ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

བོད་ལྗོངས་ནག་ཆུའི2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་འཚོག་ལ་ཉེ།

སྤེལ་དུས 2023-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས1ཉིན། གསར་འགོད་པས2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། 2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གཉིས་པ་དེ་ཟླ8པའི་ཚེས10ནས12ཉིན་བར་བོད་ལྗོངས་ནག་ཆུ་གེ་སར་རྟ་རྒྱུག་ཐང་དུ་སྤེལ་རྒྱུ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
       ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། འཆར་ཅན་རྟ་རྒྱུག་དུས་ཆེན་ནི་ནག་ཆུ་གྲོང་ཁྱེར་གྱི་ལོ་གཅིག་དུས་གཅིག་གི་རྩྭ་ཐང་གི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ཞིང་། ནག་ཆུའི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་འགྲན་བསྡུར་ཞིག་དང་མང་ཚོགས་ཀྱིས་དགའ་ཤོས་བྱེད་པའི་དུས་ཆེན་ཞིག་ཡིན་པའི་ངོས་ནས། དེ་ནི་ནག་ཆུའི་ལོ་རྒྱུས་ཡུན་རིང་ལྡན་པའི་རྩྭ་ཐང་གི་འབྲོག་པའི་རིག་གནས་དར་སྤེལ་དང་རྒྱུན་འཛིན། ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་དང་རང་བྱུང་མཛེས་ལྗོངས་གང་ལེགས་དྲིལ་བསྒྲགས་ཀྱི་སྟེགས་བུ་ཞིག་ཡིན་པར་མ་ཟད། ནག་ཆུ་གྲོང་ཁྱེར་གྱིས་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་དང་། མཛའ་གྲོགས་སྔར་ལས་ཇེ་ཟབ། སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་དང་ནག་ཆུའི་རྣམ་པ་གསར་པ་གཏོད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། 

སྐབས་གོང་མའི་བྱེད་སྒོའི་རྣམ་པ། 

སྐབས་གོང་མའི་བྱེད་སྒོའི་རྣམ་པ།
       2023ལོའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གཉིས་པས“ནག་ཆུ་གསར་པར་མདུན་སྐྱོད་ཀྱིས། དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། ཕུལ་བྱུང་རིག་གནས་འགྲེམས་འཁྲབ་དང་། སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། རྩལ་འགྲན་རྟ་རྒྱུག དངོས་ཟོག་སྤེལ་རེས། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། ཚོང་འགུགས་མ་འདྲེན། ཡུལ་སྐོར་འོས་སྦྱོར། སྒེར་འཁོར་བཏང་ནས་གནམ་མཚོར་ཡུལ་སྐོར་སྐྱོད་པའི་བྱེད་སྒོའི་རླངས་འཁོར་གཏོང་པའི་མཛད་སྒོ་སོགས་སྤེལ་བ་བརྒྱུད། བྱང་ཐང་གི་གཏིང་ཟབ་ཀྱི་རིག་གནས་རྣམ་པ་དང་མི་རིགས་ཁག་གི་བསམ་པའི་ཉམས་འགྱུར་ཕྱིར་མངོན་པ་མ་ཟད། དུས་རབས་གསར་པ་དང་དུས་བབ་གསར་པའི་འོག ནག་ཆུས་ནུས་ཤུགས་ཡོད་རྒུས་བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི་རྣམ་པ་གསར་པའང་མངོན་རྒྱུ་རེད།
       ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་རྟ་རྒྱུག་ལུས་རྩལ་གྱི་རྣམ་གྲངས་དེ་སྐབས་གོང་མའི་རྟ་རྒྱུག་རྩལ་འགྲན་གྱི་རྣམ་གྲངས་དང་བསྡུར་ན་གསར་གཏོད་དང་འཕེལ་རྒྱས་ཅུང་ཟད་བྱུང་ཡོད། སྲོལ་རྒྱུན་གྱི་རྟ་རྒྱུག་བྱེད་སྒོ་ལ་སྨི8000འགྲན་རའི་མྱུར་ཚད་འགྲན་བསྡུར་དང་། སྨི10000ཡི་འགྲན་རའི་མྱུར་ཚད་འགྲན་བསྡུར། རྟ་འགྲོས་འགྲན་བསྡུར། སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་བསྡུར། རྟ་ཐོག་ནས་ཁ་བཏགས་སྒྲུག་པའི་འཁྲབ་སྟོན་འགྲན་བསྡུར། རྟ་ཐོག་ནས་མདའ་འཕེན་པའི་འགྲན་བསྡུར་བཅས་རྣམ་གྲངས་དྲུག་ཡོད་ལ། བསྡོམས་པས་རྟ780འགྲན་བསྡུར་ལ་ཞུགས་ཡོད། སྲོལ་རྒྱུན་གྱི་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ལ་སྐྱེས་པའི་གཉའ་ཐག་འཐེན་པའི་འགྲན་བསྡུར་དང་། སྐྱེས་པ་དང་བུད་མེད་ཀྱི་རྡོ་འགྱོགས་འགྲན་བསྡུར། སྐྱེས་པ་དང་བུད་མེད་ཀྱི་འུར་རྡོ་འགྲན་བསྡུར། སྐྱེས་པ་དང་བུད་མེད་མཉམ་བསྲེས་ཀྱི་ཐག་པ་འཐེན་པའི་འགྲན་བསྡུར་བཅས་རྣམ་གྲངས་བཞི་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།