡན་གྱི་མི་ཚོགས་ལ་གྲིབ་ནད་ཕོག་པའི་ཉེན་ཁ24.9%ལ་སླེབས་ཡོད་ཅིང་། རང་རྒྱལ་དུ40%ལ་སླེབས་ཡོད། ན་གཞོན་པར་གྲིབ་ནད་ཕོག་པའི་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ་ཞེ་ན།
    འཚོ་བ་རོལ་སྟངས། འགུལ་སྐྱོད་ཉུང་བ་དང་དུས་ཡུན་རིང་པོར་གཉིད་ཆག་པ། ངལ་དུབ་ཆེ་བ་སོགས་འཚོ་བའི་གོམས་གཤིས་མི་ལེགས་པའི་དབང་གིས་ལུས་པོའི་ནུས་རྩལ་ཉམས་པ་དང་། ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ་རེད། དེང་སྐབས་ཀྱི་མི་ཚང་མས་རྒྱུན་དུ་གློག་ཀླད་དང་ཁ་པར་སོགས་ཀྱི་གློག་རྡུལ་ཐོན་རྫས་སྤྱད་ནས་དུས་ཡུན་རིང་པོར་བཟོ་ལྟ་གཅིག་གིས་བསྡད་ཚེ། མཇིང་ཚིགས་དང་རྐེད་ཚིགས་སོགས་ཀྱི་གནས་ལ་ནད་འགྱུར་བྱུང་ནས་ཁྲག་རླུང་འཁོར་སྐྱོད་ལ་གནོད་འཚེ་ཐེབས་སྲིད།
    བཟའ་བཏུང་གི་གོམས་གཤིས། བཟའ་བཏུང་གི་གོམས་གཤིས་ནི་གྲིབ་ནད་ཕོག་པའི་རྐྱེན་གཙོ་བོ་ཞིག་ཡིན། དེང་རབས་ཀྱི་འཚོ་བའི་འཕེལ་ཕྱོགས་མྱུར་ལ། ན་གཞོན་མང་པོ་ཞིག་མགྱོགས་ཟས་དང་སྐྱེལ་ཟས་སོགས་ཀྱི་སྟབས་བདེའི་ཟས་རིགས་བཟའ་རྒྱུར་དགའ་བ་དང་། ཟས་རིགས་དེ་དག་ལ་རྒྱུན་པར་སྣུམ་དང་ཚྭ་མང་ཞིང་། མངར་ཆ་ཆེན་པོ་ལྡན་པས་དུས་ཡུན་རིང་པོར་ཟོས་ཚེ་ཀླད་སྙིང་ཁྲག་རྩའི་ནད་དང་བརྗེ་ཚབ་རང་བཞིན་གྱི་ནད་སོགས་འབྱུང་བའི་ཉེན་ཁ་ཡོད།
    སེམས་ཁམས་ཀྱི་རྒྱུ་རྐྱེན། དུས་ཡུན་རིང་པོར་སེམས་འཚབ་པ་དང་སེམས་ཁུར་བྱེད་པ། གནོན་ཤུགས་ཆེ་བ་སོགས་སེམས་ཁམས་མི་ལེགས་པ་བྱུང་ན་ལུས་པོའི་ནུས་རྩལ་འཁྲུགས་ཏེ། ནད་རིགས་སྣ་ཚོགས་འབྱུང་སྲིད།
    ཀྲུང་ལུགས་གསོ་རིག་གི་གཞུང་ལུགས་ལྟར་ན། མིའི་ལུས་སྟེང་གི་གདགས་སྲིབ་དོ་མཉམ་དང་ཁྲག་རླུང་འཁོར་སྐྱོད་ནི་བདེ་ཐང་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ང་ཚོས་གཤམ་གྱི་ཕྱོགས་འགའི་ཐད་ནས་སྔོན་འགོག་བྱ་ཆོག
    བཟའ་བཏུང་སྙོམས་སྒྲིག་བྱེད་པ། བཟའ་བཏུང་ལུགས་མཐུན་སྒོས་སྙོམས་སྒྲིག་བྱས་ནས་སྔོ་ཚོད་དང་སིལ་ཏོག་མང་དུ་ཟ་དགོས་ལ། ཚིལ་མཐོ་བ་དང་ཚ་ནུས་མཐོ་བ། ཚྭ་ཚད་མཐོ་བའི་ཟས་རིགས་ཉུང་དུ་ཟ་དགོས། དུས་ཡུན་རིང་པོར་ཆང་འཐུང་བ་དང་ཐ་མག་འཐེན་པ་སོགས་ཀྱི་གོམས་གཤིས་མི་ལེགས་པ་སྔོན་འགོག་བྱེད་དགོས།
    འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་གཏོང་བ། ངལ་གསོ་བཟང་པོ་བྱེད་དགོས་ལ། གཉིད་ཆག་པ་དང་ཙོག་ཡུན་རིང་བའི་གོམས་གཤིས་ངན་པ་འདོར་དགོས། འོས་འཚམ་གྱི་སྦྱོང་བརྡར་དང་གཟུགས་གཞི་ཇེ་བདེ་རུ་གཏོང་བ། ཁྲག་རླུང་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་དགོས།
    སེམས་ཁམས་སྙོམས་སྒྲིག་བྱེད་པ། བློ་བདེ་བག་ཕེབས་ངང་གནོན་ཤུགས་ཕྱིར་འབུད་བྱེད་དགོས་ལ། བསམ་པའི་གནོན་ཤུགས་ཆེན་པོ་ཡིས་མཆིན་པ་དང་མཁལ་མའི་ནུས་པར་གནོད་པ་གཏོང་སྲིད།
    ཀྲུང་ལུགས་གསོ་རིག་གིས་སྙོམས་སྒྲིག་བྱེད་པ། མི་སྒེར་གྱི་གཟུགས་གཞི་ལ་དམིགས་ནས་ཀྲུང་ལུགས་གསོ་རིག་གི་བཅོས་ཐབས་འོས་འཚམ་གྱིས་བསྟེན་དགོས། དཔེར་ན་སྐམ་ཁབ་དང་མེ་བུམ། འཕུར་མཉེ་སོགས་བྱས་ཏེ། དོན་ལྔ་སྣོད་དྲུག་གི་ནུས་པ་སྙོམས་སྒྲིག་བྱེད་པ་དང་། ནད་རིགས་སྣ་ཚོགས་འབྱུང་བར་སྔོན་འགོག་བྱ་དགོས། །
རྩོམ་སྒྲིག་པ། སྣང་རྡོར།