ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་འཁྲུག་ཆ་དོད། མང་ཚོགས་རིག་གནས་འཚོ་བ་ཕུན་སུམ་ཚོགས།

སྤེལ་དུས 2023-08-08 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

འདི་ནི་ས་གནས་དེ་གའི་ཞིང་འབྲོག་པའི་བདམས་ཐོན་པས་རྟ་རྩལ་འགྲན་བཞིན་པ།
       ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བཟང་བཟང་རྟ་རྒྱུག་དུས་ཆེན་སྐབས་གཉིས་པར་ཞིང་འབྲོག་པའི་བདམས་ཐོན་པ་ཚོས་བཟང་བཟང་གྲོང་རྡལ་གྱི་རྟ་རྒྱུག་ཐང་དུ་རྟའི་བང་རྩལ་འགྲན་པ་དང་རྟ་རྩལ་ངོམ་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
       ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བཟང་བཟང་གྲོང་རྡལ་གྱི་རྟ་རྒྱུག་ཐང་དུ། དགོན་སྐྱིད་སྦུག་ཤང་གི་རྟ་པ་ཀརྨ་བསོད་ནམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་། ལག་གཡོན་མས་སྲབ་མདའ་དམ་པོར་འཐེན་པ་དང་ལག་གཡས་པས་རྟ་ལྕག་གཡུག་བཞིན་མཐའ་མའི་གདོང་མཆོང་བྱེད་བཞིན་མཆིས།
       རྟ་རྒྱུག་ཐང་དུ་སྐོར་བ་ཐེངས་3རྒྱག་དགོས་པ་སྟེ་རིང་ཚད་ལ་སྤྱི་ལེ་3.5ལས་བརྒལ་བའི་རྟ་ཕོའི་བང་རྩལ་འགྲན་བསྡུར་ལ་ལོ་30ལ་སླེབས་པའི་ཀརྨ་བསོད་ནམས་དང་ཁོང་གི་འགྲན་རྟ་ཁྱུང་མོ་སེང་ནུ་མཐའ་མའི་ས་ཚིགས་སུ་ཨང་གཉིས་པར་འབྱོར། “ང་ཚོ་ཆུང་དུས་ནས་རྟ་བཞོན་རྒྱུར་ཧ་ཅང་དགའ་པོ་ཡོད། ང་ཚོ་ལོ་ལྟར་གྱི་རྟ་རྒྱུག་འགྲན་བསྡུར་སྣ་ཚོགས་ལ་ཞུགས་ཀྱི་ཡོད། ན་ནིང་ནག་ཆུ་གྲོང་ཁྱེར་གྱི་རྟ་རྒྱུག་དུས་ཆེན་ལ་ཞུགས་པ་ཡིན། བཟང་བཟང་རྟ་རྒྱུག་ནི་ངམ་རིང་རྫོང་གིས་ལོ་རེའི་དབྱར་དུས་སུ་གཉེར་བའི་འགྲན་བསྡུར་ཆེན་པོ་ཞིག་རེད”ཅེས་ཀརྨ་བསོད་ནམས་ཀྱིས་དགའ་ཚོར་ཆེན་པོས་བཤད།
       ད་ཐེངས་ཀྱི་རྟའི་བང་རྩལ་འགྲན་བསྡུར་ནང་ངམ་རིང་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་རྟ་པ་47ཞུགས་ཡོད་པ་དང་། ཁོ་ཚོའི་ཁྲོད་ཀྱི་ལོ་ན་ཆུང་ཤོས་ཀྱི་རྟ་པ་ཚེ་རིང་དོན་གྲུབ་ཀྱང་དགོན་སྐྱིད་སྦུག་ཤང་ནས་ཡིན་ཞིང་། ལོ་14ལ་སླེབས་པའི་ཁོ་པར་མཐའ་མའི་འགྲན་བསྡུར་ནང་ཨང་དང་པོ་ཐོབ་པ་རེད། “ང་ཆུང་དུས་ནས་རྟ་རྒྱུག་ལ་དགའ་པོ་ཡོད། དབྱར་གསེང་སླེབས་རིམ་བཞིན་རྟ་རྒྱུག་འགྲན་བསྡུར་ནང་ཞུགས་ཀྱི་ཡོད། སླད་ཕྱིན་ཡང་ངས་རྟ་རྒྱུག་ནང་མུ་མཐུད་ཞུགས་ཀྱི་ཡིན”ཞེས་ཚེ་རིང་དོན་གྲུབ་ཀྱིས་བཤད།
       རྟ་རྒྱུག་ལུས་རྩལ་ནི་བོད་ཀྱི་མང་ཚོགས་ཀྱིས་དགའ་ཤོས་བྱེད་པའི་ཁྱབ་རྒྱ་ཆེ་ཤོས་ཀྱི་ལུས་རྩལ་ཞིག་རེད། བཟང་བཟང་རྟ་རྒྱུག་ནི་ངམ་རིང་རྫོང་གི་སྲོལ་རྒྱུན་གྱི་མི་རིགས་འགྲན་བསྡུར་རྣམ་གྲངས་གལ་ཆེན་ཞིག་ཡིན་པས་ད་བར་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། དེ་ཡང་ངམ་རིང་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད།
       ཀརྨ་བསོད་ནམས་ཀྱི་བུ་ལྷུན་གྲུབ་པ་སངས་ཀྱིས་གཅུང་པོ་དང་མཉམ་དུ་རང་ཉིད་ཀྱི་ཨ་ཕར་དགའ་འབོད་བྱེད་བཞིན་འདུག ཁོ་པས“ང་དང་གཅུང་པོ་ལོ་ན་ཆུང་བས་རྟ་རྒྱུག་ནང་ཞུགས་ཐབས་བྲལ། འོན་ཀྱང་ཆེན་པོ་ཆགས་རྗེས་རྟ་རྒྱུག་ཐང་གི་ཕ་དང་འདྲ་བར་རྫིག་ཉམས་སྟོན་གྱི་ཡིན”ཞེས་བཤད།
       བཟང་བཟང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་ངོ་སྤྲོད་བྱས་པར། རྟ་རྒྱུག་དུས་ཆེན་རྒྱུན་མཐུད་ངང་གཉེར་བ་དེས་རྟ་རྒྱུག་རིག་གནས་དང་གནའ་སྲོལ་གྱི་འཛིན་སྐྱོང་ལ་ཕན་ཐོགས་ཡོད་ལ་མང་ཚོགས་ཀྱི་ལུས་རྩལ་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཡང་ཕན་པ་ཡོད། ངམ་རིང་རྫོང་བཟང་བཟང་རྟ་རྒྱུག་དེ་ཟླ་8ཚེས་1ནས་ཚེས་5ཉིན་བར་གཉེར་བ་དང་། དེའི་རིང་རྟ་རྒྱུག་འགྲན་བསྡུར་དང་རྟ་རྩལ་འཁྲབ་སྟོན་བྱས་པ་མ་ཟད། ད་དུང་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སོགས་ཀྱི་ལུས་རྩལ་བྱེད་སྒོ་ཡང་སྤེལ་བ་རེད།
རྩོམ་སྒྲིག་པ། སྣང་རྡོར།